ལ་མོ་ཚུལ་ཁྲིམས།
མང་གཙོ་དང་བཅའ་ཁྲིམས་གཉིས་ཕན་ཚུན་གཅིག་ལ་གཅིག་རྟེན་ཏུ་ཡོད་པ་དང་། བཅའ་ཁྲིམས་ལ་ངོས་ལེན་དང་བརྩི་བཀུར་བྱེད་པ་ནི་མང་གཙོའི་ལམ་དུ་ཤར་སྐྱོད་ཐུབ་པའི་ཐོག་མའི་ཆ་རྐྱེན་གཙོ་བོ་དེ་ཡིན་ཞིང་། མང་གཙོའི་སྤྱི་ཚོགས་དང་སྲིད་གཞུང་ཞིག་ལ་མཚོན་ན་བཅའ་ཁྲིམས་ནི་མེད་དུ་མི་རུང་བའི་རྩ་འཛིན་དེ་ཡིན་ལ། ཆབ་སྲིད་ཀྱི་འགལ་འདུ་དང་། སྲིད་གཞུང་གི་འཛིན་སྐྱོང་། མི་སེར་གྱི་སྲུང་སྐྱོབ་བཅས་ནི་བཅའ་ཁྲིམས་ཀྱི་ནུས་པ་དང་འབྲལ་ཐབས་མེད་པ་ཞིག་ཡིན། དངོས་གནས་བཤད་ན་བཅའ་ཁྲིམས་ནི་མང་གཙོའི་སྲོག་ཤིང་ཡིན་ཞིང་། བཅའ་ཁྲིམས་ཀྱི་ནུས་པ་མེད་པར་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་པའི་གོ་སྐབས་ཧ་ལམ་མེད།
རྒྱུ་མཚན་ནི་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་མེད་པར་མང་གཙོའི་ཐོབ་དབང་ལག་བསྟར་བྱེད་མི་ཐུབ་ལ། བཅའ་ཁྲིམས་ཀྱིས་མང་གཙོའི་ལམ་ལུགས་དང་མཉམ་ཏུ། སྤྱི་ཚོགས་ཐོག་མི་སྒེར་དང་ཚོགས་པ་ཚང་མས་སྲིད་གཞུང་གི་དབང་ཆ་ཇི་ལྟར་འཛིན་རྒྱུ་དང་། བཟུང་བའི་དབང་ཆ་ལ་སྟངས་འཛིན་ཇི་ལྟར་བྱེད་རྒྱུ། སྲིད་གཞུང་གི་བྱེད་སྒོ་མཐའ་དག་མི་མང་གི་འཚོ་གནས་ཁོ་ནའི་ཆེད་དུ་འགྲོ་གིན་ཡོད་མེད་བཅས་ལ་ཁག་ཐེག་དང་སྟངས་འཛིན་བྱེད་གིན་ཡོད་པས་རེད། དེ་བཞིན་ཏུ་འགྲོ་བ་མིའི་ཐོབ་ཐང་དང་། རྒྱལ་ཁབ་ཀྱི་དར་རྒྱས། མི་རིགས་ཤིག་གི་ངོ་བོ་བཅས་སྲུང་སྐྱོབ་བྱེད་དགོས་ན་མང་གཙོའི་ལམ་སྲོལ་ལས་གྲུབ་པའི་ཁྲིམས་སྐྱོང་གི་སྲིད་གཞུང་ཞིག་མེད་ན་ཡོང་ཐུབ་མེད་པ་དེ་གསལ་བོ་རེད།
