དུས་རབས་འདིའི་མི་རྣམས་ལ་གོ་སྐབས་དང་འགན་འཁྲི་གཉི་ག་ཡོད།

༧གོང་ས་མཆོག་ནས་ངོས་ཀྱིས་རྟག་ཏུ་འབྲེལ་ཡོད་དང་ལྷག་པར་དུ་རྒྱ་རིགས་ཚོར་བོད་ནང་གི་རང་བྱུང་སྤྱོད་རྒྱུ་ནི་གལ་ཆེན་པོ་ཡིན་ནའང་ནགས་ཚལ་སོགས་ཐོན་ཁུངས་གཏོར་སྐྱོན་འགྲོ་བར་གཟབ་ནན་བྱེད་དགོས་པ་ནི་དེ་ལས་གལ་ཆེན་ཡིན་སྐོར་དྲན་སྐུལ་གནང་གི་ཡོད་པ་གསུངས་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག ཊུ་ཞི་ཌཱ་མཱ་ཧཱ་ཡཱ་ནཱ་སྒོམ་སྒྲུབ་ལྟེ་གནས་ཁང་གི་གོ་སྒྲིག་འོག རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སེན་ཊི་ཁོ་ལོམ་བྷའི་སློབ་གྲྭའི་ (St. Columba’s School) ནང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁོང་ཁྲོ་དང་བློ་འཚབ་སྤང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་མི་གྲངས་ ༤༠༠༠ ལྷག་ལ་བཀའ་སློབ་བསྩལ་སོང་བ་དང་།སྐབས་དེར་༧གོང་ས་མཆོག་ནས་གཞོན་སྐྱེས་ཚོར་འཛམ་གླིང་འདི་སྔར་ལས་བདེ་སྐྱིད་དང་ཞི་བདེ་ལྡན་པ་ཞིག་བསྐྲུན་པར་གོ་སྐབས་ཡག་པོ་ཡོད་ལ། བཟང་སྤྱོད་ཀྱི་འགན་འཁྲི་ཞིག་ཀྱང་ཡོད་པ་རེད། ཅེས་གསུངས་སོང་།

དེ་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དུས་ཚོད་ནི་མུ་མཐུད་འགྲོ་བཞིན་ཡོད་པ་དང་སུ་གང་གིས་ཀྱང་དེ་འགོག་ཐུབ་ཀྱི་མ་རེད། དུས་འགྱུར་བ་ནི་རང་བཞིན་ཡིན་པ་རེད། དེ་བས་དྲི་བ་ནི་ང་ཚོས་དུས་ཚོད་བེད་སྤྱོད་ཇི་ལྟར་གཏོང་མིན་དེ་རེད། འདས་ཟིན་དུས་ཚོད་ང་ཚོས་ཅི་ཡང་བྱེད་མི་ཐུབ་པས་མ་འོངས་པའི་དུས་ཚོད་ནི་ད་ལྟའི་དུས་ཚོད་ལ་རག་ལུས་པ་རེད། དེ་བས་ང་ཚོར་མ་འོངས་ནི་ཞི་བདེ་དང་བདེ་སྐྱིད་སྔར་ལས་ལྡན་པ་ཞིག་གམ། ཡང་ན་སྔར་ལྷག་དཀའ་ཁག་ཅན་གྱི་མ་འོངས་པ་ཞིག་བསྐྲུན་མིན་གྱི་གོ་སྐབས་དེ་ང་ཚོར་ཡོད་པ་རེད། དེ་དང་འབྲེལ་ནས་དུས་རབས་ཉེར་གཅིག་པའི་མི་རབས་རྣམས་ནི་དུས་རབས་འདི་བདེ་སྐྱིད་དང་ཞི་བདེ་