བཀའ་དྲིན་རྗེས་དྲན་ཆེད་མདོ་སྔགས་གཉིས་ཀྱི་བགྲོ་གླེང་ཆེན་མོ་དབུ་འཛུགས་གནང་།

རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་མོ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མངའ་རིས་ཁམས་མཚན་གྱིས་རྗེ་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་ ༦༠༠ འཁོར་བར་བཀའ་དྲིན་རྗེས་དྲན་ཞུ་ཆེད་མདོ་སྔགས་གཉིས་ཀྱི་བགྲོ་གླེང་ཆེན་མོ་ཞིག་དབུ་འཛུགས་གནང་།

ཁ་སང་ཕྱི་ཚེས་ ༡༡ ནས་ཉིན་གྲངས་གསུམ་རིང་། རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་མོ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མངའ་རིས་ཁམས་མཚན་དུ། དེ་གའི་རིག་གཞུང་གཅེས་འཛིན་ཚོགས་པའི་གོ་སྒྲིག་འོག   ༧འཇམ་མགོན་བླ་མ་རྗེ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ་ ༦༠༠ འཁོར་བའི་དུས་དྲན་སྲུང་གཙིའི་ཆེད་མདོ་སྔགས་གཉིས་ཀྱི་བགྲོ་གླེང་ཆེན་མོ་ཞིག་དབུ་འཛུགས་གནང་ཡོད་པ་དང་། བགྲོ་གླེང་གི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་ཟུར་རི་རྫོང་སྲས་རིན་པོ་ཆེ་མཆོག་གི་དབུས། འབྲས་སྤུངས་ཁྲི་པ་རིན་པོ་ཆེ་མཆོག གྲྭ་ཚང་སྒོ་བློ་གཉིས་དང་ཤར་རྩེ་གྲྭ་ཚང་བཅས་ཀྱི་མཁན་རིན་པོ་ཆེ་རྣམ་པ། ཀུན་བདེ་གླིང་རིན་པོ་ཆེ་མཆོག པ་ཀི་ལ་རིན་པོ་ཆེ་མཆོག རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག སྒོ་མང་མཁན་ཟུར་དགེ་བཤེས་བློ་བཟང་བསམ་གཏན་མཆོག རྒྱུད་སྨད་མཁན་ཟུར་དང་བཀྲ་ཤིས་འཁྱིལ་གྱི་མཁན་པོ་ཨ་ལགས་ཡོངས་འཛིན་མཆོག དགེ་བའི་བཤེས་གཉེན་ཆེན་མོ་རྒན་ཡོན་ཏན་མཆོག གཞན་ཡང་ས་གནས་གཞིས་མགོ་དང་མོན་གྷོ་ཉེན་རྟོག་ཁང་གི་དཔོན་པོ། གདན་སའི་དགེ་འདུན་པ་རྣམ་པ་བཅས་འཛོམས་ཡོད་འདུགདེ་ཡང་མཛད་སྒོའི་ཐོག་མར་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་གྱིས་མཎྜལ་རྟེན་གསུམ་འདེགས་འབུལ་སོགས་ཞུས་རྗེས། མངའ་རིས་ཁམས་ཚན་གྱི་རིག་གཞུང་གཅེས་འཛིན་ཚོགས་པའི་ཚོགས་གཙོ་རྒན་ཆོས་འཕེལ་བཟོད་པ་ལགས་ཀྱིས། གདན་སའི་དགེ་འདུན་པ་རྣམས་ལ་གཞུང་ཆེན་ལ་སློབ་གཉེར་བྱེད་རྒྱུའི་སྐལ་བ་ལྡན་པ་འདི་༧རྗེ་བླ་མ་ཙོང་ཁ་བ་ཆེན་པོའི་བཀའ་དྲིན་ཡིན་སྐོར་དང་། ༸རྒྱལ་བའི་བཀའ་དགོངས་བཞིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་ལས་དོན་ཁག་གང་ལེགས་སྒྲུབ་དགོས་སྐོར་བརྗོད་སོང་། གཞན་ཡང་༧རྗེ་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་ ༦༠༠ འཁོར་བའི་དུས་དྲན་སྲུང་གཙི་དང་འབྲེལ། འདི་ལོའི་དགའ་ལྡན་ལྔ་མཆོད་ནས་སང་ལོའི་དགའ་ལྡན་ལྔ་མཆོད་བར་ཧི་མ་ལ་ཡའི་ནང་པ་ཡོངས་ནས་རྗེ་ཙོང་ཁ་པ་ཆེན་པོའི་བཀའ་དྲིན་རྗེས་དྲན་སྲུང་གཙི་བྱ་རྒྱུ་ཡིན་སྐོར་གྱི་གསལ་བསྒྲགས་ཀྱང་གནང་སོང་།ས་གནས་གཞིས་མགོ་ལྷག་པ་ཚེ་རིང་ལགས་ནས་བཀའ་ཤག་དང་ས་མགོ་ལས་ཁུངས་ཀྱི་ཚབ་བྱས་ནས་མཚམས་འདྲི་ཞུས་པ་དང་སྦྲགས། ད་ལན་ཧི་མ་ལ་ཡའི་ཁོངས་ནས་དགེ་འདུན་འདུས་ཚོགས་ཆེན་པོ་ཡོད་པའི་ཁམས་ཚན་ཞིག་ནས་དམིགས་བསལ་རྗེ་རིན་པོ་ཆེའི་རྗེས་དྲན་བགྲོ་གླེང་ཆེན་མོ་འདི་འདྲ་གོ་སྒྲིག་གནང་ཐུབ་པ་ནི་གཟི་བརྗིད་ཅིག་ཡིན་སྐོར་བརྗོད་པ་དང་།  མཛད་སྒོའི་མཐའ་མར་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་ཟུར་རི་རྫོང་སྲས་རིན་པོ་ཆེ་མཆོག་ནས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དེ་བཞིན་ཁོང་ཉིད་དགའ་ལྡན་ཁྲི་ཐོག་ཡིན་པའི་སྐབས་སུ་མགོ་བཙུགས་པ་སོགས་ལྷན་ཚོགས་ཀྱི་ལོ་རྒྱུས་དང་འབྲེལ། གཞུང་ལུགས་ལ་སློབ་གཉེར་བྱེད་པར་ཐོས་པ་གལ་ཆེ་ཚུལ་སོགས་ཀྱི་བཀའ་སློབ་གནང་།

ད་ཐེངས་ཀྱི་རྗེས་དྲན་བགྲོ་གླེང་འདི་བཞིན་མཁས་དབང་ཁག་དབུ་བཞུགས་ཐོག ཁམས་ཚན་རང་གི་དགེ་བཤེས་དང་སློབ་གཉེར་བ་མི་ཉུང་བ་ཞིག་གིས་སྔ་ས་ནས་མདོ་སྔགས་ཀྱི་ཆོས་ཚན་ཁག་དང་། ༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ། གཞན་ཡང་ཚན་རིག་སོགས་བརྗོད་གཞི་འདྲ་མིན་ཐད་རྩོམ་ཡིག་སྔོན་སྤེལ་གྱི་ལམ་ནས་བགྲོ་གླེང་གི་རྐང་འགན་བཞེས་ཀྱི་ཡོད་འདུག་

འཇམ་དབྱངས་སྦྱིན་པ་ལགས་ནས་གནས་ཚུལ་མཁོ་གཏོང་གནང་།

བསྐྱར་བཅོས།: ༢༠༡༩/༡༡/༡༢

Leave a Reply