ང་ཚོའི་བླ་མ་དགེ་བཤེས་ཚོའི་གཤེགས་རྐྱེན་དང་ཤ་ཚིལ།  ད་དུང་ལུས་རྩལ།

ཀླུ་སྨྱོན་ཧེ་རུ་ཀ

འགྲོ་བ་མིའི་འཚོ་གནས་ཀྱི་ཆེད་དུ་ཟ་མ་དང་ཆུ། མཁའ་དབུགས་དང་དྲོད་གཤེར་སོགས་མཐུན་རྐྱེན་ཧ་ཅང་མང་པོ་ཞིག་འཛོམ་དགོས་ཤིང་། ཟ་མ་ནི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་གལ་ཆེ་ཤོས་ཤིག་ཡིན་པ་སྨྲ་མི་དགོས། ཟ་མ་དེ་ཡང་རིགས་གཉིས་ཏེ་དཀར་ཟས་དང་དམར་ཟས་སོ།། འགྲོ་བ་མིའི་རིགས་ཀྱི་མེས་པོ་ནི་སྤྲ་དང་སྤྲེལ་རིགས་ཡིན་ལུགས་གནའ་དེང་གི་མི་ཚོས་བསྒྲགས་དང་སྒྲོག་བཞིན་མཆིས་པ་དེ་བདེན་ན། སྤྲ་དང་སྤྲེའུའི་རིགས་ཕལ་མོ་ཆེ་ནི་དཀར་ཟས་ལ་བསྟེན་ནས་འཚོ་གནས་བྱེད་པའི་དུད་འགྲོའི་རིགས་ཤིག་ཡིན་པ་མ་གཏོགས་ཉིན་རེའི་འཚོ་བའི་ཁྲོད་དུ་དམར་ཟས་མེད་ན་བཀྲེས་ལྟོགས་མྱོང་ནས་སྡོད་དགོས་པའི་གཅན་གཟན་གྱི་རིགས་ལས་ཐ་དད་པའོ།།

ཡིན་ན་ཡང་འགྲོ་བ་མིའི་རིགས་ཀྱིས་མེ་སོན་ཐོག་མར་རྙེད་ནས་བཟུང་སྟེ་སྲོག་ཆགས་གཞན་གྱི་ཚུར་རྒོལ་ཟློག་པ་དང་སྲོག་ཆགས་གཞན་གྱི་ཚེ་སྲོག་གཅོད་པ་གཉིས་ཀའི་ཕྱོགས་སུ་གོམ་སྟབས་ཆེན་པོ་ཞིག་སྤོས་ཏེ། སྔོན་ཆད་ཀྱི་དཀར་ཟས་ཀྱིས་བརྒྱ་ཆ་མཐོན་པོ་ཞིག་ཟིན་པའི་འཚོ་ཐབས་ལས་གྱེས་ཏེ་དམར་ཟས་བསྟེན་ཤུགས་ཆེན་པོར་གྱུར། དེ་ཡང་སྲོག་ཆགས་གཞན་གྱི་ཤ་ཚིལ་མེ་ལ་བསྲེགས་ནས་ཟོས་ན་བྲོ་བ་སྔར་ལས་ལྡབས་ཀྱིས་ཞིམ་པ་ཤེས་རྟོགས་བྱུང་བ་ནས་བཟུང་སྟེ་དམར་ཟས་ཀྱི་ཆེད་དུ་སྲོག་ཆགས་གཞན་གྱི་ཚེ་སྲོག་ལ་ཅི་མི་སྙམ་པའི་སྐྲག་ཅིང་སྐྱི་གཡའ་བའི་འཚོ་ཐབས་ཤིག་མུ་ནས་མུ་རུ་རྒྱུན་བསྐྱངས་ཏེ་འོངས།

མིའི་རིགས་ཀྱི་རིག་གནས་གོང་འཕེལ་དུ་ཕྱིན་པ་དང་བསྟུན་ཏེ་ཆོས་ལུགས་རིག་གནས་ཀྱི་དད་མོས་དང་ཉམས་ལེན་སྣ་ཚོགས་ཀྱང་སྤང་ལ་ཤ་མོ་བརྡོལ་བ་བཞིན་འཛམ་གླིང་གི་ས་ཕྱོགས་གང་སར་རྩ་བ་འབུས་ཤིང་མྱུ་གུ་ཐོགས་ཏེ་འབྲས་བུ་སྨིན་པ་དང་། ཆོས་ལུགས་ལས་གྲུབ་མཐའ་སྣ་མང་གངས་རི་ལས་ཆུ་ཕྲན་འབབ་པ་བཞིན་ཕྱོགས་གང་སར་གྱེས། ཆོས་ལུགས་དེ་དག་གི་སྟོན་པ་ཡང་རིམ་པར་བྱོན་པ་དག་གི་ཁྲོད་དུ་བདག་ཅག་གི་སྟོན་པ་གོ་ཏ་མའམ་ཤྰཀྱ་ཐུབ་དང་ཕྱི་རོལ་གཅེར་བུ་བའི་སྟོན་པ་མཧྰ་བེ་ར་གཉིས་ནི་དུད་འགྲོ་སྲོག་ཆགས་ཀྱི་ཚེ་སྲོག་གི་གལ་ཆེན་རང་བཞིན་ལ་ཐུགས་སྣང་གནང་མཁན་གྱི་སྐྱེས་བུ་རླབས་ཆེན་པོ་གཉིས་ལགས།

