ཞུ་སྦྱོར་བ་སྤེན་པ་ཚེ་རིང་གིས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ང་གཅིག་པ་བཅད་ཁྲ་ཉམས་ལེན་གྱི་དོན་ཚན་ཀ་པ་གཞིར་བཟུང་ཁྲིམས་ཞིབ་ཁང་ལ་སྙན་ཞུ་འབུལ་རྒྱུ་ཡིན་འདུགདེ་རིང་འཛིན་སྐྱོང་བཀའ་ཤག་ནས་ཁ་མཆུ་ཨང་ ༢༠ པའི་བཅད་ཁྲ་ངོས་བཞེས་གནང་བའི་ཡིག་ཆ་རྣམས་ཆེས་མཐོའི་ཁྲིམས་ཞིབ་ཁང་བརྒྱུད་ཞུ་སྦྱོར་བར་འབྱོར་ཡོད་པ་དང་། ཞུ་སྦྱོར་བའི་ཁྲིམས་རྩོད་པར་གླ་ཡོན་ཡང་གནང་ཚར་ཡོད་སྟབས། དེ་རིང་སྔ་དྲོར་བོད་པའི་གསར་འགོད་པ་རྣམས་བཀའ་དྲུང་ཡིག་ཚང་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བཀའ་ཤག་ནས་བཅད་ཁྲའི་འབྲུ་དོན་ཉམས་ལེན་ལག་བསྟར་ཇི་བཞིན་གནང་ཡོད་མེད་སོགས་བཀའ་འདྲི་ཞུ་བར་ཕྱིན་ཡང་། བཀའ་ཤག་ནས་དེའི་ཐད་གང་ཡང་གསུང་རྒྱུ་མེད་སྐོར་གསུངས་བྱུང་ལ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྔར་རྒྱུན་ལྟར་བཅད་ཁྲ་ཉམས་ལེན་བྱས་མིན་ཐད་གསར་འགོད་པར་གསལ་བཤད་ཞུ་སྲོལ་མེད་སྐོར་གསུངས་བྱུང་།
འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལ་ཞལ་པར་བརྒྱུད་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ད་བར་དུ་ཁྲིམས་ལ་གཏུགས་གཏུགས་ནས་བཅད་ཁྲ་ཉམས་ལེན་མ་བྱས་པ་ཡིན་ན། ང་སྒེར་ལ་ཁྱད་པར་ཆེན་པོ་གང་ཡང་ཡོད་པ་མ་རེད་དེ། ཁྲིམས་ཁང་གིས་གཙང་མ་བཟོ་དགོས་པ་དེ་བཟོས་ཚར་བ་རེད། ཡིན་ན་ཡང་ཁྲིམས་ཞིབ་ཁང་གིས་བཅད་ཁྲ་གང་བཏང་བ་དེ་ལག་བསྟར་བྱེད་མཁན་རྩོད་ལན་པ་བཀའ་ཤག་ཆགས་བསྡད་ཡོད་རེད། མ་འོངས་པར་མི་སྒེར་སུ་ཡིན་ན་ཡང་ཆགས་སྲིད་པ་རེད། དེ་ཚུལ་མཐུན་གྱིས་ཉམས་ལེན་མ་བྱས་པ་ཡིན་ན། ང་ཚོའི་ཁྲིམས་ལུགས་དབང་འཛིན་གྱི་ཆེ་མཐོང་དང་ཁྲིམས་ཀྱི་དབང་བསྒྱུར་རྦད་དེ་རྩིས་མེད་ཆགས་འགྲོ་ཡི་རེད། དེར་བརྟེན། ང་ཚོས་སྙན་ཞུ་མ་འབུལ་རང་འབུལ་རེད། ཅེས་དང་། སྤྱི་ཚོགས་ལྷིང་འཇགས་ཡོང་བའི་ཆེད་དུ་བཀའ་ཤག་གིས་ཚུལ་དང་མཐུན་པའི་ཉམས་ལེན་བྱས་པ་ཡིན་ན། ང་ཚོས་ཀྱང་ལེའུ་དེ་སྒོ་བརྒྱབ་སྟེ། དེ་རིང་གི་རྐྱེན་ངན་དེ་གྲོགས་ལ་གྱུར་ནས་མ་འོངས་པར་སྤྱི་ཚོགས་ལྷིང་འཇགས་དང་ནང་ཁུལ་རྙོག་དྲ་མེད་པ་མདུན་སྐྱོད་གང་འདྲ་རྒྱག་དགོས་ཡོད་མེད་ཐོག་ལ་བསམ་བློ་གཏོང་གི་ཡོད་ཀྱང་སྒོ་རྒྱག་བཅུག་གི་མི་འདུག ཅེས་བརྗོད་བྱུང་།
བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ང་གཅིག་པ་བཅད་ཁྲ་ཉམས་ལེན་གྱི་དོན་ཚན་ཀ་པར། བཅད་ཁྲའི་འབྲུ་དོན་ལག་བསྟར་བྱེད་དགོས་པའི་གཏན་འབེབས་དུས་ཚེས་ནང་བཀའ་དཔྱད་སྒྲུབ་དགོས་མཁན་གྱོད་ཡ་སུ་རུང་ནས་ཉམས་ལེན་མ་བྱས་ན། ཉམས་ལེན་མི་བྱེད་མཁན་དེའི་ཁ་གཏད་གྱོད་ཡས་གཏན་འབེབས་དུས་ཚེས་རྫོགས་ནས་ཉིན་གྲངས་ ༣༠ ནང་ཚུད་ཁྲིམས་ཞིབ་ཁང་ལ་དེའི་སྐོར་ཡིག་ཐོག་སྙན་ཞུ་འབུལ་ཆོག་པ་ཡིན།དོན་ཚན་ (ཁ་) ༡) བཅད་ཁྲའི་དགོངས་དོན་ཉམས་ལེན་དུས་ཐོག་ལག་བསྟར་མི་བྱེད་མཁན་བྱུང་ན། དེར་ཁྲིམས་ཞིབ་ཁང་ནས་བཀའ་ཁྱབ་དང་འབྲེལ་ལག་བསྟར་བྱེད་དུ་འཇུག་རྒྱུའི་ལས་འགན་ལེན་དགོས། ལག་ལེན་དོན་འཁེལ་འབྱུང་སླད་འབྲེལ་ཆགས་བོད་མིའི་སྒྲིག་འཛུགས་མ་ལག་གང་རུང་ལ་དེའི་ཐོག་ལག་བསྟར་མཇུག་གནོན་བྱེད་དགོས་པའི་ཁྲིམས་ཞིབ་ཁང་ནས་བཀའ་ཁྱབ་གཏོང་ཆོག་པ་ཡིན། དེ་བཞིན་བཅད་ཁྲ་ཉམས་ལེན་ལག་བསྟར་དོན་འཁེལ་འབྱུང་སླད་ད་དུང་དགོས་གལ་བྱུང་ན་བཀའ་ཤག་གིས་འབྲེལ་ཆགས་གྱོད་ཡར་ས་གནས་སྤྱི་མང་ཁྲིམས་ཁང་ནས་རོགས་སྐྱོར་ལེན་ན་ཆོག་པའི་བཀོད་ཁྱབ་གཏོང་འཐུས།
༢)། གྱོད་ཡ་སུ་རུང་ནས་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དང༌། བཀའ་ཁྲ། བཀའ་ཁྱབ། བཀའ་ཤོག བཀོད་འདོམས་བཅས་ལ་བརྩི་མེད་བྱས་ཚེ། གནས་ཡུལ་གཞུང་གི་ཁྲིམས་ཐོག་ནས་འབྲེལ་བ་མེད་པའི་དོ་བདག་གང་དེར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༢༢ དང་། ༦༣། ༩༧། ༡༠༡། ༡༠༧ ནང་གསལ་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤ ནང་གསལ་གྱི་འོས་བསྡུའི་རིགས་ཀྱི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་དང་། བོད་མིའི་སྒྲིག་འཛུགས་མ་ལག་གི་གཞུང་འབྲེལ་ལས་གནས་གང་རུང་དུ་འདེམས་བསྐོ་བཀག་སྡོམ་དང་གནས་ཕབ་གནས་དབྱུང་། བོད་མིའི་སྒྲིག་འཛུགས་ཀྱི་ལྟ་རྟོག་རོགས་རམ་དང་མཐུན་འགྱུར་སྦྱོར་སྤྲོད་མཚམས་གཅོད། གཞན་གང་རུང་བཅས་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱེད་ཆོག ཁྲིམས་ཞིབ་ཁང་གིས་དེ་ལྟར་ཐག་གཅོད་བྱས་པའི་བཀའ་ཁྱབ་ཀྱི་ངོ་བཤུས་དང་སྦྲགས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཆགས་སུ་ཡིན་ལ་ལག་བསྟར་མཇུག་གནོན་བྱ་རྒྱུར་འགན་བསྐུར་བཀའ་ཁྱབ་གཏོང་རྒྱུ་དང་། བཀའ་ཁྱབ་དེའི་ངོ་བཤུས་མཁྱེན་རྟོགས་སླད་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། འབྲེལ་ཡོད་ལ་གཏོང་རྒྱུ།(ག) ༡)གྱོད་ཡ་གང་རུང་ནས་གོང་ཞུའི་དུས་བཀག་ནང་ཚུན་བཅད་ཁྲ་གཏོང་མཁན་ཁྲིམས་ཞིབ་ཁང་དེ་ནས་གོང་ཞུ་ཆོག་པའི་ཆོག་མཆན་བཀའ་འཁྲོལ་ཞུས་ཐོབ་བྱུང་བ་ཡིན་ན། ཁྲིམས་ཞིབ་ཁང་དེ་ནས་གོང་ཞུའི་དུས་བཀག་ནང་ཚུན་བཅད་ཁྲ་ཉམས་ལེན་ཕར་འགྱང་གི་བཀའ་འཁྲོལ་ཞུས་ཐོབ་དགོས།
༢) གལ་ཏེ་བཅད་ཁྲ་གཏོང་མཁན་ཁྲིམས་ཞིབ་ཁང་དེ་ནས་གོང་ཞུ་ཆོག་པའི་ཆོག་མཆན་མ་ཐོབ་པ་ཡིན་ན། གྱོད་ཡ་དེས་གོང་རིམ་ཁྲིམས་ཞིབ་ཁང་ལ་གོང་ཞུ་ཆོག་པའི་བདེ་སྙན་དང་སྦྲགས། བཅད་ཁྲ་ཉམས་ལེན་ཕར་འགྱང་གི་བཀའ་འཁྲོལ་ཞུས་ཐོབ་དགོས་པ་ཡིན།
(ང) གོང་ཞུ་བྱས་པ་ཞིག་གོང་ཞུ་བྱ་ཡུལ་ཁྲིམས་ཞིབ་ཁང་དེ་ནས་ངོས་ལེན་མ་བྱས་པའམ། ངོས་ལེན་བརྩི་མེད་དུ་བཏང་བ་ཡིན་ན། དེ་དག་གང་རུང་བྱས་པའི་ཉིན་དེ་ནས་བརྩིས་པའི་ཉིན་གྲངས་ཉི་ཤུ་ནང་ཚུད་བཅད་ཁྲའི་དགོངས་དོན་ཉམས་ལེན་ལག་བསྟར་བྱེད་དགོས་པ་ཡིན།
(ཅ) གོང་ཞུའི་ཐོབ་ཐང་ཡོད་པའི་གྱོད་པ་གཅིག་ལས་མང་བ་ཡོད་པའི་ཁྲོད་ནས་གཅིག་གམ་དུ་མས་གོང་ཞུ་བྱས་ཚེ། གོང་ཞུ་འབུལ་མཁན་ཕུད་པའི་གྱོད་ཡ་བྱིངས་ནས་གཏན་འབེབས་དུས་ཚེས་ནང་ཚུད་བཅད་ཁྲ་ཉམས་ལེན་བྱེད་དགོས་པ་ཡིན། ཞེས་གསལ་འདུག
འབྲེལ་ཡོད་གནས་ཚུལ།
བཀའ་ཤག་གི་གསལ་བསྒྲགས་ནང་བཟོད་གསོལ་ཞུས་མི་འདུག
གསར་འགོད་པ། པ་སངས་ཚེ་རིང་།