བཙོན་འོག་རྩོམ་པ་པོའི་ཉིན་མོ་སྲུང་གཙི་གནང་།

འདི་ལོར་རྒྱལ་སྤྱིའི་བཙོན་འོག་རྩོམ་པ་པོ་ལྔ་དང་རྒྱའི་བཙོན་འོག་གི་བོད་རིགས་རྩོམ་པ་པོ་ལྔ་གཙོ་བོར་གྱུར་བའི་དབང་ཆ་གཅིག་སྡུད་ཀྱི་གདུག་རྩུབ་འོག་མནར་གཅོད་མྱངས་དང་མྱོང་བཞིན་པའི་རྩོམ་པ་པོ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུས།ཁ་སང་རྒྱལ་སྤྱིའི་བཙོན་འོག་རྩོམ་པ་པོའི་ཉིན་མོ་དང་བསྟུན།  པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་ནས་ཉིན་མོ་འདི་སྲུང་གཙི་གནང་སོང་། དེ་ཡང་མདང་དགོང་ཆུ་ཚོད་ ༧ ཐོག སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག མཐོ་སློབ་དེའི་དགེ་ལས་སློབ་ཡོངས་དང་། བོད་ཀྱི་རྩོམ་པ་པོ་ཁག་ཅིག་བཅས་མཉམ་འཛོམས་ཐོག འདི་ལོར་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ནས་མིང་འདོན་གནང་བའི་རྒྱལ་སྤྱིའི་བཙོན་འོག་རྩོམ་པ་པོ་ལྔ་དང་། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་མིང་འདོན་གནང་བའི་རྒྱའི་བཙོན་འོག་གི་བོད་རིགས་རྩོམ་པ་པོ་ལྔ་བཅས་ཀྱི་ལོ་རྒྱུས་ངོ་སྤྲོད་དང་། སྙན་ངག་གྱེར་འདོན། དེ་བཞིན་སཱ་ར་མཐོ་སློབ་ཀྱི་རྩོམ་རིག་སློབ་དཔོན་འབུམ་རམས་པ་རྡོ་རྗེ་ཚེ་རིང་ལགས་ནས་རྒོལ་རྩོམ་སྐོར་དང་། རྩོམ་རིག་སློབ་དཔོན་ཨ་གནམ་བཟོད་པ་ལགས་ནས་རྩོམ་རིག་དང་སྐད་ཡིག་གི་གལ་འགངས་རང་བཞིན་སྐོར་སོགས་གཏམ་བཤད་གནང་སྟེ། དབང་ཆ་གཅིག་སྡུད་ཀྱི་གདུག་རྩུབ་འོག་ཡོད་པའི་བོད་ཀྱི་རྩོམ་པ་པོ་རྣམས་གཙོ་བོར་གྱུར་བའི་མནར་གཅོད་མྱངས་དང་མྱོང་བཞིན་པའི་རྩོམ་པ་པོ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུས་སོང་།

འདུ་འཛོམས་ཐོག་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་རྩོམ་རིག་སློབ་དཔོན་རྡོ་རྗེ་ཚེ་རིང་ལགས་ཀྱི་བོད་ཀྱི་རྒོལ་རྩོམ་སྐོར་ནས་གཏམ་བཤད་གནང་སྐབས། སྤྱིར་བོད་ནང་ཆབ་སྲིད་དང་འབྲེལ་བའི་རྩོམ་མང་པོ་ཞིག་མཐོང་རྒྱུ་ཡོད་པ་རེད། ང་ཚོ་བོད་ཀྱི་རྩོམ་རིག་ཞིབ་འཇུག་ཁྲོད་དུ་ཡང་དེ་དག་ལོགས་སུ་བཀར་ཏེ་ཞིབ་འཇུག་བྱེད་ཚུལ་དེ་འདྲ་མེད་པའི་བཟོ་ལྟ་བུ་རེད། དེའི་སྐོར་གླེང་སློང་བྱེད་མཁན་མང་པོ་ཡོད་ཀྱང་སྒྲོམ་གཞི་བསྐྲུན་ཏེ་གླེང་མཁན་མེད། ང་ཚོའི་རྩོམ་རིག་ལ་དོ་སྣང་དང་ཞིབ་འཇུག་བྱེད་མཁན་ཕལ་ཆེ་བ་བོད་ནང་ཡོད་པ་རེད། བོད་ནང་ལ་ཆབ་སྲིད་གནས་སྟངས་ཀྱི་རྐྱེན་པས་དེར་ཞིབ་འཇུག་ཞིབ་ཚགས་བྱེད་ཐབས་མེད་པ་རེད། དེ་ལྟར་སྟོབས་ཆེན་ལུང་པ་ཞིག་གིས་ལུང་པ་ཆུང་ཆུང་ལ་གཉའ་གནོན་བྱེད་ཚུལ་དེ་ལོ་རྒྱུས་ནང་ཡོང་བསྡད་པ་ཞིག་ཡིན་པ་དང་། དེ་ལྟ་བུའི་གཉའ་གནོན་འོག་ཡོད་པའི་མི་རིགས་དེས་དམག་ཤུགས་ཀྱི་ཐོག་ནས་རྒོལ་ལན་སློག་ཐུབ་ཀྱི་མེད་པར་བརྟེན། རྩོམ་རིག་བརྒྱུད་ནས་ཕ་རོལ་པོར་ཟུར་ཟ་དང་དགག་པ་སོགས་རྒྱག་གི་ཡོད་པ་རེད། འཛམ་གླིང་གི་རྩོམ་རིག་ལོ་རྒྱུས་ཁྲོད་དུ་དེ་ལྟ་བུའི་རྩོམ་རིག་མང་ཤོས་ཐོན་པའི་དུས་སྐབས་ནི་དུས་རབས་ ༡༩ དང་ ༢༠ ཆགས་ཀྱི་ཡོད་པ་རེད། བོད་དང་ཐད་ཀར་འབྲེལ་བ་མེད་ཀྱང་། དུས་སྐབས་དེ་དག་རིང་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁ། ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་མང་པོ་དབང་དུ་བསྡུས་སྐབས། ཁོ་ཚོའི་གཉའ་གནོན་འོག་ལ་ཡོད་པའི་མི་མང་པོ་ཞིག་གིས་རྩོམ་བྲིས་ཡོད་པ་དང་། དུས་རབས་ ༢༠ པའི་རྗེས་ལ་དེ་ལྟ་བུའི་རྩོམ་བྲིས་པ་ཙམ་དུ་མ་ཟད། མི་རིགས་གཞན་གྱིས་ཀྱང་དེ་ལ་དོ་སྣང་ཤུགས་ཆེ་རུ་ཕྱིན་ཏེ། མཐོ་རིམ་སློབ་གྲྭ་འགའི་ནང་རྩོམ་གྱི་རིགས་ལོགས་སུ་བཀར་ཏེ་ཞིབ་འཇུག་བྱེད་མགོ་བཙུགས་ཡོད། རྩོམ་ལུས་དེའི་རྨང་གཞི་སྐྲུན་མཁན་ཁྲོད་ནས་ཨི་སི་རལ་གྱི་གཉའ་གནོན་འོག་ཡོད་པའི་པེ་ལི་སི་ཏན་ (Palistane) གྱི་ཨེ་ཌི་ཝཌ་སི་ཡ་ཌི་ (Edward Said) དང་། ཨལ་ཇི་རི་ཡའི་ (Frantz Fanon) ལྟ་བུའི་གཉའ་གནོན་འོག་གི་མཁས་དབང་མང་པོས་དེབ་མང་པོ་བརྩམས་པ་མ་ཟད། གཉའ་གནོན་འོག་གི་རྩོམ་རིག་ལ་ལྟ་བའི་རྣམ་གཞག་ལོགས་སུ་ཕྱེས་ཏེ། དེར་བཙན་རྒྱལ་རིང་ལུགས་ཕྱི་མའི་རྩོམ་རིག་(Post