བདག་ཅག་གི་སྟོན་པས་ཁོང་གི་རྗེས་འཇུག་ཉན་ཐོས་ཐེག་དམན་པ་སྙིང་རྗེའི་བག་ཆགས་སྲབ་པ་དག་ལ་རྣམ་གསུམ་དག་པའི་ཤ་ཞེས་པ། རང་གི་ཆེད་དུ་རང་ངམ་གཞན་གྱིས་བསད་པ་ནང་མིའི་སྒོ་ཕྱུག་ལྟ་བུ་དང་ཁྲོམ་དུ་བཙོང་རྒྱུའི་བསད་ཤ་ལྟ་བུ་མ་ཡིན་པར། དུད་འགྲོ་གཡང་ལ་ལྷུང་བའམ་ཚེ་ཟད་ནས་ཤི་བ། ནད་ཀྱིས་མནར་ནས་ཤི་བ་ལྟ་བུའི་རིགས་རང་གི་ཆེད་དུ་བསད་པ་རང་གིས་མཐོང་བ་མ་ཡིན་པ། རང་གིས་ཐོས་པ་མ་ཡིན་པ། རང་གི་སེམས་ནང་གཞན་གྱིས་རང་གི་ཟ་མའི་ཆེད་དུ་བསད་པའི་དོགས་པ་ཙམ་ཡང་མེད་པའི་རིགས་ཟོས་ན་ཆོག་པའི་གནང་བ་བསྩལ་ཡོད། དེང་སང་དགེ་བཤེས་སུ་རློམ་པ་མང་པོས་ཁྲོམ་ན་བཤམས་པའི་ཤ་དེ་རྣམ་གསུམ་དག་པའི་ཤ་ཡིན་ཞེས་སྐད་ཅོར་མཐོན་པོས་སྒྲོག་པ་ནི་བཤན་པ་ཚོས་ཚོང་བ་དང་ཤ་གཟན་གྱི་ཆེད་དུ་བསད་པ་དང་། ཚོང་པ་ཚོས་འུ་ཅག་གི་བདུད་ཁ་འདྲེ་ལྟོ་འདིའི་ཆེད་དུ་དུད་འགྲོ་གསོད་དུ་བཅུག་པའི་རྟེན་བྱུང་འབྲེལ་ལག་མཐིལ་གྱི་རི་མོ་ལྟ་བུ་གསལ་ཞིང་གསལ་བ་འདི་རྫུན་ནག་གིས་འགེབ་ཅི་ཐུབ་བྱེད་པ་འདི་ལས་ཡ་ང་ཞིང་ཡི་མུག་པའི་མ་རྒན་དུད་འགྲོ་ཚོའི་ཚེ་སྲོག་ལ་གནོད་པའི་སྦྱོར་བ་ཞིག་གཞར་ཡང་བཙལ་ནས་རྙེད་རྒྱུ་མེད་དོ།།

སྟོན་པའི་མཛད་རྣམ་ལ་མཚོན་ན་གནས་བརྟན་སྡེ་བ་བ་ཚོར་གྲགས་པའི་ལུགས་གཅིག་དང་། ཐེག་ཆེན་པའི་ལུགས་དང་གསང་སྔགས་པའི་ལུགས་ཤིག་སྟེ་མི་འདྲ་བ་གསུམ་ཡོད་པའི་ནང་ནས། གནས་བརྟན་པ་ཚང་མས་ཁས་ལེན་མིན་མི་ཤེས་ཀྱང་ཁག་ཅིག་གིས་སྟོན་པས་མགར་བ་ཙུན་དས་ཕུལ་པའི་ཤ་མོ་འམ་ཕག་ཤ་ཞིག་མཆོད་པའི་རྗེས་སུ་གསོལ་གྲོད་བསྙུངས་པ་དང་། དེས་རྐྱེན་བྱས་ནས་སྐུ་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་ད་བར་དུ་སྟོན་པའི་རྣམ་ཐར་ལ་མཇུག་སྡོམ་ཞིག་བརྒྱབ་དང་རྒྱག་བཞིན་པ་ལགས་ཤིང་། མི་རིང་བའི་སྔོན་རྒྱ་གར་ནས་འཁྲབས་པའི་སྟོན་པའི་རྣམ་ཐར་གློག་བརྙན་ལེའུ་བཞི་ཅུ་ཞེ་གྲངས་ཤིག་ཡོད་པ་དེའི་མཇུག་ཏུ་སྟོན་པས་མགར་བ་ཙུན་དས་ཕུལ་བའི་ཤ་མོ་བཞེས་ཏེ་སྐུ་བསྙུངས་ལུགས་འཁྲབས་འདུག

