དྷ་ས་ཐེག་ཆེན་གཙུག་ལག་ཁང་ལ་འདེགས་འབེབ་གློག་སྐས་བཟོ་ཡི་འདུག

བོད་མི་སྒྲིག་འཛུགས་དང་བོད་པའི་ཁྱིམ་ཚང་ཚོགས་པ་བཅས་མཉམ་རུབ་ཐོག་ཁྱོན་ཧིན་སྒོར་འབུམ་ ༢༧ ཙམ་བཏང་ནས་དྷ་ས་ཐེག་ཆེན་གཙུག་ལག་ཁང་ལ་འདེགས་འབེབ་གློག་སྐས་(Lift)བཟོ་ཡི་འདུགདྷ་ས་ཐེག་ཆེན་གཙུག་ལག་ཁང་གི་དུས་རྒྱུན་གྱི་མཇལ་སྐོར་བ་རྒན་འཁོགས་རྣམས་དང་ལྷག་པར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡར་མར་ཕེབས་བདེ་ཡོང་བའི་ཆེད་དུ། དྷ་ས་ཐེག་ཆེན་གཙུག་ལག་ཁང་ནས་ཕྱིར་ཐོན་སའི་གཡས་ཕྱོགས་ཀྱི་སྒོའི་གཞོག་དེར་འདེགས་འབེབ་གློག་སྐས་(Lift)ཤིག་བཟོ་བཞིན་འདུག་ལ། འཆར་གཞི་ལྟར་ན། གློག་སྐས་ཀྱི་སྒམ་ཆུང་གི་ཤོང་ཚད་མི་གྲངས་ ༡༣ དང་། ལྗིད་ཚད་སྤྱི་རྒྱ་ ༨༨༤ འདེགས་ཐུབ་ཀྱི་ཡོད་འདུག ཕྱི་ལོ་ ༢༠༡༨ ཟླ་ ༦ པ་ཙམ་ལ་རྒྱ་གར་གྱི་འཛུགས་བསྐྲུན་དང་གློག་སྐས་བདེ་འཇགས་ཆེད་ལས་པ་ཁག་ཅིག་ལ་ལམ་སྟོན་ཞུས་ཏེ།  ཉེ་ཆར་འདེགས་འབེབ་གློག་སྐས་ཀྱི་ཕྱིའི་བཟོ་བཀོད་ཀྱི་འཛུགས་སྐྲུན་མགོ་བཙུགས་ཏེ་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྲུབ་འཆར་ཡོད་པ་དང་། རྒྱ་གར་གྱི་གློག་སྐས་བཟོ་ལས་ཁང་ (OTIS) ལ་མངགས་ཚར་ཡོད་ཀྱང་། བཟོ་གྲྭ་དེས་གློག་སྐས་ཀྱི་སྒྲོམ་གཞི་དེ་ཏག་ཏག་ཡོད་མེད་ཞིབ་འཇུག་བྱས་ཏེ། ཟླ་བ་གཉིས་ནང་ཚུད་ལ་བཟོ་ཚར་གྱི་ཡོད་པ་དང་། ལོ་རྗེས་མའི་ཕྱི་ཟླ་ ༢ པའི་སྔོན་ཚུད་དུ་ལས་གཞི་ཆ་ཚང་འགྲུབ་འཆར་འདུག