མང་གཙོའི་སྤྱི་ཚོགས་ཤིག་ལ་མཚོན་ན་སྲིད་གཞུང་ལ་བཅའ་ཁྲིམས་ཀྱི་ཚོད་འཛིན་དང་ཚད་ཐིག་ཡོད་ལ། མི་སེར་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་དང་ཐོབ་དབང་ཡོད། སྲིད་གཞུང་གི་ལས་ཀྱི་སྣེ་མོ་བ་ཞིག་ཡིན་ན་བཅའ་ཁྲིམས་ཀྱི་བཀོད་པ་ལྟར་ལས་དོན་སྒྲུབ་དགོས་ཤིང་། མི་སེར་ཞིག་ལ་མཚོན་ནའང་ཟས་གོས་གནས་མལ་དང་འབྲེལ་བའི་ཀུན་སྤྱོད་ཚང་མ་བཅའ་ཁྲིམས་ལྟར་འགྲོ་བ་ཞིག་ཡིན། ཡང་གཅིག་བཤད་ན། མང་གཙོའི་སྤྱི་ཚོགས་ནང་སྐྱེ་བོ་མཆོག་དམན་བར་མ་སུ་ཞིག་ཡིན་ཡང་བཅའ་ཁྲིམས་ནི་གོང་ན་མེད་པ་ཞིག་ཡིན་པར་ངོས་འཛིན་བྱེད་ལ། ཁྲིམས་ཀྱི་མདུན་སར་ཚང་མ་འདྲ་མཉམ་དུ་ཡོད་དགོས་པ་ཞིག་ཡིན། འདི་ནི་བཅའ་ཁྲིམས་ཀྱི་རྩ་བའི་ཆོས་ཉིད་རེད།
མང་གཙོ་དང་བཅའ་ཁྲིམས་གླེང་སྐབས། ང་ཚོས་གསལ་བོར་ཤེས་པ་ནི། བཅའ་ཁྲིམས་ཀྱིས་མང་གཙོའི་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་དབང་ཆ་ལ་སྲུང་སྐྱོབ་བྱེད་པ་དང་། མི་སེར་ཡོངས་ཀྱི་རང་དབང་ལ་སྲུང་སྐྱོབ་བྱེད་པ། མི་སེར་དང་སྲིད་གཞུང་གི་ལས་ཀྱི་སྣེ་མོ་བ་ཡོངས་ཀྱི་བྱ་སྤྱོད་ཀུན་དང་མཐུན་ཞིང་ཚད་ལ་རན་པའི་ལམ་ཁ་ཞིག་ཏུ་བགྲོད་པར་ཚོད་འཛིན་དང་སྐུལ་འདེད་བྱེད།
སྤྱིར་བཅའ་ཁྲིམས་ནི་མི་མང་དང་སྲིད་གཞུང་གཉིས་བར་གྱི་གན་རྒྱ་ལྟ་བུ་ཞིག་ཡིན་ལ། སྲིད་གཞུང་དང་མི་མང་གཉིས་ཀར་གན་རྒྱ་དེ་སྲུང་བརྩི་བྱེད་པའི་ལས་འགན་ཡང་ཡོད། རེད་དེ། མང་གཙོའི་སྤྱི་ཚོགས་ཐོག་སྐབས་སྐབས་སུ་མི་གྲངས་ཉུང་ཤས་ཀྱིས་མི་གྲངས་མང་བའི་ཐག་གཅོད་ལ་བརྩི་བཀུར་མ་བྱས་པ་དང་། སྲིད་གཞུང་གི་སྒེར་གཅོད་ཀྱི་ནུས་པ་ཆེ་རུ་སོང་སྟེ་མང་ཚོགས་ལ་གནོན་ཤུགས་སྤྲོད་པ་སོགས་ཀྱི་འགལ་བ་བྱུང་སྐབས། བཅའ་ཁྲིམས་ཀྱིས་མི་སྒེར་དང་སྲིད་གཞུང་གཉིས་ཀའི་བྱ་སྤྱོད་འདི་ཁྲིམས་ཁང་དུ་ཐག་གཅོད་བྱེད་པའི་གོ་སྐབས་སྟེར་བ་ཡིན། ཐག་གཅོད་དེའི་ནང་དམངས་ཀྱི་ཐོག་མའི་བླ་ན་མེད་པའི་ཐོབ་དབང་ལ་འགན་སྲུང་དང་། རྒྱུ་མཚན་དང་གནས་ལུགས་ཡོད་ན་མི་གྲངས་ཉུང་ཤས་ཀྱི་ཐོབ་དབང་དང་རེ་བ་ལའང་སྲུང་སྐྱོབ་བྱེད།