འདིར་སྐབས་སུ་བབ་པ་རང་རེའི་དགེ་བཤེས་ཚོའི་ཁྲོད་དུ་ཐོས་པ་ལོ་མང་བྱས་པའི་འབྲས་བུ་འཆད་རྩོད་རྩོམ་གསུམ་གྱི་འཕྲིན་ལས་རྒྱས་སྒང་ལ་གློ་བུར་གློ་བུར་དུ་སྐུ་བསྙུངས་ནས་ཞིང་ལ་གཤེགས་འགྲོ་བ་ཧ་ཅང་མང་པོ་ཞིག་མཆིས། རང་རེའི་སྔོན་གྱི་མཁས་གྲུབ་གོང་མ་མང་པོ་ཞིག་ཀྱང་སྐུ་ཚེ་རིང་པོར་མ་བཞུགས་པ་དག་ལ་དཔྱད་ནས་རྣམ་ཐར་འབྲི་བ་པོ་ཚོས་གདུལ་བྱའི་བསོད་ནམས་ཀྱིས་མ་ལྕོགས་པ་ལྟ་བུ་ཞིག་བྲིས་ཏེ་ཁག་འགེལ་ས་གདུལ་བྱ་ཚོ་ཡིན་པ་ལྟ་བུར་འདུག་ཀྱང་། དོན་ངོ་མར་མཁས་གྲུབ་ཀྱི་བླ་མ་ཁོང་རྣམ་པའི་ངོས་ནས་ཀྱང་ཉིན་རེའི་འཚོ་བའི་ཁྲོད་ཀྱི་གསོལ་ཆས་ལ་དང་དོད་གནང་སྲོལ་དེ་ཙམ་མེད་པ་དང་། ཁྱད་པར་དུ་རང་རེའི་བོད་ལུགས་ཤ་ཚོན་པོ་དང་རྩམ་པ་སྣུམ་པོ། མར་ཇ་གར་བོ་སོགས་མཆོད་རྒྱུར་མཉེས་པོ་ཡོད་པ་འདིས་ཁོང་རྣམ་པའི་སྐུ་ཚེ་རིང་པོ་ཐུང་ངུ་དང་སྐུ་གཟུགས་ཐང་པོ་སྙུན་ཅན་དུ་བསྒྱུར་མེད་ཅེས་སུས་ཁ་ཚོན་གཅོད་ཐུབ།

རང་རེའི་འཇམ་དབྱངས་རྣམ་གསུམ་དུ་གྲགས་པའི་ས་སྐྱ་པཎ་ཆེན་དང་ཀློང་ཆེན་རབ་འབྱམས། རྗེ་ཙོང་ཁ་པ་རྣམ་པ་གསུམ་ག་ཡང་དགུང་གྲངས་དྲུག་ཅུ་ཡས་མས་ཙམ་རེ་ལས་མ་བཞུགས་པར་བསམས་ན། ཁོང་རྣམ་པ་སྐུ་ཚེ་རིང་པོར་བཞུགས་འདོད་མེད་པ་ག་ལ་ཡིན་ཏེ་བསྟན་འགྲོའི་དོན་ཆེན་ཁོང་རྣམ་པས་མཛད་པ་འདྲ་བ་ཞིག་སུས་ཀྱང་མཛད་མེད་ན་ཡང་། ཁོང་རྣམ་པས་བོད་ཀྱི་ཤ་མར་ཚྭ་གསུམ་མ་མཆོད་རང་མཆོད་ཡིན་པ་དང་། ཉེ་གནས་ཚོར་བླ་མར་གསོལ་བ་གང་ཞིག་ཕུལ་ན་སྐུ་གཟུགས་ལ་འཕྲོད་པ་ཡིན་དང་མི་འཕྲོད་པ་ཡིན་གྱི་སློབ་སྦྱོང་དང་རྒྱུས་མངའ་དེ་ཙམ་མེད་པ་ཡིན་དུས། བཞུགས་ཁྲིར་བཞུགས་ནས་དཔེ་ཁྲིད་འབའ་ཞིག་གནང་རྒྱུ་མ་གཏོགས་ཞབས་གོམ་བསྐྱོན་པ་ལྟ་བུའི་ལུས་རྩལ་གྱི་རིགས་གནང་སྲོལ་མེད་པའི་བླ་མ་རྣམ་པར་ཤ་ཚིལ་དང་རྩམ་པ་སྣུམ་པོ། མར་ཇ་ཚྭ་ཅན་སོགས་དེང་སང་གི་འཕྲོད་བསྟེན་ལ་དོ་སྣང་ཡོད་མཁན་ཚང་མས་གཡོལ་ཅི་ཐུབ་བྱེད་པའི་ཟ་མ་འདི་དག་ཉི་མ་རྟག་པར་མཆོད་དགོས་པས། གནའ་དེང་གི་གསོ་བ་རིག་པའི་གཞུང་ལུགས་ལྟར་ན་ཁོང་རྣམ་པའི་སྐུ་ལུས་ཀྱི་ཐུགས་སམ་སྙིང་དང་སྐུ་ཁྲག་སོགས་ལ་གོང་གསལ་ཟ་མ་དེ་རིགས་ཀྱིས་ཧ་ཅང་གནོད་པ་ངེས་ཅན་ཞིག་མ་ཡིན་ནམ།