འདི་གའི་གསར་འགོད་པས་གློག་སྐས་འཛུགས་བསྐྲུན་ཀྱི་ལས་འཆར་ཐད་རྐང་འགན་འཁུར་མཁན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་ཁང་བདག་གཉེར་ཚན་པའི་འགན་འཛིན་དངོས་གྲུབ་འོད་ཟེར་ལགས་སུ། འདེགས་འབེབ་གློག་སྐས་འཛུགས་སྐྲུན་གྱི་དགོས་དམིགས་སྐོར་དྲིས་པར་ཁོང་གིས།  སྔར་ལོ་དཔལ་ལྡན་སྲིད་སྐྱོང་མཆོག་ནས་༧སྐྱབས་མགོན་རིན་པོ་ཆེ་མཆོག་ལ་སྙན་གསེང་ཞུས་ཏེ། གཙོ་བོ་དེ་ཆོས་ཞུ་བ་མང་པོ་ཞིག་དང་ལྷག་པར་དུ་རྒན་འཁོགས་ཀྱི་དཀའ་ངལ་དང་ལྷག་པར་དུ་སྐུ་མདུན་དགུང་བབ་མཐོ་བའི་རྐྱེན་གྱིས། གསུང་ཆོས་སོགས་ཀྱི་སྐབས་ཐེམ་པ་མང་པོ་འཛེགས་དགོས་དུས་སྐུ་ངལ་ཆེན་པོ་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱིས་བཀའ་འཁྲོལ་ཐོབ་པའི་ཐོག་ནས་གློག་གི་སྐས་འཛེགས་ཤིག་འཛུགས་བསྐྲུན་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་འདེགས་འབེབ་གློག་སྐས་བརྟན་པོ་བཟོ་ཡི་ཡོད་སྐོར་ལ་ཁོང་གིས། ང་ཚོས་གལ་ཆེ་ཤོས་གློག་སྐས་དེ་ཕར་ཕྱོགས་ཀྱི་གཡང་ངོས་ལ་འཁེལ་ཡོད་སྟབས། ས་ཆར་ཞིབ་འཇུག་བྱ་རྒྱུ་དང་རྨང་གཞི་བརྟན་པོ་ཞིག་འབྱུང་རྒྱུ་ནི་ང་ཚོའི་དམིགས་ཡུལ་ལྟེ་བ་དེ་རེད། དེ་ཡག་པོ་མ་བྱུང་ཚེ་མ་འོངས་པར་ཕར་འགྱེལ་བ་དང་ས་མར་བརྡིབ་པ་སོགས་ཀྱི་ཉེན་ཁ་ཆེན་པོ་ཡོད་སྟབས། ཆེད་ལས་པ་གདན་ཞུ་བྱས་ཏེ་རྨང་གཞི་ནས་ས་ཅི་ཙམ་འདྲུ་དགོས་པ་དང་ཇི་ལྟར་བརྟན་པོ་བཟོ་དགོས་པའི་ལམ་སྟོན་གནང་བ་བཞིན། དེའི་འོག་གི་གཉེར་ཚང་ནས་ཧྥི་ཊི་ ༨ ཙམ་གྱི་གཏིང་མར་བརྐོས་ཏེ་གློག་སྐས་ཀྱི་རྨང་གཞི་བརྒྱབ་ཡོད་པ་རེད། ལྷག་པར་དུ་གློག་སྐས་དང་གཙུག་ལག་ཁང་གཉིས་ཀྱི་རྩིག་གྱང་ནང་གི་ལྕགས་མཐུད་བརྒྱབ་ཡོད་པས། སྤྱི་བཏང་ནས་རྨང་གཞི་ཡག་པོ་ཡོད་པ་དང་མཐུད་བརྒྱབ་ཡོད་པ་ལ་བརྟེན་མར་རྡིབ་པ་སོགས་ཀྱི་ཉེན་ཁ་ཆེན་པོ་ཡོད་པ་མ་རེད། ཅེས་བརྗོད་བྱུང་ལ། འདེགས་འབེབ་གློག་སྐས་གློ་བུར་དུ་མར་ཟགས་པ་སོགས་ཀྱི་རྐྱེན་ངན་བྱུང་ན་ཉེན་ཁ་ཆུང་དུ་གཏོང་ཆེད། ཧིན་སྒོར་འབུམ་ ༢ དང་ཕྱེད་ཀ་ཙམ་སྤྲད་དེ་ཉེན་སྲུང་ཐག་པ་ཞིག་ཀྱང་ཁ་སྣོན་བྱེད་ཀྱི་ཡོད་འདུག