Colonial Literature) ཞེས་བརྗོད་ཀྱི་ཡོད་པ་རེད། ཅེས་བརྗོད་སོང་།ཡང་ཁོང་གིས། བོད་ནང་རྩོམ་རིག་ཙམ་མ་ཟད་གཞས་མང་པོ་ཞིག་གཏོང་གི་ཡོད་པ་དང་། གཞས་ཚིག་མང་པོ་ཞིག་ནང་སྐད་ཡིག་དང་འབྲོག་པའི་འཚོ་བར་འབྲེལ་བ་ཡོད་པ། དེ་བཞིན་ཁོར་ཡུག་དང་འབྲེལ་བའི་གཞས་ཀྱང་གཏོང་གི་འདུག འོན་ཀྱང་དེ་དག་ལ་དམིགས་བསལ་ཞིབ་འཇུག་བྱེད་མཁན་དེ་འདྲ་མཐོང་མ་བྱུང་། སྤྱིར་དབྱིན་ཡུལ་གྱི་སྐྱེས་མ་ཞིག་གིས་བོད་ཀྱི་གཞས་སྣའི་ཐོག་ལ་ཞིབ་འཇུག་བྱས་པའི་དེབ་ཅིག་མཐོང་བྱུང་། འཐབ་རྩོད་ཟེར་དུས་ཕྱོགས་ཡོངས་ནས་རྟོགས་ཐུབ་ན་སྙིང་རྗེ་མོ་ཡོད་ལ། དེ་ལྟར་རྟོགས་རྒྱུ་ཡང་གལ་ཆེན་རེད། གང་ཡིན་ཟེར་ན། བཙན་རྒྱལ་ཕྱི་མའི་རྩོམ་རིག་ནང་རྙོག་དྲ་ཞིག་ཡོད་པ་རེད། དཔེར་ན་རྒྱ་གར་ལ་རང་བཙན་ཐོབ་རྗེས་ལོ་རྒྱུས་ནང་རང་བཙན་ལེན་མཁན་དེ་ཧ་ལམ་གྷན་དྷི་དང་ནེ་རུ་གཅིག་པོ་ཡིན་པ་ལྟ་བུ་བསྟན་ཡོད། སྤྱིར་འཐབ་རྩོད་ནང་རྒྱ་གར་གྱི་མི་སེར་ཚང་མ་ཚུད་ཡོད་པ་རེད། དེར་བརྟེན་དུས་ནམ་ཡང་ལོ་རྒྱུས་ཟེར་བ་དེ་སྒང་ནས་བལྟ་རྒྱུ་མེད། བོད་རང་བཙན་ཐོབ་པའི་དབང་དུ་བཏང་ན་ཡང་དེ་བོད་གཞུང་དང་དེའི་མགོ་འཁྲིད་ཁ་ཤས་ཀྱིས་ཐོབ་པ་ཞིག་མིན་པར། དེར་འཐབ་རྩོད་བྱེད་མཁན་མི་རེ་ངོ་རེ་ཡོད་པར་བརྟེན། ང་ཚོའི་སློབ་སྦྱོང་གི་བརྒྱུད་རིམ་ནང་དེ་དག་ཤེས་རྟོགས་ཐུབ་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་རེད། ཅེས་དང་། ཕྱི་ལོ་གཅིག་དགུ་དྲུག་བཅུའི་ནང་ཆུང་ན་གཞས་ཚིག་གཉིས་གསུམ་བཏང་བ་ལ་བརྟེན་ནས་བཙོན་ཁང་དུ་བཅུག་པ་དེ་འདྲ་ཡོད་པ་རེད། དེ་དག་ཀྱང་མི་རིགས་ཀྱི་འཐབ་རྩོད་ཀྱི་ཁོངས་སུ་ཡོད་པས། མགོ་ནས་གཞུག་བར་མི་མང་གིས་འཐབ་རྩོད་ག་རེ་བྱས་ཡོད་མེད་སོགས་ཞིབ་འཇུག་ནང་བཅུག་དགོས་པ་གལ་ཆེན་ཡིན། འཐབ་རྩོད་ཀྱི་ལོ་རྒྱུས་འབྲི་སྐབས་དུས་ནམ་ཡང་མགོ་བ་མ་གཏོགས་སླེབས་ཀྱི་མེད་པ་རེད། ལོ་རྒྱུས་དང་སློབ་ཚན་སོགས་ནང་མི་དཀྱུས་མར་ས་ཆ་རག་གི་མེད་པ་རེད། དེར་བརྟེན་ལོ་རྒྱུས་ལ་ལྟ་དུས་མགོ་ནས་བལྟ་རྒྱུ་མེད་པར་འོག་ནས་བལྟ་དགོས་ཀྱི་ཡོད། འོག་ཟེར་དུས་མི་མང་དཀྱུས་མ་ནས་བལྟ་དགོས་པར་འཆད་ཀྱི་ཡོད། དེ་ལྟར་བྱས་ཚེ་འཐབ་རྩོད་ཀྱི་ཕྱོགས་ཡོངས་རྫོགས་ཚུད་ཐུབ་ཀྱི་ཡོད་པ་རེད། ཅེས་སོགས་བརྗོད་སོང་།