ལྡན་པ་ཞིག་གམ་ཡང་ན་དཀའ་ཁག་ཅན་ཞིག་ཏུ་བསྐྲུན་མིན་གྱི་མི་སྣ་གཙོ་བོ་དེ་ཡིན་པ་རེད། དེ་བས་དུས་རབས་འདིའི་མི་རབས་རྣམས་ལ་གོ་སྐབས་དང་འགན་འཁྲི་ཡོད་པ་རེད། དེ་བཞིན་ངོས་རང་ཚུད་པའི་དུས་རབས་ཉི་ཤུ་བའི་མི་དག་གིས་དུས་རབས་འདི་བདེ་སྐྱིད་དང་ཞི་བདེ་ཅན་ཞིག་ཏུ་མཐོང་འདོད་ཡོད་ནའང་། ང་ཚོ་ཚང་མ་ག་ལེར་བུད་འགྲོ་བ་རེད། དེ་བས་དུས་རབས་འདི་སྔར་ལས་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་རྒྱུ་ནི་ཁྱེད་ཚོ་རང་ཉིད་ཀྱི་ཁེ་ཕན་སྒྲུབ་ཆེད་ཡིན་པ་རེད། དུས་རབས་ཉེར་གཅིག་གི་མི་རབས་ནི་ཧ་ཅང་གལ་ཆེན་ཡིན་པས་གཞོན་སྐྱེས་ཚོས་ངེས་པར་དུ་འཛམ་གླིང་འདི་བདེ་སྐྱིད་དང་ཞི་བདེ་ལྡན་པ་ཞིག་བསྐྲུན་ཐབས་སུ་བསམ་བློ་གཏོང་དགོས་པ་རེད། རྒྱུ་མཚན་ནི་ད་ལྟ་ང་ཚོར་འཕྲད་བཞིན་པའི་དམག་འཁྲུག་ཚུད་པའི་དཀའ་རྙོག་ཚང་མ་འགྲོ་བ་མི་རང་གིས་བཟོས་པ་ཞིག་རེད། ང་ཚོས་དུས་གཅིག་ལ་དཀའ་རྙོག་ཚང་མ་སེལ་ཐུབ་ཐབས་མེད་ནའང་། དཀའ་རྙོག་འདི་དག་ང་ཚོས་བཟོས་སྟབས་དེ་དག་སེལ་པའི་ནུས་པ་ཞིག་ཡོད་པ་རིག་པའི་ཐོག་ནས་ཤེས་ཐུབ་པ་ཞིག་ཡོད་པ་རེད། དེ་བས་གཞོན་སྐྱེས་ཚོར་འཛམ་གླིང་འདི་སྔར་ལས་བདེ་སྐྱིད་དང་ཞི་བདེ་ལྡན་པ་ཞིག་བསྐྲུན་པར་གོ་སྐབས་ཡག་པོ་ཡོད་ལ། བཟང་སྤྱོད་ཀྱི་འགན་འཁྲི་ཞིག་ཀྱང་ཡོད་པ་རེད། ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་ནས་འཛམ་གླིང་འདིའི་ཐོག་གི་དམག་འཁྲུག་སོགས་ཚུད་པའི་འཚེ་བའི་སྤྱོད་པ་རྣམས་བདག་འཛིན་བྱུང་བ་དང་། རང་ཉིད་དང་རང་ཉིད་ཀྱི་ཚོགས་སྡེ། གཞན་དང་གཞན་གྱི་ཚོགས་སྡེ་སོགས་ཁ་ཁར་དབྱེ་བ་ལས་བྱུང་བར་བརྟེན། འགྲོ་བ་མི་ཚང་མ་གཅིག་གྱུར་ཡིན་པ་དང་དེའི་འདུ་ཤེས་བསྐྲུན་གལ་ཆེ་སྐོར་དང་། སྤྱི་ཚོགས་འདུས་སྡོད་ཀྱི་སྲོག་ཆགས་ཚང་མའི་བདེ་སྡུག་རང་ཉིད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ལ་རག་ལུས་སྟབས་སེམས་ཁུར་བྱེད་ཀྱི་ཡོད་པ་དང་། འགྲོ་བ་མིའང་སྤྱི་ཚོགས་འདུས་སྡོད་ཀྱི་སྲོག་ཆགས་ཤིག་ཡིན་སྟབས་འཛམ་གླིང་སྤྱི་ཡོངས་ལ་སེམས་ཁུར་བྱེད་དགོས་པ། དེང་སྐབས་འཛམ་གླིང་གི་ཤར་ནུབ་ཀྱི་ཚན་རིག་འཕྲུལ་རྩལ་དང་དཔལ་འབྱོར། ཁོར་ཡུག་སོགས་ཚང་མ་གཅིག་ལ་གཅིག་བརྟེན་དུ་གྱུར་ཡོད་པ་དང་། ཆོས་ལུགས་ཁག་གིས་ཀྱང་མི་ཚང་མ་དཀོན་མཆོག་གིས་བཟོ་སྐྲུན་གནང་བ་དང་ཚང་མ་རང་ཉིད་ཀྱི་ཨ་མར་ངོས་འཛིན་བྱེད། ལྷག་པར་དུ་འཚེ་བ་མེད་པ་སོགས་གསུང་གི་ཡོད་སྟབས་འགྲོ་བ་མི་ཚང་མ་གཅིག་གྱུར་གྱི་འདུ་ཤེས་བསྐྲུན་གལ་ཆེ་སྐོར་སོགས་གསུངས་སོང་།བོད་དོན་དང་འབྲེལ་ནས་༧གོང་ས་མཆོག་གིས། བོད་མི་ཚོས་ངོས་ལ་ཡིད་ཆེས་བྱེད་ཀྱི་ཡོད་པས། ངོས་ལ་ཁོང་ཚོའི་མ་འོངས་བའི་ཐོག་བསམ་བློ་གཏོང་དགོས་པའི་བཟང་སྤྱོད་ཀྱི་འགན་འཁྲི་ཡོད་པ་རེད། ཆབ་སྲིད་ཀྱི་ཐོག་ནས་ཕྱི་ལོ་ ༢༠༠༡ ལོ་ནས་ཕྱེད་རྒལ་ཡོལ་དང་རིམ་པས་རྒས་ཡོལ་ཆ་ཚང་ཞུས་པ་རེད་ལ། ད་ལྟ་ང་ཚོར་འོས་འདེམས་བྱས་པའི་མགོ་འཁྲིད་ཡོད་པ་རེད། ནེ་རུ་མཆོག་གི་ལམ་སྟོན་དང་བོད་མི་ཚོའི་མྱོང་བ་གཞིར་བཞག་ཐོག་ཕྱི་ལོ་ ༡༩༧༤ ལོ་ནས་ང་ཚོས་རང་བཙན་རྩོད་ཀྱི་མེད་པར་ང་ཚོ་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུ་འདུག་འདོད་བྱེད་ཀྱི་ཡོད་པ་རེད། གལ་ཆེ་ཤོས་དེ་བོད་ཀྱི་སྐད་ཡིག་དང་ཆོས་ཚུད་པའི་རིག་གཞུང་ཉར་ཚགས་བྱེད་རྒྱུ་དེ་རེད། ཕྱི་ལོ་ ༡༩༡༤ ལོར་སིམ་ལའི་ཆིངས་ཡིག་སྐབས་བོད་དང་བོད་ཆེན་པོར་བགོས་ཏེ་བོད་ལ་རང་བཙན་དང་ཁམས་དང་ཨ་མདོ་གཉིས་ཚུད་པའི་བོད་ཆེན་པོ་རྒྱ་ནག་གི་ཁོངས་སུ་རྩི་ཡི་ཡོད་པ་རེད། དེའི་སྐབས་ཀྱི་བོད་ལ་ཆ་བཞག་ནས་བཤད་ན་མི་གྲངས་ས་ཡ་ ༢ ཙམ་ལས་མེད་པ་རེད། བོད་ཆེན་པོ་སྟེ་ཁམས་དང་ཨ་མདོ་ཚུད་ནས་རྩིས་ཚེ་མི་གྲངས་ས་ཡ་ ༦ ནས་ ༧ ཙམ་བར་ཡོད་པ་རེད། དེ་བས་ང་ཚོས་རྒྱ་ནག་གཞུང་གིས་བོད་རིགས་སུ་ངོས་འཛིན་བྱེད་པའི་བོད་མི་ཡོངས་ལ་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་ཉར་ཚགས་བྱེད་པའི་ཐོབ་ཐང་དགོས་པ་རྩོད་ཀྱི་ཡོད་པ་རེད། ཆབ་སྲིད་ཀྱི་ཐོག་ནས་ང་ཚོས་བོད་རང་བཙན་རྩོད་ཀྱི་མེད་པར་བོད་མིའི་ཧ་ཅང་ཕྱུག་པའི་ཆོས་དང་རིག་གཞུང་། སྣོད་བཅུད་སྲུང་སྐྱོབ་བྱེད་པར་རྩོད་ཀྱི་ཡོད་པ་རེད། བོད་ཀྱི་སྣོད་བཅུད་ལ་ཆ་མཚོན་ན། གོ་ལ་ཚ་འགྱུར་དེ་ཧ་ཅང་ཚབས་ཆེན་ཡིན་པ་རེད། སྣོད་བཅུད་རིག་པ་བ་འགས་བོད་ཀྱི་ཁོར་ཡུག་དང་འབྲེལ་ནས་ང་ཚོར་ཉེན་བརྡ་གཏོང་གི་ཡོད་པ་རེད། རྒྱ་གར་གྱི་སྣོད་བཅུད་རིག་པ་བ་འགས་བོད་ནི་མཐོ་སྒང་ཡིན་པ་དང་མཁའ་རླུང་སྲབ་མོ་ཡིན་པ་ལ་བརྟེན། ཐེངས་ཤིག་འབག་བཙོག་གི་གནོད་སྐྱོན་བཟོས་ཚེ་བསྐྱར་གསོ་ཡོང་བར་ཡུན་རིང་འགོར་གྱི་ཡོད་པས། བོད་ཀྱི་སྣོད་བཅུད་ཀྱི་གནས་སྟངས་དེ་ཏོག་ཙམ་ཛ་དྲག་ཡིན་པ་རེད། ངོས་ཀྱིས་རྟག་ཏུ་འབྲེལ་ཡོད་དང་ལྷག་པར་དུ་རྒྱ་རིགས་ཚོར་བོད་ནང་གི་རང་བྱུང་སྤྱོད་རྒྱུ་ནི་གལ་ཆེན་པོ་ཡིན་ནའང་། ནགས་ཚལ་སོགས་ཐོན་ཁུངས་གཏོར་སྐྱོན་འགྲོ་བར་གཟབ་ནན་བྱེད་དགོས་པ་ནི་དེ་ལས་གལ་ཆེན་ཡིན་སྐོར་བརྗོད་ཀྱི་ཡོད། ཅེས་གསུངས་སོང་།

སང་ཉིན་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དུ། རྒྱ་གར་མཐོ་རིམ་ཞིབ་འཇུག་ལྟེ་གནས་ཁང་(Indian Institute of Advanced Study) གི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་སྲིད་འཛིན་ཟུར་པ་དམ་པ་རཱ་ཌཱ་ཀིར་ཤི་ནན་མཆོག་གི་རྗེས་དྲན་ཐེངས་ ༢༤ པའི་ལྷན་ཚོགས་(24th Sarvepalli Radhakrishnan Memorial Lecture) ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་ཐོག་བཀའ་སློབ་དང་། ཚོགས་ཞུགས་པའི་དྲི་བར་བཀའ་ལན་བསྩལ་རྒྱུ་སོགས་ཀྱི་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༡/༢༠

Leave a Reply

One thought on “དུས་རབས་འདིའི་མི་རྣམས་ལ་གོ་སྐབས་དང་འགན་འཁྲི་གཉི་ག་ཡོད།