འདི་གའི་གསར་འགོད་པ་གློག་སྐས་འཛུགས་བསྐྲུན་བྱེད་སར་ཕྱིན་སྐབས་དེར་ཡོད་དགེ་འདུན་པ་ཞིག་གིས། ང་ཚོའི་རེ་བར་སྔར་ཡོད་ཀྱི་རྡོ་སྐས་དེའི་ཐོག་འཁོར་རྒྱུག་གློག་སྐས་(Escalator elevator)ཞིག་ནས་འགྲོ་རྒྱུ་ཡོད་པ་ཞིག་བཟོ་ཐུབ་ན་བསམ་པ་དང་། ད་ལྟ་བཟོ་བཞིན་པའི་གློག་སྐས་ནི་མི་ཉུང་ཉུང་ལས་མི་ཤོང་བ་དང་སྟབས་བདེ་མིན་སྐོར་བརྗོད་སོང་བས། ས་ཁང་འགན་འཛིན་དངོས་གྲུབ་འོད་ཟེར་ལགས་སུ་འཁོར་སྐས་བཟོ་མ་ཐུབ་པའི་རྒྱུ་མཚན་དྲིས་པར་ཁོང་གིས། ཐོག་མའི་འཆར་གཞི་ལ་ཕྱོགས་གཅིག་གི་འཁོར་རྒྱུག་གློག་སྐས་ནས་ཡར་འཛེགས་རྒྱུ་དང་གཞན་དེ་ནས་མར་འབབ་ས་ཞིག་བཟོ་རྒྱུ་བྱས་ནའང་། དེའི་ཐོག་མི་ཚོ་དུས་ཐོག་ཏུ་འབབ་དགོས་པས་དཔེར་ན་རྒས་འཁོགས་ཤིག་དུས་ཐོག་དུ་འབབ་མ་ཐུབ་པ་དང་འབབ་མ་ཤེས་པ། མགོ་ཡོམ་འཁོར་བ་སོགས་བྱུང་བ་ལ་བརྟེན་ནས་ས་ལ་བརྡབས་པ་སོགས་ཀྱི་ཉེན་ཁ་ཡོད་ལ། དེ་བཞིན་གསུང་ཆོས་སྐབས་མི་མང་པོ་ཡོད་དུས་དཀའ་ངལ་མང་པོ་ཞིག་ཆགས་ཀྱི་ཡོད་པས། ད་ལྟའི་འདེགས་འབེབ་གློག་སྐས་དེ་བདེ་འཇགས་ཉེན་སྲུང་སོགས་གང་ཅིའི་ཐད་ནས་ཀྱང་ལེགས་པ་ལྟ་བུ་ཞིག་འདུག ཅེས་བརྗོད་བྱུང་།

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ལས་གཞི་དེར་ཁྱོན་འགྲོ་གྲོན་ཧིན་སྒོར་འབུམ་  ༢༧ ཙམ་སྔ་འདོན་གནང་རྩིས་ཡོད་ཀྱང་། གོ་འཇོ་བརྟན་བཞུགས་ཚོགས་ཆུང་དང་དབུ་དཀར་ཚང་ཁྱིམ་ཚང་། དེ་བཞིན་སུད་སིའི་སྒམ་པ་ཚང་ཁྱིམ་ཚང་དང་སེང་གེ་ཚང་ཁྱིམ་ཚང་བཅས་ནས་ཞལ་འདེབས་ཁྱོན་ཧིན་སྒོར་འབུམ་ ༢༦ ཙམ་ཕུལ་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཧིན་སྒོར་འབུམ་ ༡ ཙམ་ལས་གནང་མི་དགོས་པ་ལྟ་བུ་ཆགས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༡/༡༢

Leave a Reply

One thought on “དྷ་ས་ཐེག་ཆེན་གཙུག་ལག་ཁང་ལ་འདེགས་འབེབ་གློག་སྐས་བཟོ་ཡི་འདུག

  1. གཞུང་པ་ཚེ་དབང་བསོད་ནམས

    ལས་གཞི་དེ་གོང་ས་མཆོག་དང་ཁོང་གི་སྐུ་འཁོར་དང་སྐུ་སྲུང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་བླ་ཆེན་རྣམ་པ་སོགས་གནད་ཡོད་མི་སྣ་ལས་གཞན་མི་མང་དཀྱུས་མ་མཇལ་ཁ་ཞུ་མཁན་ཚང་མས་བེད་སྤྱོད་གནང་ཚེ་མགྱོགས་པོ་བེད་མེད་ཆགས་རྒྱུ་ལ་སོང་འགན་ཡོད་ཚོའི་ཐུགས་ཞིབ་ལེགས་པོ་གནང་རོགས་གནང་ཐུགས་རྗེ་ཆེ་བཀྲིན་ཆེ།