ཡང་དག་པའི་མང་གཙོའི་སྲིད་གཞུང་ཞིག་ཡོད་དགོས་ན་བཅའ་ཁྲིམས་ལ་ངེས་པར་དུ་བརྩི་བཀུར་བྱེད་དགོས་ཤིང་། ཁྲིམས་ཁང་དང་ཁྲིམས་དཔོན་གྱིས་འདིའི་ཁྲོད་དམིགས་བསལ་གྱི་འགན་འཁུར་བླངས་ཡོད། མང་གཙོའི་ལམ་སྲོལ་ལས་གཏན་ལ་ཕབ་པའི་བཅའ་ཁྲིམས་ལ་མཚོན་ན། དེ་ཉིད་མི་སེར་ཡོངས་ཀྱི་ལག་ལེན་དོན་འཁྱོལ་ཡོང་བར་ཁྲིམས་ཁང་གིས་དམིགས་བསལ་གྱི་འགན་བླངས་ཡོད་པ་རེད། ཁྲིམས་དཔོན་གྱིས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་གསན་ཞིབ་དང་། གདེངས་འཇོག ཞིབ་འཇུག་བཅས་བྱས་རྗེས་འཇིགས་ཞུམ་དང་ཕྱོགས་ལྷུང་གང་ཡང་མེད་པའི་སྒོ་ནས། ཁྲིམས་ལུགས་གཞི་རྩར་བཞག་སྟེ་དྲང་བདེན་གྱི་ཐག་གཅོད་བྱེད། གནས་སྟངས་འདི་ལས་གསལ་བོར་ཤེས་རྒྱུ་ཡོད་པ་ཞིག་ནི། ཁྲིམས་དཔོན་ཞིག་ཡིན་ན་སྒེར་སེམས་དང་ཕྱོགས་ལྷུང་མེད་པར་རང་རྐྱ་འཕེར་བའི་དབང་ཤུགས་དང་མཉམ་ཏུ་ཕྱི་གསལ་ནང་གསལ་གྱི་ཁྲིམས་གཅོད་བྱེད་ཀྱིན་ཡོད་པ་འདི་ནི་བཅའ་ཁྲིམས་ཀྱི་ནུས་པ་དང་ཁྲིམས་དཔོན་གྱི་བྱེད་སྒོ་ཡིན།
ཁྲིམས་དཔོན་ཞིག་ཡིན་ན་ཁྲིམས་ཀྱི་དམིགས་བསལ་གྱི་སློབ་སྦྱོང་ཡོད་དགོས་པའི་ངེས་པ་མེད། ཨ་རི་ལ་མཚོན་ན་ཁྲིམས་དཔོན་མང་པོ་ཞིག་ལ་ཁྲིམས་ཀྱི་སློབ་གྲྭ་འགྲིམས་པའི་ལོ་རྒྱུས་མེད་ན་ཡང་ཁྲིམས་ཐག་གཅོད་པའི་དབང་ཆ་ཡོད། ཁྲིམས་དཔོན་ཞིག་གིས་ཁྲིམས་ཐག་གཅོད་སྐབས་ཆེས་གལ་ཆེ་བ་ནི་ལུགས་མཐུན་གྱི་འགྲོ་ལུགས་བརྩི་སྲུང་བྱས་ཏེ་ཁྲིམས་ཐག་གཅོད་པ་དེ་ཡིན། ལུགས་མཐུན་གྱི་འགྲོ་ལུགས་ཞེས་པ་ནི་སྲིད་གཞུང་གིས་ཞུ་གཏུག་ལ་ཕྱོགས་ཞེན་མེད་པར་ངོས་ལེན་བྱེད་རྒྱུ་དང་། མི་སེར་ཞིག་ལ་མཚོན་ན་ཁོང་ཚོ་ལ་བླ་ན་མེད་པའི་འཚོ་གནས་ཀྱི་ཐོབ་དབང་དང་། རང་དབང་ཡོད་པར་མ་ཟད། སྲིད་གཞུང་ལ་ཐོབ་དབང་དེ་ཉིད་གསལ་ཁ་འདོན་རྒྱུའི་གོ་སྐབས་ཀྱང་ཡོད་ཆོག་པའི་ཁྲིམས་གཏུག་གི་བརྒྱུད་རིམ་དེ་ལ་གོ་དགོས། ཁྲིམས་གཏུག་གི་བརྒྱུད་རིམ་དེ་ནི་ཁྲིམས་དཔོན་ཞིག་གི་ལས་འགན་གལ་ཆེས་ཤོས་དེ་ཆགས་ཡོད་པ་རེད།
བཅའ་ཁྲིམས་ཀྱིས་མང་གཙོའི་ལམ་ལུགས་ལ་སྲུང་སྐྱོབ་བྱེད་གིན་ཡོད་པ་ནང་བཞིན་མང་གཙོའི་ལམ་ལུགས་ཀྱིས་ཀྱང་བཅའ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་ཤུགས་ལ་སྲུང་སྐྱོབ་བྱེད་གིན་ཡོད། དཔེར་ན་སྲིད་དབང་སྒེར་གཅོད་ཀྱི་སྲིད་གཞུང་ཞིག་ལ་མཚོན་ན། ལས་ཀྱི་སྣེ་མོ་བ་ཚོས་རང་གི་ཆབ་སྲིད་ཀྱི་དབང་ཆ་ནམ་དུའང་དམ་དུ་འཛིན། དེའང་ཁོང་ཚོས་བཅའ་ཁྲིམས་ཀྱི་དྲག་པོའི་སྟོབས་ཤུགས་ཅིག་ལ་བརྟེན་ནས་རང་གི་དབང་ཤུགས་རྒྱུན་གནས་ཐུབ་པར་བྱེད། མང་གཙོའི་སྤྱི་ཚོགས་ལ་མཚོན་ན་དེ་ལྟར་མ་ཡིན་པར་མང་ཚོགས་ཀྱིས་སྲིད་གཞུང་དེར་བལྟ་རྟོག་བྱེད་པའི་འགན་འཁུར་དང་། སྐྱོན་བརྗོད་བྱེད་པའི་གོ་སྐབས། ངོ་རྒོལ་བྱེད་པའི་ཐོབ་དབང་ཡོད་ལ། ཐ་ན་སྲིད་གཞུང་དེ་ཉིད་བརྗེ་བོ་རྒྱག་རྒྱུའི་ཐོབ་དབང་ཡང་ཡོད་པ་རེད། དེ་ལས་གཞན་ད་དུང་། མང་གཙོའི་སྤྱི་ཚོགས་ནང་། མི་སེར་རྣམས་ལ་བཅའ་ཁྲིམས་བརྩི་སྲུང་བྱེད་པའི་གོམས་སྲོལ་ཡག་པོ་ཞིག་ཡོད། དེ་ནི་གཙོ་བོ་ཁྲིམས་བཟོ་ལྷན་ཚོགས་སུ་མི་མང་ཉམས་ཞུགས་བྱེད་ཆོག་པའི་ཐོབ་དབང་ཡོད་པ་དང་། བཅའ་ཁྲིམས་དེའང་མཐར་གཏུགས་ན་མི་མང་རང་གི་ཆེད་དུ་བཟོས་པ་ཞིག་ཡིན་པའི་ངེས་ཤེས་དང་ཡིད་ཆེས་བརྟན་པོ་ཡོད་པའི་རྟགས་ཡིན་ལ། བཅའ་ཁྲིམས་ལ་ཡིད་ཆེས་དང་འགན་འཁུར་ཡོད་ན་ད་གཟོད་མང་གཙོའི་ལམ་ལུགས་སུ་ཤར་སྐྱོད་ཐུབ་པའི་རེ་བ་ཡོད་པ་རེད།