ཕྱི་ལོ་ ༢༠༡༩ ལོའི་ཇི་ནི་ཝ་རྒྱ་ནག་གི་ཚད་མཐོའི་འཕྲུལ་རིག་དྲག་གནོན་དང་ཆོས་དད་རང་དབང་གི་གླེང་སྟེགས་བསྡུས།

དེ་རིང་དབུ་འཛུགས་གནང་བའི་ཇི་ནི་ཝ་རྒྱ་ནག་གི་ཚད་མཐོའི་འཕྲུལ་རིག་དྲག་གནོན་དང་ཆོས་དད་རང་དབང་གི་གླེང་སྟེགས་ཐོག་༧གོང་ས་མཆོག་ནས་རྒྱ་ནག་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ནང་བཞིན་ཕྱི་གསལ་ནང་གསལ་དང་རང་དབང་གི་ཕྱོགས་སུ་འགྱུར་བ་འགྲོ་བར་ཐུགས་རེ་གནང་གི་ཡོད་སྐོར་གསུང་འཕྲིན་བསྩལ་འདུགཕྱི་ལོ་ ༢༠༡༩ ལོའི་ཇི་ནི་ཝ་རྒྱ་ནག་གི་ཚད་མཐོའི་འཕྲུལ་རིག་དྲག་གནོན་དང་ཆོས་དད་རང་དབང་གི་གླེང་སྟེགས་ (2019 Geneva Forum on China’s High-Tech Repression and Freedom of Religion) ཞེས་པའི་ཚོགས་འདུ་དེ་རིང་ནས་ཉིན་གཉིས་རིང་འཚོགས་བཞིན་ཡོད་པ་དང་། ཚོགས་འདུ་དབུ་འབྱེད་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། དམིགས་བསལ་སྐུ་མགྲོན་སུད་སི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་ཞབས་ཁར་ལོ་སོམ་མཱ་རུ་གྷ་(Carlo Sommaruga)མཆོག དེ་བཞིན་སྐུ་ཚབ་དོན་གཅོད་འཆི་རིག་འཛིན་ལགས། བོད་རྒྱལ་འབྲེལ་མོལ་གྱི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་སོགས་དང་།  དེ་བཞིན་ཕྱི་ནང་གི་གནད་ཡོད་མི་སྣ་བཅས་འཛོམས་ཡོད་འདུག

སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ཕེབས་བསུའི་འཚམས་འདྲི་དང་འབྲེལ་ནས་གསུང་བཤད་གནང་སྐབས། ད་ལྟའི་དུས་རབས་འདིར་འཕྲུལ་རིག་ལག་རྩལ་ཡར་རྒྱས་ཕྱིན་པ་དེས་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་ལ་ཕན་ཐོགས་ཀྱི་ཡོད་པ་ངེས་གཏན་རེད། འོན་ཀྱང་། འདས་པའི་ལོ་མང་རིང་། ང་ཚོས་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་རྒྱལ་ཁབ་རྒྱ་ནག་ལྟ་བུའི་དབང་བསྒྱུར་འོག སྟབས་མ་ལེགས་པ་ཞིག་ལ་འཕྲུལ་རིག་ནི་རྒྱ་ནག་གཞུང་གི་འདོད་མོས་ལྟར་སྐད་ཆ་མི་བཤད་མཁན་དང་ལས་ཀ་མི་སྒྲུབ་མཁན་ཚོར་གཉའ་གནོན་དང་ཐུབ་ཚོད་གཏོང་བྱེད་དུ་བེད་སྤྱོད་གཏོང་གི་ཡོད་པ་ཤེས་རྟོགས་བྱུང་ལ། རྒྱ་ནག་གིས་སྒྲིག་འཛུགས་རིང་བཞིན་ལྡན་པའི་འཕྲུལ་རིག་བེད་སྤྱོད་ཀྱིས། དམིགས་བསལ་བོད་དང་། ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ། ལྷོ་སོག དེ་བཞིན།  ད་ལྟ་ཉམས་དམས་སུ་འགྲོ་བཞིན་པའི་ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ནས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། དེའི་ཁྲོད་མི་རེ་རེའི་ངོ་གདོང་ངོས་འཛིན་བྱེད་ཐུབ་པ་དང་མི་སྒེར་གྱི་ཆེས་གསང་བའི་མཛུབ་རྟགས་སོགས་བསྡུ་ལེན་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གིས་འཕྲུལ་རིག་ལོག་སྤྱོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