རྩོམ་རིག་དང་སྐད་ཡིག་གི་གལ་ཆེན་རང་བཞིན་སྐོར་ལ་སཱ་ར་མཐོ་སློབ་ཀྱི་རྩོམ་རིག་སློབ་དཔོན་ཨ་གནམ་བཟོད་པ་ལགས་ཀྱིས། ང་ཚོའི་སྤྱི་ཚོགས་ནང་སྐད་ཡིག་གི་གལ་ཆེན་རང་བཞིན་སྐོར་འཆད་རྒྱུ་དེ་རྒྱུན་ལྡན་ཞིག་རེད། ང་ཚོས་གལ་ཆེན་རང་བཞིན་ཟེར་དུས་བསམ་བློའི་གཞི་འཇོག་ས་དེ་ག་རེ་རེད་ཟེར་ན། དངོས་པོ་ཞིག་ལ་བྱེད་ནུས་ཤིག་ཡོད་པ་དང། མི་དང་འབྲེལ་ས་དེ་དངོས་པོ་མིན་པར་གཙོ་བོ་དངོས་པོའི་བྱེད་ནུས་ལ་འབྲེལ་གྱི་ཡོད། མི་དེ་ཤིང་སྡོང་དང་འབྲེལ་གྱི་མེད་པར། ཤིང་སྡོང་གི་བྱེད་ནུས་ལ་འབྲེལ་གྱི་ཡོད། དེར་བརྟེན་སྐད་ཡིག་ཟེར་དུས། སྐད་ཡིག་གི་བྱེད་ནུས་རང་བཞིན་དེ་གལ་ཆེན་ཆགས་ཀྱི་ཡོད། མི་ཡི་མཚན་ཉིད་སྨྲ་བཤད་ཟེར་དུས་མི་ཡིན་མིན་གྱི་ཚད་གཞི་དེ་སྐད་ཆ་བཤད་མ་བཤད་ཀྱི་ཚད་ལ་བཞག་ཡོད་པས། སྐད་དེ་རང་ཤུགས་ཀྱིས་གལ་ཆེན་ཆགས་ཡོད། དེ་བཞིན་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་ཟེར་བ་ལྟར། སྐད་ཡིག་བརླག་ན་མི་རིགས་ཀྱི་བླ་བརླག་སོང་བ་ཡིན་པས། སྐད་ཡིག་གི་བྱེད་ནུས་ལ་བལྟས་ན་ད་གཟོད་ང་ཚོས་སྐད་ཡིག་གི་གལ་ཆེའི་རང་བཞིན་རྟོགས་ཐུབ་ཀྱི་ཡོད་སྐོར་དང་། དེའི་རྗེས་ཁོང་གིས་སྐད་ཡིག་དང་རྩོམ་རིག་བར་གྱི་འབྲེལ་བ་དང་། རྩོམ་རིག་གི་བྱེད་ནུས་སྟེང་ནས་རྩོམ་རིག་གི་གལ་ཆེན་རང་བཞིན་རྟོགས་དགོས་པ་དང་། དེ་ལྟ་བུའི་རྩོམ་རིག་གི་བྱེད་ནུས་དེ་རྩོམ་པ་པོ་དང་ཀློག་པ་པོ་གཉིས་ཀས་མཉམ་རུབ་ཀྱིས་བསྐྲུན་དགོས་སྐོར་སོགས་བརྗོད་སོང་།

