བཞུགས་སྒར་དུ་རིན་མེད་སྨན་བཅོས་ཀྱི་ལས་འགུལ་སྤེལ།

ཚོགས་པ་ཁག་ཅིག་མཉམ་འབྲེལ་ཐོག་དྷ་རམ་ས་ལ་རུ་དེ་རིང་ནས་ཉིན་གཉིས་རིང་མི་གྲངས་ཆིག་སྟོང་ལ་རིན་མེད་བརྟག་དཔྱད་དང་སྨན་སྦྱིན་གཏོང་བཞིན་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་ཀྱི་ཐེབས་རྩ་དང་བོད་ཀྱི་འབྲས་ནད་ཚོགས་པ། དེ་བཞིན། གྲོགས་མོ་ཚོགས་པ། རྒྱ་གར་གྱི་འབྲས་ནད་དང་འབྲེལ་སྨན་ཁང་ཆེ་གྲས་ལྔ་བཅས་མཉམ་འབྲེལ་གྱི་གོ་སྒྲིག་འོག བཞུགས་སྒར་ཁུལ་གྱི་མི་མང་རྣམས་ལ་རིན་མེད་བརྟན་དཔྱད་དང་སྨན་སྦྱིན་གཏོང་བའི་ཉིན་ ༢ རིང་གི་བྱ་འགུལ་ཞིག་སྤེལ་བཞིན་འདུག

ལས་འགུལ་འདིའི་སྐོར་ལ་བོད་ཀྱི་འབྲས་ནད་ཚོགས་པའི་ཚོགས་གཙོ་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས། ལས་གཞི་འདིའི་ནང་སྨན་པ་ཆེད་མཁས་པ་མང་པོ་ཡོད། བརྟག་དཔྱད་ནང་སྤྱིར་བཏང་གཅིན་སྙི་དང་ཁྲག་ཤེད། དེ་བཞིན། ལྗིད་ཚད་ལ་སོགས་པའི་གཟུགས་པོའི་བརྟག་དཔྱད་ཆ་ཚང་ཞིག་བྱེད་ཀྱི་ཡོད་ལ། དམིགས་བསལ་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ཕོ་བའི་ནད་ཤུགས་ཆེན་ཡོད་སྟབས། ཕོ་བའི་ནད་ཀྱི་སྨན་པ་དང་། བུད་མེད་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ཆེད་མཁས་སྨན་པ་གཉིས་ཡོད། གཞན་ཡང་འབྲས་ནད་དང་མིག ཨམ་ཅོག སྙིང་། སྐྱག་གཅིན་བརྟག་དཔྱད་སོགས་ཀྱི་མཐུན་རྐྱེན་ཆ་ཚང་ཡོད་པ་མ་ཟད། སྨན་ཡང་རིན་མེད་གཏོང་གི་ཡོད། ཅེས་དང་།  ད་རེས་ལས་འགུལ་འདིའི་དམིགས་ཡུལ་ནི་བོད་པའི་སྤྱི་ཚོགས་ནང་གི་ནད་གཞི་སྤྱི་དང་དམིགས་བསལ་འབྲས་ནད་སྐོར་ལ་བརྟག་དཔྱད་དང་གོ་རྟོགས་སོགས་སྤེལ་སླད་ཡིན་སྐོར་བརྗོད་བྱུང་།

ཡང་བོད་པའི་སྤྱི་ཚོགས་ནང་འབྲས་ནད་སྐོར་ལ་གོ་རྟོགས་ཞན་པོ་ཡོད་སྐོར་ལ་ཁོང་གིས། ཁ་སང་དེ་རིང་བོད་པའི་སྤྱི་ཚོགས་ནང་འབྲས་ནད་ཐོག་གོ་རྟོགས་ཆེ་རུ་འགྲོ་ཡི་འདུག ང་ཚོས་གོ་རྟོགས་སྤེལ་ཡུལ་དེ་ཚོ་ཡག་པོ་ཆགས་ཀྱི་འདུག སྔོན་མ་ཡིན་ན་བོད་པའི་སྤྱི་ཚོགས་ནང་འབྲས་ནད་ཐོག་གོ་རྟོགས་ཧ་ཅང་ཞན་པོ་འདུག སྔོན་མ་ང་ཚོའི་སྤོ་པོ་རྨོ་མོ་ཚོ་གྲོངས་འགྲོ་དུས། ཟུག་ཞེ་དྲགས་རྒྱག་གི་ཡོད་པ་དང་ན་ནས་གྲོངས་སོང་ཟེར་བ་ལས་འབྲས་ནད་ཡིན་པ་ཧ་གོ་ཡི་མེད། འོན་ཀྱང་། དེ་རིང་ཁ་སང་བརྟག་དཔྱད་ཡག་པོ་ཞིག་བྱས་ཡོང་དུས། མང་ཆེ་བ་འབྲས་ནད་ཆགས་ཀྱི་ཡོད་པ་རེད། ཕྱི་ལོ་ ༢༠༠༩ བར་གྱི་བཙན་བྱོལ་མི་མང་བསྐྱར་ཞིབ་ཞེས་པའི་ནང་བལྟས་ཡོང་དུས། ང་ཚོའི་སྤྱི་ཚོགས་ནང་མི་མང་ཆེ་བ་འབྲས་ནད་ཀྱི་རྐྱེན་པས་འདས་གྲོངས་སུ་འགྲོ་ཡི་ཡོད། ད་ལྟའི་ཆར་ཡིན་ནའང་འབྲས་ནད་བྱུང་སྟེ་གྲོངས་འགྲོ་ཡི་ཡོད་མཁན་ཧ་ཅང་མང་པོ་འབྱུང་གི་ཡོད། མི་མང་ལ་གོ་རྟོགས་ཡག་པོ་མེད་དུས་ང་ཚོས་གང་ཐུབ་ཀྱིས་འབྲས་ནད་གཙོས་པའི་སྤྱི་ཡོངས་ཀྱི་འཕྲོད་བསྟེན་ཐད་གོ་རྟོགས་སྤེལ་ཐབས་བྱེད་བཞིན་ཡོད། ཅེས་དང་།  བོད་ཀྱི་འབྲས་ནད་ཚོགས་པ་ཕྱི་ལོ་ ༢༠༡༤ ལོར་གསར་འཛུགས་བྱས་ཏེ། ད་སྔ་བར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་དང་ལྡི་ལི། དེ་བཞིན། ལྡེ་ར་ལྡུན། ལ་དྭགས་བཅས་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཏུ་འབྲས་ནད་གཙོས་པའི་འཕྲོད་བསྟེན་ཐོག་གོ་རྟོགས་ཀྱི་ལས་འགུལ་སྤེལ་ཡོད་སྐོར་དང་། མ་འོངས་པར་རྒྱ་གར་ནང་གི་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཡོད་དོ་ཅོག་ལ་གོ་རྟོགས་སྤེལ་རྒྱུའི་འཆར་གཞི་ཡོད་སྐོར་སོགས་བརྗོད་བྱུང་།

