ཨ་རིའི་སྲིད་འཛིན་ཟུར་བར་ཐུགས་སྨོན་གསུང་འཕྲིན་བསྩལ།

ངོས་ཀྱིས་སྐུ་ཉིད་ནས་ལོ་མང་རིང་མི་མང་ཉམ་ཐག་རྣམས་ཀྱི་ཆེད་དུ་བློས་བཏང་གིས་རླབས་ཆེན་གྱི་ཕྱག་ལས་ཧུར་ཐག་གནང་བར་རྗེས་སུ་ཡི་རངས་དང་སྦྲགས་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད་སྐོར་གསུངས།ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇིམ་མེ་ཁར་ཊར་(Jimmy Carter)མཆོག་ཉེ་ཆར་ཁོང་གི་གཟིམ་ཤག་ནས་མར་ལྷུང་སྟེ་བརྡབ་སྐྱོན་བྱུང་བའི་རྐྱེན་གྱིས་སྨན་ཁང་དུ་བཞུགས་དགོས་བྱུང་བར་བརྟེན། ཁ་སང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་འཛིན་ཟུར་པ་མཆོག་ལ་ཐུགས་སྨོན་གསུང་འཕྲིན་ཞིག་བསྩལ་གནང་སྟེ། ངོས་ནས་སྐུ་ཉིད་མགྱོགས་མྱུར་དྲག་སྐྱེད་བྱུང་སྟེ་ནང་ལ་ལོག་ཐུབ་པའི་སྨོན་ལམ་འདེབས་ཀྱི་ཡོད་སྐོར་གསུངས་འདུག

གསུང་འཕྲིན་ནང་༧གོང་ས་མཆོག་གིས། སྐུ་ཉིད་ནས་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཡོད། ངོས་ཀྱིས་སྐུ་ཉིད་ནས་ལོ་མང་རིང་མི་མང་ཉམ་ཐག་རྣམས་ཀྱི་ཆེད་དུ་བློས་བཏང་གིས་རླབས་ཆེན་གྱི་ཕྱག་ལས་ཧུར་ཐག་གནང་བར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། སྐུ་ཉིད་ནས་ང་ཚོར་གཞན་ཕན་གྱི་ཕྱག་ལས་ཇི་ལྟར་གནང་དགོས་པའི་སྐོར་ལ་མིག་དཔེ་བཟང་པོ་བསྟན་ཡོད། ཅེས་གསུངས།

དེ་རིང་སི་ཨན་ཨན་གྱི་གནས་ཚུལ་ནང་། སྲིད་འཛིན་ཟུར་བ་ཁོང་གི་ཀླད་པར་བཤག་བཅོས་བཏང་རྗེས་ནད་གཞི་དྲག་སྐྱེད་ཡོང་གི་ཡོད་སྐོར་བརྗོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྱི་མཚན་མོར་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇིམ་མེ་ཁར་ཊར་མཆོག་བརྡབ་སྐྱོན་བྱུང་བ་ལ་བརྟེན་ནས་ཨ་རིའི་ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་གི་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས་བྱུང་ཡོད་པ་རེད།

ཕྱི་ལོ་ ༡༩༨༧  ལོར་ཨ་རིའི་སྲིད་འཛིན་ཟུར་བ་ཇིམ་མེ་ཁར་ཊར་མཆོག་གིས་༧གོང་ས་མཆོག་ལ་མཇལ་འཕྲད་ཞུས་ཡོད་པ་དང་།  ལོ་དེར་སྲིད་འཛིན་ཟུར་བ་ཁོང་རྒྱ་ནག་ནང་ཕེབས་ཏེ་ཕྱིར་ལོག་རྗེས། ལྷ་ས་ནས་བོད་མིའི་གྱེན་ལངས་ཆེན་པོ་བྱུང་ཡོད་པ་དང་། སྐབས་དེར་ཁོང་གིས། དུས་རབས་ཉི་ཤུ་བའི་མཇུག་འདིར། མི་ཞིག་གིས་རང་ཉིད་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩད་པར་བཙོན་འཇུག་བྱས་པ་ནི་བློ་ཡུལ་ནས་འདས་པ་ཞིག་རེད། ཅེས་རྒྱ་ནག་གཞུང་གིས་བོད་ནང་གང་བྱུང་འཛིན་བཟུང་དང་དྲག་གནོན་བྱས་པར་སྐྱོན་བརྗོད་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གིས་བལ་ཡུལ་གཞུང་ལ་གནོད་ཤུགས་སྤྲད་དེ་བལ་ཡུལ་བརྒྱུད་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་ཚོར་དམ་དྲག་བྱེད་བཞིན་ཡོད་སྐོར་ལ་སྐྱོན་བརྗོད་གནང་ཡོད་པ་སོགས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རེད།

ད་ལྟ་སྐུ་ཞབས་ཇིམ་མེ་ཁར་ཊར་མཆོག་ནི་དགུང་ལོ་ ༩༥ ཕེབས་ཡོད་པ་དང་།  ཁོང་གིས་ཕྱི་ལོ་  ༡༩༧༧ ལོ་ནས ༡༩༨༡ བར་ཨ་རིའི་སྲིད་འཛིན་སྐབས་ ༣༩ བ་དེ་གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༢ ལོར་ནོར་བྷེལ་ཞི་བདེ་གཟེངས་རྟགས་བཞེས། ཁོང་དང་བཟའ་ཟླ་(Eleanor Rosalynn Carter)གཉིས་ལ་བྱིས་པ་བུ་གསུམ་དང་བུ་མོ་གཅིག་བཅས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༡/༡༣

Leave a Reply