མཐའ་མཇུག་དེར་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྱི་ཟུར་དཔོན་བསོད་ནམས་རྒྱལ་མཚན་ལགས་ཀྱིས། ད་རིང་འཛམ་གླིང་ནང་གི་སྨྱུག་ཚོགས་ ༡༥༠ ལྷག་གིས་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་གཙི་ཞུ་ཡི་ཡོད་པ་ལྟར། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་ཀྱང་དེ་ལྟར་བྱེད་རྒྱུ་གལ་ཆེན་ཆགས་ཡོད་པ་དང་། ལྷག་པར་དུ་ང་ཚོ་བོད་མིར་མཚོན་ན། དེ་རིང་གི་ཉིན་མོ་དེ་དང་ཁ་གཏུག་འབྲེལ་བ་ཆགས་བསྡད་ཡོད་པ་རེད། ང་ཚོ་རྩོམ་པ་པོའི་མཐུན་ཚོགས་འདིར་མཚོན་ན། རྒྱ་གར་ནང་འཛུགས་དགོས་དོན་དེ་ཡང་རང་དབང་ཤོར་བའི་རྐྱེན་གྱིས་ཡིན། དེར་བརྟེན་ང་ཚོའི་རང་དབང་ཤོར་དོན་གང་ཡིན་དང་། ང་ཚོ་དང་རྒྱ་མིའི་བར་གྱི་འགལ་ཟླ་གང་ཡིན། དོན་དངོས་ཐོག་ཕར་གཏུག་ཡོང་དུས་རིག་གཞུང་ཞིག་ལ་ཐུག་བསྡད་ཡོད་པ་རེད། རིག་གཞུང་ཞིག་ལ་ཐུག་དུས་ལུགས་སྲོལ་གོམས་གཤིས་དང་། བསམ་བློ་བཅས་ཀྱི་གདོང་ཐུག་རྒྱག་གི་ཡོད་པ་རེད། དེར་བརྟེན་གདོང་ཐུག་དེ་རིག་གཞུང་གཉིས་ལ་ཐུག་བསྡད་ཡོད་པ་རེད། རིག་གཞུང་གཉིས་འཐབ་རེས་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ང་ཚོས་རང་གི་ལུང་པ་གཡུགས་ནས་གཞན་གྱི་ལུང་པར་ཡོང་དགོས་བྱུང་བ་རེད། དེར་བརྟེན་ང་ཚོ་དེ་རིང་གི་ཉིན་མོ་འདི་དང་ཁ་གཏུག་འབྲེལ་བ་ཡོད་པ་རེད། ཅེས་སོགས་བརྗོད་སོང་།གཞན་ཡང་། ཉིན་མོ་འདི་དང་བསྟུམ་དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ཁ་སང་དགོང་དྲོའི་ཆུ་ཚོད་ ༦ ནས་ ༩ པའི་བར་དྷ་རམ་ཀོ་ཊའི་ནགས་ཚལ་ཁྲོད་དུ།  རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་རྩོམ་པ་པོ་རྣམས་ལ་རྗེས་དྲན་གྱི་ནགས་ཚལ་ཁྲོད་ཀྱི་སྙན་ངག་མཚན་ཚོགས་སྐབས་བཞི་པ་དེ་ཚོགས་སོང་བ་དང་། མཚན་ཚོགས་ཐོག་བོད་རིགས་རྩོམ་པ་པོ་དང་ལས་འགུལ་བ། དེ་བཞིན་ཕྱི་རྒྱལ་བ་སོགས་འདུ་འཛོམས་ཀྱིས་བོད་སྐད་གཙོས་པའི་དབྱིན་ཇི་དང་། ཧྥ་རན་སི། མ་ལི་ཤི་ཡའི་སྐད་ཀྱི་ཐོག་ནས་སྙན་ངག་གྱེར་འདོན་དང་། ཡང་བོད་དོན་དང་འབྲེལ་བའི་གླུ་གཞས་ལེན་པ་སོགས་ཀྱི་བྱ་འགུལ་སྤེལ་སོང་།

གསར་འགོད་པ། པ་སངས་ཚེ་རིང་། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༡/༡༦

Leave a Reply