རྗེ་ཙོང་ཁ་པར་མཚོན་ན་སྐབས་ཤིག་སྐུ་སྟོད་ན་བའི་སྙུང་གཞི་ཞིག་བཞེས་པར་ཐབས་མང་བསྟེན་ཀྱང་མ་ཕན་པ་ལ་རྗེ་རེ་འདའ་བས་མཚམས་སྦྱོར་མཛད་པ་བཞིན་ས་སྐྱའི་སྔགས་ཀྱི་དགེ་བཤེས་བགྲེས་པོ་ཞིག་གིས་མན་ངག་གནང་བ་བཞིན་མ་ནིང་གི་ཧ་འདོན་པའི་སྒོ་ནས་སྙུན་གསོ་མཛད་པས་ལྷག་མེད་དུ་དྭངས་ལུགས་དང་། དེ་མ་གཏོགས་རྗེ་བདག་ཉིད་ཆེན་པོ་འདིར་ཡོངས་གྲགས་སུ་སྙུང་གཞི་ལྕི་བོའི་རིགས་གང་ཡང་མེད་བཞིན་དུ་དགུང་གྲངས་རེ་གསུམ་ཙམ་ལས་མ་བཞུགས་པ་དང་། རྗེའི་ཞལ་སློབ་ཀྱི་གྲས་ནས་མཁས་གྲུབ་གཞན་པ་དག་ཀྱང་རྗེ་དགེ་འདུན་གྲུབ་པ་མ་གཏོགས་གཞན་ཕལ་མོ་ཆེ་དགུང་གྲངས་དྲུག་ཅུའི་ནང་ངམ་དེ་ལས་ཀྱང་གཞོན་པའི་སྐབས་ཞིང་དུ་གཤེགས་པ་སྟེ། མཁས་གྲུབ་རྗེ་དགུང་ལོ་ང་ལྔ་ཙམ་ལས་མ་བཞུགས་དང་། རྒྱལ་ཚབ་རྗེ་དགུང་ལོ་རེ་བརྒྱད་ཙམ། རྗེ་བཙུན་ཤེས་རབ་སེང་གེ་དགུང་གྲངས་རེ་གསུམ་ཙམ། ས་སྐྱ་པར་མཚོན་ན་ཡང་རྗེ་བཙུན་གྲགས་པ་རྒྱལ་མཚན་དགུང་གྲངས་བདུན་ཅུ་པར་ཞིང་ལ་ཕེབས་པ་མ་གཏོགས། གཞན་ས་ཆེན་ཀུན་དགའ་སྙིང་པོ་དང་བསོད་ནམས་རྩེ་མོ། ས་པཎ་དང་ཆོས་རྒྱལ་འཕགས་པ་ཚང་མ་དགུང་གྲངས་དྲུག་ཅུའི་ནང་ངམ་དེ་ལས་ཀྱང་གཞོན་པར་སྐུ་ཞི་བར་གཤེགས། བཀའ་བརྒྱུད་པར་མཚོན་ན་མར་མི་གཉིས་བརྒྱད་ཅུ་གྱ་གཉིས་རེ་དང་སྒམ་པོ་པ་བདུན་ཅུར་བཞུགས་པ་དང་། དེའི་རྗེས་ཀྱི་བླ་མ་དག་ལས་ཀརྨ་པ་སྐུ་ཕྲེང་དང་པོ་དང་གཉིས་པ། བཅུ་བཞི་པ་གསུམ་སྐུ་ན་བགྲེས་པོར་བཞུགས་པ་མ་གཏོགས་གཞན་པའི་སྐུ་ཕྲེང་མང་ཤོས་སྐུ་ན་དེ་ཙམ་བགྲེས་པོར་བཞུགས་མེད་པ་དང་། སྔ་འགྱུར་རྙིང་མ་པའི་རོང་ཟོམ་པཎ་ཌི་ཏ་ཆེན་པོ་དགུང་གྲངས་བརྒྱ་དང་བཅུ་དགུར་བཞུགས་པ་མ་གཏོགས། གཏེར་ཆེན་རྣམ་པ་དང་དེ་མ་ཡིན་པའི་གདན་ས་ཆེ་དྲུག་གི་བླ་མ་རྣམ་པའི་རྣམ་ཐར་ལ་མཇལ་ན་ཕལ་མོ་ཆེ་སྐུ་ན་མཐོན་པོར་བཞུགས་མི་འདུག

རང་རེའི་བླ་མ་གོང་མ་འདི་ཚོར་སྐུ་ཚེ་རིང་པོར་བཞུགས་པར་ཕན་པའི་ཚེ་ལྷའི་སྒོམ་བཟླས་དང་རྩ་རླུང་ཐིག་ལེའི་ཉམས་ལེན་ནི་མངའ། དགུང་གྲངས་མང་པོར་བཞུགས་ཏེ་བསྟན་འགྲོའི་དོན་ཆེན་མུ་མཐུད་དེ་མཛད་བཞེད་ནི་ཡོད། སློབ་མ་རྣམས་ཀྱིས་ཀྱང་དུས་དང་དུས་སུ་བརྟན་བཞུགས་ཕུལ་ཏེ་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་པར་གསོལ་བ་ལན་མང་དུ་བཏབ་ཀྱང་། ཅིའི་ཕྱིར་ཁོང་རྣམ་པ་ཕལ་མོ་ཆེ་དགུང་གྲངས་དྲུག་ཅུའི་གཡས་གཡོན་ནས་ཞིང་ཁམས་གཞན་དུ་གཤེགས་པར་རེད། ཅིའི་ཕྱིར། འདི་ལ་གོང་དུ་བརྗོད་པ་བཞིན་རྒྱུ་རྐྱེན་རྟེན་འབྲེལ་མང་པོ་ཞིག་ཡོད་པ་སྨྲ་མི་དགོས་ཀྱང། འཇིག་རྟེན་མིའི་ལུས་རྟེན་དུ་བཞུགས་པའི་ཁོང་རྣམ་པར་མཚོན་ན་མགོ་ནག་མིའི་ཟ་མ་དང་དེའི་ནང་ནས་ཀྱང་གདོང་དམར་བོད་ཀྱི་ཟ་མ་དག་གིས་སྐུ་ཚེ་རིང་པོར་བཞུགས་པར་ཕན་པ་ཡོད་པ་གང་ཞིག་ལ་གནོད་པ་ཡང་དེ་བཞིན་ཡོད་ཅེས་ཁ་ཚོན་བཅད་ནས་སྨྲ་ནུས།

བདག་གིས་ལོ་བཅུ་གྲངས་ས་སྐྱའི་བླ་མ་འཇམ་རྒྱལ་ཞུ་བའི་རྣམ་ཐར་གདོང་ཐོག་རིན་པོ་ཆེའི་ལག་བྲིས་མ་ཞིག་མཇལ་ཞིང་། དེའི་ནང་དུ་བླ་མ་ཞིག་གིས་བླ་མ་གཞན་ཞིག་གི་ཞབས་ཞུ་བ་ཚོར། ཁྱེད་ཚོས་བླ་མར་གསོལ་ཇ་སྐོལ་དུས་ཡང་ཡང་གདུ་རུ་ཆུགས། ས་འདིའི་ཆུ་ངན་པས་བླ་མའི་སྐུ་ལ་སྙུང་གཞི་ཕོག་ཉེན་ཡོད་ཅེས་གསུངས་པ་ཞིག་དྲན་སོང་། བོད་ཀྱི་བླ་མའི་རྣམ་ཐར་ནང་འདི་ལྟ་བུའི་བཟའ་བཏུང་གིས་བླ་མའི་སྐུ་ཚེ་ལ་ཐད་ཀར་ཕན་གནོད་ཡོད་ལུགས་གསུངས་པ་ཞིག་ཧ་ཅང་མཇལ་དཀའ་ཞིང་། རག་ར་རིན་པོ་ཆེས་བརྩམས་པའི་དགེ་ཆོས་ཀྱི་རྣམ་ཐར་ནང་དུ། ཉག་རོང་ཟླ་བ་བཟང་པོས་དགེ་འདུན་ཆོས་འཕེལ་ལ་ཨ་རག་གཟན་འོག་ཏུ་སྦས་ནས་ཡོང་སྟེ་ཡང་ཡང་བཀྱགས་ནས་རང་དོན་དཔེ་ཁྲིད་ཞུ་རྐྱང་མ་གཏོགས། དགེ་ཆོས་ཀྱི་སྐུ་གཟུགས་འཕྲོད་བསྟེན་ལ་དོ་སྣང་བྱེད་ཀྱི་མི་འདུག་ཅེས་གསུང་སྐད་ཤོར་བ་ཞིག་ཀྱང་དྲན་ཡོང་།