དེའི་རྗེས་གསར་འགོད་པས་གྲོགས་མོ་ཚོགས་པ་གསར་འཛུགས་གནང་མཁན་གྲས་བསྟན་འཛིན་དཔལ་ཡོན་ལགས་སུ། གྲོགས་མོ་ཚོགས་པ་ཐེངས་འདིའི་བྱ་འགུལ་ནང་མཉམ་ཞུགས་གནང་དོན་དང་། མ་འོངས་པར་ལས་དོན་ག་རེ་གནང་འཆར་ཡོད་སྐོར་སྐད་ཆ་དྲིས་སྐབས་མོས། ད་རེས་ང་ཚོ་ནད་པར་བརྟག་དཔྱད་དང་སྨན་སྦྱིན་གྱི་ལས་གཞི་འདིའི་ནང་མཉམ་ལས་བྱེད་དོན་ནི། དང་པོ་ལས་གཞི་འདི་བརྒྱུད་བུད་མེད་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་སྨན་པ་མང་པོ་ཡོང་གི་ཡོད་པ་རེད། དེར་བརྟེན། ང་ཚོས་བུད་མེད་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་གནད་དོན་མང་པོ་ཞིག་གི་ཐོག་སློབ་སྦྱོང་བྱེད་རྒྱུ་དང་། གཉིས་པ་ང་ཚོའི་བཙན་བྱོལ་ནང་གི་ཚོགས་པ་མང་པོ་ཞིག་མཉམ་ལས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་ཡོད། གང་ཡིན་ཟེར་ན། ཚོགས་པ་རེ་རེར་ཁྱད་ཆོས་མ་འདྲ་བ་རེ་ཡོད་དུས། མཉམ་ལས་བྱས་པ་ཡིན་ན་གྲུབ་འབྲས་ཡག་པོ་འདོན་ཐུབ་ཀྱི་ཡོད། གསུམ་པ་ང་ཚོས་བུད་མེད་དང་འབྲེལ་བའི་འཕྲོད་བསྟེན་ཐོག་གོ་རྟོགས་སྤེལ་རྒྱུ་བཅས་ཡིན། ཞེས་དང་། གྲོགས་མོ་ཚོགས་པས་ད་སྔ་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དམིགས་བསལ་བུད་མེད་ཀྱི་ཟླ་མཚན་སོགས་གཙོས་པའི་འཕྲོད་བསྟེན་ཐོག་གོ་རྟོགས་སྤེལ་གྱི་ཡོད་པ་དང་མ་འོངས་པའང་མུ་མཐུད་ལས་འགུལ་སྣ་ཚོགས་སྤེལ་རྒྱུ་ཡིན་སྐོར་སོགས་བརྗོད་བྱུང་།

ཐེངས་འདིའི་རིན་མེད་བརྟག་དཔྱད་དང་སྨན་སྦྱིན་གྱི་ལས་གཞིའི་ནང་རྒྱ་གར་གྱི་ཆེད་མཁས་སྨན་པ་ ༡༥ གཙོས་པའི་ཁྱོན་སྨན་པ་ ༢༠ ཙམ་དང་། བོད་ཀྱི་འབྲས་ནད་ཚོགས་པའི་ཚོགས་མི་དང་གྲོགས་མོ་ཚོགས་པ། དེ་བཞིན་དང་བླངས་ཞབས་ཞུ་བ་སོགས་ཁྱོན་མི་གྲངས་ ༥༠ ལྷག་ཡོད་པ་དང་། ལས་འགུལ་འདིའི་ནང་ཉིན་རེར་མི་གྲངས་ལྔ་བརྒྱ་རེ་བཅས་ཁྱོན་མི་གྲངས་ ༡༠༠༠ ལ་རིན་མེད་བརྟག་དཔྱད་དང་སྨན་སྦྱིན་གཏོང་འཆར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༡/༡༥

Leave a Reply