བོད་རང་བཙན་གྱི་ཤོག་དྲིལ་གཏོར་མཁན་བོད་མི་ ༥ འཛིན་བཟུང་བྱས་འདུག

སེར་ཤུལ་རྫོང་རྫ་དབོན་པོ་ཡུལ་ཚོའི་རྒྱ་ནང་གཞུང་གི་གཞུང་ལས་ར་སྐོར་ནང་དུ་བོད་རང་བཙན་དགོས་སྐོར་གྱི་ཡིག་ཆ་བཀྲམས་པར་བརྟེན་བོད་མི་ ༥ འཛིན་བཟུང་བྱས་ཡོད་འདུགའདི་གའི་གསར་འགོད་པར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཟླ་འདིའི་ཕྱི་ཚེས ༧ ཉིན་གྱི་མཚན་མོར་རྫ་དབོན་པོ་ཡུལ་ཚོའི་རྒྱ་གཞུང་གི་གཞུང་ལས་ར་སྐོར་ནང་དུ་བོད་རང་བཙན་དགོས་སྐོར་གྱི་ཡིག་ཆ་བརྒྱ་ཕྲག་མང་པོ་བཀྲམས་པ་ལ་བརྟེན་ནས། རྒྱ་གཞུང་ཉེན་རྟོག་པས་རང་ལོ་ ༢༠ ཡིན་པའི་གྲྭ་ཀུན་གསལ་དང་། རང་ལོ་ ༡༨ ཡས་མས་ཡིན་པའི་གྲྭ་རྟ་མེ། རང་ལོ་ ༡༨ ཡས་མས་ཀྱི་གྲྭ་བསོད་བཀྲ། རང་ལོ་ ༡༨ ཡས་མས་ཀྱི་གྲྭ་ཚུལ་ཁྲིམས་བཅས་དང་། དེ་བཞིན། ཁོང་ཚོའི་དགེ་རྒན་གྲྭ་ཤེར་རྒྱམ་བཅས་ཁྱོན་བོད་མི་ ༥ འཛིན་བཟུང་བཙན་ཁྲིད་བྱས་ཏེ། དེ་རིང་གྲྭ་ཤེར་རྒྱམ་ཀློད་གྲོལ་བཏང་ཡོད་ཀྱང་། གཞན་རྣམས་སེར་ཤུལ་རྫོང་གི་བཀག་ཉར་ཁང་དུ་བཀག་ཉར་འོག་བཞག་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་འབྲོག་སྡེ་གྲོང་བསྒྱུར་གྱི་གཡོ་ཇུས་བྱེད་མུས་ལྟར། ཉེ་ཆར་རྒྱ་གཞུང་གིས་གསར་རྒྱག་བྱས་པའི་གྲོང་ཁྱེར་གྱི་ཁང་པ་གསར་པའི་ནང་གནས་སྤོར་བྱས་པའི་འབྲོག་པ་རྣམས་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་གཤོམ་རྒྱུར་བཀག་འགོག་གིས། དེའི་ཚབ་ཏུ་མའོ་ཙེ་ཏུང་དང་ཞི་ཅིན་ཕིན་གྱི་ཐང་ག་གཤམ་དུ་བཅུག་ཡོད་པ་མ་ཟད། ཁོང་ཚོར་གུང་ཁྲན་ཏང་བཀའ་དྲིན་ཆེན་པོ་ཡིན་ཚུལ་དང་། ཏང་གིས་རོགས་སྐྱོར་མང་པོ་བྱས་ཚུལ་སོགས་བཤད་དུ་བཅུག་ནས། གང་བཤད་པ་རྣམས་ཚིག་ཐོར་ཕབ་པ་དང་བརྙན་བླངས་ནས་དྲ་ལམ་ཁག་ཏུ་བཀྲམས་ཡོད་འདུག

ཐེངས་འདིའི་ལས་འགུལ་ནི་རྫ་དབོན་པོ་ཡུལ་ཚོ་ཁོ་ན་མ་ཡིན་པར་རྫ་ཆུ་ཁའི་ས་ཁུལ་མང་པོར་ལས་འགུལ་དེ་ལག་བསྟར་བྱེད་བཞིན་ཡོད་པ་དང་། གཞན་ཡང་སྐབས་དེར་འབྲོག་པ་མང་པོ་ཞིག་གིས་འཆི་གསོན་ལ་ཐུག་ཀྱང་དེ་ལྟར་བྱ་རྒྱུའི་ངོས་ལེན་མ་བྱས་པ་དང་། རེ་ཟུང་གིས་དེ་ལྟར་བྱེད་དགོས་ཁེལ་བར་བརྟེན། བོད་མིའི་ཁྲོད་དུ་མི་འདོད་པའི་རྣམ་འགྱུར་ཆེན་པོ་བསྟན་ནས་དྲ་ཐོག་ལ་སྤེལ་བ་སོགས་རྒྱ་གཞུང་གིས་ས་གནས་བོད་མིའི་སེམས་ལ་དོ་ཕོག་ཆེན་པོ་བཏང་ཡོད་པ་མ་ཟད། ས་གནས་བོད་མིའི་བར་ལ་ཡང་དཀྲུག་ཤིང་ཆེན་པོ་སློང་གི་ཡོད་པར་བརྟེན། ད་རེས་བོད་མི་དགེ་འདུན་པ་ ༥ ཡིས་རང་བཙན་གྱི་ཡིག་དྲིལ་གཏོར་བའི་ལས་འགུལ་དེ་སྤེལ་ཡོད་འདུག

ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༩/༡༡/༢༡

Leave a Reply

One thought on “བོད་རང་བཙན་གྱི་ཤོག་དྲིལ་གཏོར་མཁན་བོད་མི་ ༥ འཛིན་བཟུང་བྱས་འདུག

  1. ༄༅། །ད་བོད་ནང་གི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཁྱེད་རྣམ་པས་ད་བར་རང་གི་ཚེ་སྲོག་རྒྱུ་ནོར་ལོངས་སྤྱོད་ཡོངས་སུ་རྫོགས་པ་བློས་བཏང་གི་བོད་ཀྱི་རྩོ་དོན་ཆེད་མཆོད་སེམས་ཆེན་པོས་ལས་འགུལ་སྔ་རྗེས་བར་གསུམ་ལ་སྤེལ་གནང་མཛད་པར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ལས་ང་ཚོ་བོད་མི་བཙན་བྱོལ་བ་རང་དབང་ལུང་པར་གནས་པ་རྣམས་ནི་ཁྱེད་རྣམ་པའི་མངོན་འདོད་དང་བོད་ལ་རང་དབང་རང་བཙན་གྱི་ཐབས་རྩོད་ལས་གལ་ཆེ་བ་མི་གཅིག་ཤོགས་ཁག་དང་བཙན་བྱོལ་བོད་གཞུང་དབར་ངའི་ཁ་ཆག་སོང་སྣ་རལ་སོང་ང་ང་ང་ཞེས་ཁ་མཆུ་རྒྱབ་རྒྱུ་ལ་མགོ་བོ་འཁོར་ནས་བསྡོད་པ་ལས་རྩ་དོན་དང་བོད་ཀྱི་བདེན་མཐའ་གསལ་རྒྱུའི་ལས་དོན་ཐོག་བསམ་བློ་གཏོང་རྒྱུའི་དུས་ཚོད་མི་འདུག འདི་འདྲ་རེད་ང་ཚོ་བཙན་བྱོལ་བོད་མིའི་སྤུས་ཚད་དང་གནས་ཚད།