ངའི་ཕ་ཡུལ་དང་འབྲེལ་བ་ཧ་ཅང་ཟབ་པའི་བླ་བྲང་བཀྲ་ཤིས་འཁྱིལ་བར་མཚོན་ན་ཡང་དགེ་བཤེས་མང་པོ་ཞིག་ཤ་མོག་བཟོ་བར་མཁས་པའི་སྐད་གྲགས་ཡོད་ལ། དགེ་བཤེས་མང་པོ་ཞིག་དགུང་ལོ་མཐོན་པར་བཞུགས་པ་ཡང་འདུག་མོད། བླ་བྲང་ལ་མཚོན་ན་དགེ་བཤེས་ཚོར་དགོན་པའི་ཕྱི་སྐོར་ལ་ཕེབས་པའི་ལུགས་སྲོལ་ཧ་ཅང་བཟང་པོ་ཞིག་ཡོད་པས། སྐོར་བར་ཕེབས་པ་འདིས་ཁོང་རྣམ་པས་ཤ་མོག་ཅི་ཙམ་མཆོད་ཀྱང་འཇུ་བྱེད་མ་ལག་གིས་ནུས་པ་འདོན་པར་ཐུན་མིན་རོགས་རམ་ཆེན་པོ་ཞིག་བྱེད་ཐུབ་པ་མ་ཡིན་ནམ། དེ་མིན་བོད་ཀྱི་སེ་འབྲས་དགེ་གསུམ་དང་རྒྱུད་གྲྭ་སྟོད་སྨད་བཀྲ་ཤིས་ལྷུན་པོ་སོགས་ལ་དགོན་པའི་ཕྱི་རོལ་ཏུ་སྐོར་བར་འགྲོ་སྲོལ་ཡོད་མེད་མ་ཤེས་ལ། རྒྱ་གར་གྱི་སེ་འབྲས་དགེ་གསུམ་དང་རྣམ་གྲོལ་གླིང་སོགས་སུ་གུང་གསེང་གི་ཉིན་མོར་དགེ་འདུན་པ་རྣམ་པ་དགོན་པའི་ཕྱི་རོལ་ཏུ་འཆམ་འཆམ་ལ་ཐེངས་རེ་ཙམ་ཕེབས་སྲོལ་ཡོད་ཀྱང་། དེས་གཟའ་འཁོར་གཅིག་གི་རིང་ལ་ལུས་རྩལ་མ་སྦྱངས་པར་ཕན་ཐོགས་དེ་ཙམ་མེད་ཅིང་། ཁྱད་པར་གདན་ས་ཁག་གི་དཔེ་ཁྲིད་དགེ་རྒན་མཁན་པོ་དང་དགེ་བཤེས་རྣམ་པས་དུས་ཚོད་མང་ཆེ་བ་དཔེ་ཁྲིད་ཀྱི་ཕྱོགས་སུ་གཏོང་དགོས་ཤིང་། ཁོང་རྣམ་པ་གྲྭ་དམངས་སྤྱི་དང་འདྲ་བར་ཞབས་སྐོར་དང་ཕྱི་སྐོར་སོགས་སུ་ཕེབས་བདེ་བོ་ཡང་མེད་པས། རང་རང་གི་བཞུགས་ཤག་ཏུ་རྐྱང་ཕྱག་འདྲ་འཚལ་གནང་གི་ཡོད་ན་མ་གཏོགས་ལུས་རྩལ་གྱི་ཕྱོགས་སུ་ཀླད་གོར་རང་རེད། དེའི་སྟེང་དུ་སྔོན་ཆད་ཡིན་ན་དཔེ་ཁྲིད་དགེ་རྒན་རྣམ་པར་བཞེས་ལག་དམིགས་བསལ་བ་གང་ཡང་མེད་པར་གྲྭ་དམངས་ཀྱིས་གང་མཆོད་པ་དེ་རང་བཞེས་དགོས་ཤིང་། ཡང་ན་ཟ་མ་བཟང་ཤོས་ཤ་ཚིལ་ཅན་དང་ཟ་མ་ངན་ཤོས་འབྲས་ལྡ་ལི་གཉིས་ཀ་མཆོད་དགོས་པ་འདིས་ཁོང་རྣམ་པའི་སྐུ་གཟུགས་འཕྲོད་བསྟེན་ལ་ཧ་ལས་པས་གནོད་ཚབས་ཆེ། དཔེར་ན་མདོ་སྟོད་སྨད་ཀྱི་ཤ་ཚིལ་དང་མར་ཁུ། དབུས་གཙང་གི་བོད་ཇ་མར་དང་ཚྭ་མང་པོ་ཅན་འདི་ཚོས་གནའ་ནས་དེ་རིང་གི་བར་དུ་རང་རེའི་བླ་མ་སྐྱེས་བུ་དམ་པ་མཁས་གྲུབ་གཉིས་ལྡན་ག་ཚོད་ཅིག་བཀྲོངས་དང་བགྲོང་བཞིན་ཡོད་པ་རེད་ཨང་།

ལོ་མང་སྔོན་སྐུ་གཤེགས་པའི་བདག་གི་དགེ་བའི་བཤེས་གཉེན་དམ་པ་འབྲས་ཀླུ་འབུམ་པ་ངེས་དོན་སེམས་དཔའ་ཆེན་པོ་རྗེ་བློ་བཟང་དགེ་འདུན་མཆོག་དང་། ཉེ་ཆར་སྐུ་གཤེགས་པའི་དགེ་བཤེས་འཇམ་དཔལ་བློ་ཤེས་གཉིས་ཀའི་གཤེགས་རྐྱེན་དེ་རྒྱུན་རིང་པོར་དཔེ་ཁྲིད་འབའ་ཞིག་ཐུགས་ལ་བརྣགས་པ་མ་གཏོགས། ཁོང་རྣམ་པ་སྒེར་གྱི་སྐུ་གཟུགས་བདག་སྐྱོང་ལ་སྒེར་ངོས་ནས་ཐུགས་སྣང་མ་གནང་བ་དང་། དགོན་པ་དང་སློབ་བུ་ཚོས་ཀྱང་དགེ་བཤེས་རྣམ་པའི་ཞལ་ནས་ཡོན་ཏན་ལེན་རྒྱུ་རྐྱང་བ་མ་གཏོགས་ཁོང་རྣམ་པའི་སྐུ་གཟུགས་འཕྲོད་བསྟེན་གྱི་ཕྱོགས་སུ་ཞབས་ཞུ་ཞུས་པ་ཧ་ཅང་ཐབས་ཆག་ཙམ་ལས་མེད་པ་ང་ཚོས་ཤེས་གསལ་བཞིན་ཡིན་ནོ།། ཉེ་ཆར་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱི་དགོངས་རྫོགས་སྟེང་དུ་དགེ་བཤེས་མང་པོ་ལྷན་དུ་འཛོམས་ནས་ཤ་མང་པོ་མདུན་ལ་སྤུངས་པའི་བརྙན་ཐུང་ཞིག་ཀྱང་སྐད་འཕྲིན་སོགས་དྲ་ལམ་ན་ཡང་ཡང་སྤུར་བཞིན་མཆིས། ངའི་ཕ་ཡུལ་ན་ལོ་ངོ་སུམ་ཅུ་ལྷག་གི་སྔོན་ནས་བཟུང་གཉེན་སྟོན་གྱི་སྐབས་སུ་ཤ་ཕྲན་བུ་ཙམ་གཏོགས་མེད་པར་ཤིང་ཏོག་དང་མངར་ཟས་རིགས་བསྒྲིག་དགོས་པའི་སྡེ་ཁྲིམས་བཟང་ལ་བཙན་པ་ཞིག་ཡོད་པ་ཡང་སྐབས་འདིར་དྲན་སོས་ཡོང་།

དེང་སང་དགོན་པ་མང་པོ་ཞིག་གིས་དགེ་བཤེས་དང་སློབ་དཔོན་མཁན་པོ་ཡོན་ཏན་མང་པོ་ཞིག་རང་རང་གི་དགོན་པར་གདན་འདྲེན་ཞུ་དུས་དུང་རྒྱ་གླིང་གདུགས་རྒྱལ་མཚན་སོགས་ཁྲ་ཁྲ་ཟིང་ཟིང་མང་པོ་ཞིག་འཕྱར་བ་དང་། ཁོང་རྣམ་པ་ཁྲི་མཐོན་པོ་གསེར་ཟངས་ཀྱི་ཁྲི་དྲུག་འགྱོགས་ཅན་བདག་ཅག་གི་སྟོན་པའི་རྨི་ལམ་ནང་དུ་ཡང་འཁོར་མ་མྱོང་བ་རེའི་སྟེང་དུ་བཞུགས་སུ་གསོལ་བཞིན་ད་འདུག་སྟེ། ངས་བསམས་ན་གཙོ་ཆེ་བ་དེ་ནི་དགོན་པ་ཚོས་དཔེ་ཁྲིད་དགེ་རྒན་རེ་གདན་འདྲེན་ཞུ་དུས་ཆེས་ཐོག་མར་གྲ་སྒྲིག་བྱེད་རྒྱུ་དེ་ནི། བོད་ལུགས་དང་ཕྱི་ལུགས་ཀྱི་སྨན་པ་མཁས་པ་རེ་སྐད་བཏང་ནས་དཔེ་ཁྲིད་དགེ་རྒན་ཆེ་གེ་མོ་དེའི་སྐུ་གཟུགས་དང་སྐུ་ཁྲག་ལ་བརྟག་དཔྱད་བཏང་སྟེ་སྐུ་སྙུང་གསར་རྙིང་གི་རིགས་གང་དང་གང་ཡོད་མེད། གལ་སྲིད་སྙུང་གཞི་ཚབས་ཆེན་པའམ་བག་ལ་ཉལ་བ་དེ་འདྲ་ཡོད་ན་དེ་བཅོས་ཐབས་གང་དང་གང་ཡོད་མེད། དཔེ་ཁྲིད་དགེ་རྒན་རང་རང་གི་ངོས་ནས་ཉི་མ་རེ་རེར་ཤ་ཅི་ཙམ་མཆོད་ཆོག་མིན། ཚལ་ག་ཚོད་བཞེས་དགོས་མིན། ལུས་རྩལ་ག་ཚོད་རྩེད་དགོས་མིན་སོགས་དགེ་བཤེས་མཁན་པོ་རྣམ་པའི་འཕྲོད་བསྟེན་ཨང་དང་པོ་དང་དཔེ་ཁྲིད་ཨང་གཉིས་པར་འཇོག་དགོས། དེ་ནི་དགེ་ལུགས་པ་ཞིག་ལ་མཚོན་ན་རྗེ་བདག་ཉིད་ཆེན་པོས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག།ཅེས་གསུངས་པ་དང་། ཆོས་བརྒྱུད་གཞན་པར་མཚོན་ན། དལ་འབྱོར་རྙེད་དཀའ་ཞེས་པ་འདི་ལ་དངོས་ཡོད་ལག་ལེན་སྟེང་ནས་གཅེས་སྤྲས་དང་སྲུང་སྐྱོབ་བྱེད་པ་ཡིན་ནོ།།

དེང་སང་དགེ་བཤེས་མང་པོ་ཞིག་གིས་ཤ་ཟོས་ན་སྡིག་པ་དང་ཉེས་པ་མེད་རབས་མང་པོ་ཞིག་ལུང་དང་རིགས་པས་བསྒྲུབས་དང་སྒྲུབ་བཞིན་ད་འདུག་སྟེ། ཤ་ཚོན་པོ་དང་ཚིལ་སྣུམ་པོ་བག་མེད་དུ་ཟོས་ན་ཁ་གྲགས་མི་ཤེས་པའི་མ་རྒན་དུད་འགྲོ་སྐྱབས་མེད་མགོན་མེད་འདི་ཚོའི་ཚེ་སྲོག་དང་བྱང་ཆུབ་སེམས་སྡོམ་ཡོད་པར་འདོད་པའི་དགེ་བཤེས་རང་རང་གི་གསེར་ལས་རྩ་ཆེ་བའི་ཚེ་སྲོག་ལ་གནོད་པ་ཡོད་མེད་འདི་ཡང་ལུང་དང་རིགས་པས་བསྒྲུབ་ཐུབ་ན་ཤིན་ཏུ་ལེགས་པར་མཐོང་བ་ལགས་སོ།།

བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འགྲོ་བ་ཀུན་གྱི་སྙིང་ལ་འཇུག་པར་གྱུར་ཅིག།

 

 

བསྐྱར་བཅོས།: ༢༠༡༩/༡༡/༡༨

Leave a Reply

8 thoughts on “ང་ཚོའི་བླ་མ་དགེ་བཤེས་ཚོའི་གཤེགས་རྐྱེན་དང་ཤ་ཚིལ།  ད་དུང་ལུས་རྩལ།

  1. ཟླ་བ་བཀྲིས།

    Netflix ནང་ Game Changer ཞེས་པའི་དངོས་བྱུང་གློག་བརྙན་ཞིག་འདུག ལྷན་རྒྱས་འདི་ལྟ་ན་དཀར་ཟས་དང་དམར་ཟས་ཀྱི་ཕན་ཡོན་རིག་པས་དཔྱད་པ་དང་ཚན་རིག་ཐོག་ནས་ལེགས་པར་དབྱེ་འདུག

  2. བཙན་པའི་བུ་རྒྱུད།

    ཀླུ་སྨྱོན་གྱི་ཕྱོགས་ཞེན་གྱི་དགག་པ་དང་ཆོས་བའི་མིང་རྟགས་སྟོན་པ་འདི་ལ་གནས་ལུགས་མི་འདུག སྐད་ཆ་ཚང་མ་ཚོད་དཔག་རེད།

  3. ཁྲོམས་ཤ་རྣམ་གསུམ་དག་པའི་ཤ་མིན་ཟེར་བ་ནི་དེའི་སྐོར་ལ་རྒྱུས་མངའ་དེ་ཙམ་མེད་སོང་རེད། སྟོན་པས་དགེ་བསྙེན་དད་པ་ཅན་མངགས་ནས་དགེ་སློང་ནད་པས་ཤ་ཉོ་ཆོག་པར་གསུངས་པ་དེ་ཁྲོམ་ཤ་མིན་ན་ལུང་སྟོང་གི་ཤི་ཤ་བྱ་སྒོད་གི་ལག་ནས་ཉོ་སགོས་རེད་བེ