༧གོང་ས་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་བཀའ་ཆོས་གནང་རྒྱུ་ཡིན་འདུག(གསར་སྣོན)

ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༢ ཚེས་ ༢ ཉིན་ནས་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་དང་བཀའ་དབང་སོགས་ཀྱི་མཛད་འཕྲིན་ཁག་ཅིག་དབུ་འཛུགས་མཛད་རྒྱུ་ཡིན་འདུགདགའ་ལྡན་ཕོ་བྲང་ཡིག་ཚང་ནས་སྤེལ་གནང་བའི་མཛད་འཆར་ལྟར་ན། ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༢ ཚེས་ ༢ ཉིན་གནས་མཆོག་རྡོ་རྗེ་གདན་དུ། ༧གོང་ས་མཆོག་ནས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་གནང་རྒྱུ་དང་། ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོར་སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་རྒྱུ། ཕྱི་ཚེས་ ༤ ནས་ཉིན་གཉིས་རིང་རྒྱལ་སྤྱིའི་ནང་བསྟན་ལྷན་ཚོགས་ཀྱི་གོ་སྒྲིག་ཞུ་འཆར་ཡོད་པའི་ནང་བསྟན་ཚོགས་འདུའི་ཐོག་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བྲེ་སྲང་ཚེ་རིང་ལགས་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ག་དུས་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་འཆར་ཡོད་མེད་དྲིས་པར། ༧གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བསྐྱངས་རྒྱུའི་ཚེས་གྲངས་གཏན་འཁེལ་བྱུང་མེད་ནའང་། ཆིབས་བསྒྱུར་གནང་རྒྱུ་ཡིན་པ་གཏན་འཁེལ་བྱུང་ཡོད་པ་དང་། ཕྱི་ཟླ་དང་པོའི་ཟླ་མཇུག་ཙམ་ལ་ཕེབས་རྒྱུ་ཡིན་སྐོར་གསུངས་བྱུང་།

དགའ་ལྡན་ཕོ་བྲང་གི་དྲ་བའི་ཐོག་བཀོད་པའི་མཛད་འཆར་ལྟར་ན། འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་དང་། དེ་བཞིན་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་ཚུགས་ནས་ལོ་དྲུག་འཁོར་བའི་མཛད་སྒོར་དབུ་བཞུགས་གནང་རྒྱུ། དེ་བཞིན་ཕྱི་ཚེས་ ༡༥ ནས་ཉིན་གསུམ་རིང་ཕྱི་ལོ་ ༢༠༡༨ ཟླ་ ༡༢ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་སྩལ་བའི་འཇམ་དབྱངས་ཆོས་སྐོར་གྱི་འཕྲོ་སྐྱོང་མཛད་རྒྱུ་ཡིན་འདུག ཕྱི་ཚེས་ ༡༩ ཉིན་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དུ་ཕེབས་ཏེ། ལོ་ངོ་དྲུག་བརྒྱ་འཁོར་བའི་རྗེ་ཙོང་ཁ་པའི་རྗེས་དྲན་དུ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཆེན་མོར་དབུ་བཞུགས་དང་། རྗེ་ཙོང་ཁ་པ་ཆེན་པོ་སྐུ་ཞི་བར་གཤེགས་ནས་མི་ལོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོར་ཆིབས་བསྒྱུར་བསྐྱང་རྒྱུ་དང་། ཕྱི་ཚེས་ ༢༢ ཉིན་དགའ་ལྡན་དགོན་པར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་འབྲས་སྤུངས། དགའ་ལྡན་དགོན་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་འཆར་ཡོད་འདུག

གནས་ཚུལ་ཐོན་རིམ་གཉིས་པ། རྒྱ་གར་ལྷོ་ཕྱོགས་ཀྱི་མཛད་འཕྲིན་ཁག་གིས་གནས་མཆོག་རྡོ་རྗེ་གདན་གྱི་འཆར་ལོའི་མཛད་རིམ་ལ་འགྱུར་བ་ཐེབས་ཀྱི་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༡/༡༦

Leave a Reply