་འདི་རྒྱུ་མཚན་དང་གནས་ལུགས་ལྡན་པའི་ཐོག་ནས་མཚམས་འཇོག་མ་བྱས་ཚེ། རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་བོད་དང་སོག་པོ། ཧོང་ཀོང་། ཡུ་གུར་སོགས་ལས་བརྒལ་སྲིད་པ་ཞིག་ཡིན་སྟབས། ད་རེས་གླེང་སྟེགས་འདི་བརྒྱུད་རྒྱ་ནག་གིས་བྱ་སྤྱོད་དེ་དག་དང་འབྲེལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། རྒྱ་ནག་གིས་གསང་བའི་ལམ་ནས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་། ཆོས་ལུགས་རང་དབང་བཀག་སྡོམ་དང་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་སོགས་ཀྱི་སྐོར་གོ་རྟོགས་རྒྱ་སྐྱེད་ཐུབ་པའི་རེ་བ་ཡོད། ཅེས་བརྗོད་སོང་།དེའི་རྗེས་འཆི་མེད་རིག་འཛིན་ལགས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་སྒྲོགས་སྦྱང་ཞུས་པའི་ནང། ཐོག་མར་༧གོང་ས་མཆོག་གིས་གླེང་སྟེགས་ཐོག་ཕེབས་པའི་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས། ངོས་ནས་རྒྱུན་པར་རྒྱ་ནག་ནི་འཛམ་གླིང་རྒྱལ་ཁབ་ཁག་དང་ལྷན་དུ་འདྲིས་གཤིབ་དགོས་པའི་རྒྱལ་ཁབ་གལ་ཆེན་ཞིག་ལ་རྩི་བཞིན་ཡོད།  རྒྱལ་ཁབ་གཞན་དང་འདྲིས་གཤིབ་བྱེད་དགོས་པའི་གཞི་རྩ་དེའང་འགྲོ་བ་མིའི་གཞི་རྩའིི་རིན་ཐང་ལ་བརྩི་འཇོག་བྱེད་དགོས་པར་ཐུག་བསྡད་ཡོད། དེར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ནས་སོ་སོའི་མི་སེར་དང་རྒྱལ་སྤྱིའི་སྟེང་དྲང་བདེན་མ་ཡིན་པའི་བྱ་སྤྱོད་སྤེལ་བར་སྐྱོན་བརྗོད་བྱེད་པར་ཐེ་ཚོམ་བྱ་རྒྱུ་མེད། ངོས་ནས་གླེང་སྟེགས་འདིའི་སྟེང་རྒྱ་ནག་ནང་ཆོས་དད་རང་དབང་ལ་གནོད་ཤུགས་དང་དཀའ་ངལ་འཕྲད་བཞིན་པའི་གནད་དོན་ཁག་གསལ་འདོན་ཡོང་བར་རེ་བ་བྱེད་ཀྱིན་ཡོད། ཉེ་བའི་ལོ་ཤས་རིང་རྒྱ་ནག་ལ་འགྱུར་བ་འགྲོ་བཞིན་ཡོད་པས། ངོས་ནས་རྒྱ་ནག་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ནང་བཞིན་ཕྱི་གསལ་ནང་གསལ་དང་རང་དབང་གི་ཕྱོགས་སུ་འགྱུར་བ་འགྲོ་བའི་རེ་བ་ཡོད་ལ། རྒྱལ་སྤྱིའི་ངོས་ནས་ཀྱང་རྒྱ་ནག་ཁྲིམས་ཀྱི་དབང་སྒྱུར་དང་རང་དབང་ལ་གུས་བརྩི། དེ་བཞིན། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་ཅན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་བར་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད། དེ་ལྟར་བྱུང་བ་ཡིན་ན་རྒྱ་ནག་གི་མ་འོངས་པ་ལ་ཕན་ཐོགས་ཀྱི་ཡོད། གལ་སྲིད་འཛམ་གླིང་རྒྱལ་ཁབ་ཁག་གིས་འཆར་སྣང་འདི་ཡག་པོ་མཐོང་གི་ཡོད་པ་ཡིན་ན། དེས་འཛམ་གླིང་རྒྱལ་ཁབ་ཁག་ནས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་གཞི་རྩའི་རང་དབང་སོགས་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཀྱི་ཡོད། ཅེས་གསུངས་འདུགདེའི་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་དང་སྦྲགས། རྒྱ་ནག་གིས་མི་མང་སྟངས་འཛིན་སླད་རྒྱ་ནག་ནང་འཕྲུལ་རིག་པར་ཆས་ས་ཡ་ ༢༠ བཞག་ཡོད་པ་དང་། ཕྱི་ལོ་༢༠༡༠ ལོར་གཅིག་པུར་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནང་ཉེན་སྲུང་བརྙན་མིག་ས་ཡ་ ༡ བཙུགས་ཡོད། ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གིས་པེ་ཅིན་ཁྱོན་ཡོངས་ནང་པར་མིག་འཛུགས་ཐུབ་ཡོད་སྐོར་བསྒྲགས་ཡོད། པར་མིག་འདི་ཚོས་མི་སྒེར་གྱི་ཁྲག་རྒྱུན་དང་ངོ་གདོང་ངོས་འཛིན། མཛུབ་རྟགས་སོགས་བརྒྱུད། རྒྱ་ནག་གི་སྤྱི་ཚོགས་ཡིད་རྟོན་མ་ལག་གསར་འཛུགས་བྱས་ཡོད་པ་རེད། གལ་སྲིད་ཁྱེད་ཀྱི་སྤྱི་ཚོགས་ཡིད་རྟོན་མ་ལག་གི་སྐར་གྲངས་ཡག་པོ་ཡོད་ཚེ། ཁྱེད་རང་འགྲུལ་བཞུད་བྱེད་ཆོག་པ་དང་། གནམ་གྲུའི་འཛིན་བྱང་ཉོ་ཆོག་གི་ཡོད། གལ་སྲིད་ཁྱེད་ཀྱི་སྐར་གྲངས་ཡག་པོ་མེད་ཚེ། ཁྱེད་ཀྱིས་གནམ་གྲུའི་འཛིན་བྱང་ཉོ་ཆོག་གི་མེད། འདི་ནི་རྒྱ་ནག་མི་མང་ཚོ་ལ་རེད། བོད་པ་དང་ཡུ་གུར། སོག་པོ་ཚོར་ཆ་མཚོན་ན། གལ་སྲིད་ཁྱེད་ཀྱི་སྤྱི་ཚོགས་ཡིིད་རྟོན་མ་ལག་གི་སྐར་གྲངས་ཡག་པོ་མེད་ཚེ། ཁྱེད་ཀྱིས་གནམ་གྲུའི་འཛིན་བྱང་ཉོ་མ་དགོས་པར་བཙོན་འཇུག་བྱེད་ཀྱི་ཡོད་པ་རེད། གནད་དོན་འདི་ཞིབ་འཇུག་པ་རྣམ་པས་གླེང་སློང་གནང་གི་རེད་བསམ་ཡོད། ཅེས་དང་། རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་བྱེད་མཁན་རྒྱལ་ཁབ་པ་ཀི་སི་ཐན་དང་ལྷོ་ཨ་ཧྥེ་རི་ཁ་སོགས་སུ་འཕྲུལ་རིག་བརྒྱུད་མི་མང་སྟངས་འཛིན་བྱེད་པའི་ཤུགས་རྐྱེན་གང་སར་སླེབ་བཞིན་ཡོད་སྐོར་སོགས་གསུངས་སོང་།མཇུག་ཏུ་དམིགས་བསལ་སྐུ་མགྲོན་མཆོག་ཁར་ལོ་སོམ་མཱ་རུ་གྷ་(Carlo Sommaruga)མཆོག་གིས། འཛམ་གླིང་གི་ཕྱོགས་གཞན་ཞིག་ནས་བལྟས་ན། རྒྱ་ནག་ནང་གི་ལོ་རྒྱུས་དང་ཆབ་སྲིད། སྤྱི་ཚོགས་གང་ལ་མཚོན་ནའང་། ལོ་རྒྱུས་ནི་ཧ་ཅང་ཐལ་དྲགས་པའི་ལམ་ནས་བྲིས་འདུག་པ་དང་། འགྲོ་བ་མིའི་ཐོབ་ཐང་ནི་མི་སྒེར་དང་ཆོས་ལུགས་སྨྲ་བ། དེ་བཞིན། གྲངས་ཉུང་མི་རིགས་སོགས་ལ་ཡོད་པའི་ཡོངས་ཁྱབ་ཀྱི་ཐོབ་ཐང་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་པར་གཞུང་ཞིག་གི་སྒྲོམ་གཞི་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱུ་མཚན་འདིའི་ཐོག་ནས་ང་ཚོས་ཕྱི་ལོ་ ༡༩༤༨ ལོར་འགྲོ་བ་མིའི་ཡོངས་ཁྱབ་ཐོབ་ཐང་གསལ་བསྒྲགས་བྱས་པ་རེད་ལ། དེ་དུས་ང་ཚོས་བོད་ནི་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་གི་དམག་མི་བོད་ནང་ཡོང་སྟེ། ལོ་ན་ ༡༦ ཙམ་སོན་པའི་༧གོང་ས་ཏཱ་ལའི་བླ་མ་དང་བོད་མི་མང་གཉིས་ལ་བཙན་འཛུལ་བྱས་པ་ཤེས་ཀྱི་ཡོད་པ་མ་ཟད། དེ་ནི་ཆག་གྲུམ་གྱི་ལོ་རྒྱུས་ཤིག་གི་མགོ་བརྩམས་པ་ཡིན་པའང་ཤེས་ཀྱི་ཡོད། ཅེས་དང་། ད་ལྟ་རྒྱ་ནག་གཞུང་ནས་བོད་ནང་ཆོས་སྲིད་གཉིས་ཀྱི་ཐོག་ནས་བཙན་གནོན་གཏོང་གི་ཡོད་སྐོར་དང་། བོད་ནང་གི་བོད་མི་མང་པོ་ཞིག་སློབ་གསོ་བཅོས་སྒྱུར་ཁང་དུ་བཅུག་སྟེ་བསམ་བློར་བསྒྱུར་བཅོས་གཏོང་གི་ཡོད་པ། དེ་བཞིན། བོད་ཀྱི་ཆུ་རི་སོགས་གཙོས་པའི་རང་བྱུང་ཐོན་ཁུངས་སྔོག་འདོན་དང་ཕྱོགས་ཡོངས་ནས་དྲག་གནོན་གཏོང་གི་ཡོད་སྐོར་སོགས་གསུངས་སོང་།སང་སྲིད་སྐྱོང་མཆོག་ནས་སིད་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་དང་། གཞུང་འབྲེལ་གནད་ཡོད་མི་སྣར་ཐུག་འཕྲད་གནང་ཡོད་པ་དང་སྦྲགས། སྲིད་སྐྱོང་མཆོག་ནས་སིད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་པིར་སི་ཁ་ཧེ་མོ་(Prisca Birrer Heimo)མཆོག་དང་མཱར་ཊི་ན་མོན་ཛི་(Martina Munz)རྣམ་གཉིས་ནས། བློ་སེམས་འགྱུར་མེད་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། རྒྱ་ནག་གིས་བོད་ནང་ཆབ་སྲིད་ཀྱི་གཉའ་གནོད་དང་འགྲོ་བ་མིའི་ཐོབ་ཐང་སོགས་རྡོག་རོལ་གཏོང་གི་ཡོད་པས། སིད་སིས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་བའི་འབོད་སྐུལ་སོགས་ཞུས་ཡོད་འདུག

ཡང་ཁ་སང་སིད་སིའི་ཛུ་རིག་གྲོང་ཁྱེར་ནང་ཡོད་པའི་སུད་སིའི་ཉིན་རེའི་ཚགས་པར་གྲགས་ཅན་(Neue Zürcher Zeitung) ཞེས་པའི་ཨེ་ཤ་ཡའི་སྡེ་ཚན་གྱི་རྩོམ་སྒྲིག་པ་སྐུ་ཞབས་པ་ཊི་རི་ཀི་ཛོལ་(Patrick Zoll)ལགས་ཀྱིས་སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུས་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་ནས་བོད་རྒྱ་གྲོས་མོལ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། དེ་བཞིན། རང་ལུས་མེར་སྲེག་དང་བོད་མཐོ་སྒང་གི་ཁོར་ཡུག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་སོགས་ཀྱི་གནད་དོན་སྐོར་ལ་བཅར་འདྲི་ཞུས་པར་ལན་འདེབས་ཁ་གསལ་གནང་འདུགལས་རིམ་ལྟར་ན་ཕྱི་ཚེས་ ༡༦ ཉིན་སྲིད་སྐྱོང་མཆོག་ནས་ཛུ་རིག་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་གཏན་འཁེལ་ཡོད་པ་དང་། དེའི་རྗེས་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་(Tibet Policy and Support Act) ཞེས་པའི་ཁྲིམས་འཆར་གཏན་འབེབས་ཡོང་སླད་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཌི་སིའི་ཁུལ་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༢ ཉིན་ཁ་ན་ཌའི་ཧ་ལི་ཧྥག་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཐེངས་ ༡༡ པའི་(Halifax International Security Forum) ཐོག་མཉམ་ཞུགས་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢༦ ཉིན་སྲིད་སྐྱོང་མཆོག་གི་གཞུང་འབྲེལ་ཕྱོགས་ཕེབས་གྲུབ་སྟེ་ཕྱིར་བཞུགས་སྒར་དྷ་སར་ཕེབས་འབྱོར་གནང་འཆར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༡/༡༤

Leave a Reply