རཱ་དྷ་ཁིར་ཤི་ནན་ནི་རྒྱ་གར་གྱི་གནའ་དེང་ཤེས་ཡོན་ཟུང་འབྲེལ་གྱི་མིག་དཔེ་ལྟ་བུ་ཡིན།

༧གོང་ས་མཆོག་ནས་དུས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་ང་ཚོ་ཚང་མ་རྒས་འགྲོ་བཞིན་ཡོད་ཀྱང་གཙོ་བོ་ནི་མི་ཚེ་དོན་སྙིང་ལྡན་པ་ཞིག་ཡིན་དགོས་པ་རེད་ཅེས་གསུངས་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དུ། རྒྱ་གར་གྱི་ཆེས་མཐོའི་སློབ་གཉེར་ཁང་གིས་གོ་སྒྲིག་བྱས་པའི་རྒྱ་གར་གྱི་སྲིད་འཛིན་ཟུར་པ་དམ་པ་སར་ཝེ་པཱ་ལི་རཱ་དྷ་ཁིར་ཤི་ནན་ (Sarvepalli Radhakrishnan) མཆོག་གི་རྗེས་དྲན་ཚོགས་འདུའི་གཏམ་བཤད་སྐབས་ ༢༤ པའི་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་ཡོངས་ཁྱབ་ཀྱི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་སྐབས། དེང་རབས་རྒྱ་གར་གྱིས་ང་ཚོའི་སེམས་མྱོང་ལ་ཁ་གཏད་ཇི་ལྟར་གཅོག་ཚུལ་སྟོན་པའི་གནའ་བོའི་རྒྱ་གར་གྱི་རིག་གཞུང་ལ་དོ་སྣང་བྱེད་དགོས་སྐོར་གསུངས་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ད་ལན་འདིར་ངའི་གྲོགས་པོ་རྙིང་པ་དེ་འདྲ་བསླེབས་འདུག ངས་ཁོང་ཚོའི་མི་རེ་ངོ་རེ་ཡི་མིང་དྲན་གྱི་མི་འདུག་ཀྱང་། ཁོང་ཚོའི་ངོ་གདོང་ཀླད་པའི་ནང་གསལ་ལྷང་ངེར་འཆར་གྱི་འདུག ངོས་རང་ཁོང་ཚོ་དང་ཐུག་དུས་ལོའི་འགྱུར་འགྲོས་ཀྱི་རྐྱེན་པས་ཁོང་ཚོའི་ངོ་གདོང་ཧ་ཅང་འགྱུར་འདུག ཡང་སྐབས་རེར་ངའི་གྲོགས་པོ་འགའ་ཤས་ཧ་ཅང་རྒས་ཡོད་པ་མཐོང་དུས། དེས་ད་ལྟ་རང་ཉིད་ཀྱང་རྒས་ཡོད་པ་དྲན་དུ་འཇུག་གི་འདུག འོན་ཀྱང་གཙོ་བོ་ནི་མི་ཚེ་ཟེར་རྒྱུ་དེ་དོན་སྙིང་ལྡན་པ་ཞིག་ཡིན་དགོས། ནང་པས་ང་ཚོ་ཚང་མའི་རྒྱུད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་བཤད་ཀྱི་ཡོད། དེར་བརྟེན། གཞི་རྩ་དེའི་ཐོག་ནས་རང་རྒྱུད་ཀྱི་སངས་རྒྱས་ཀྱི་རང་བཞིན་མངོན་འགྱུར་དང་རྒྱ་བསྐྱེད་ཡོང་ཆེད་ཐོག་མར་སྦྱོང་བརྡར་བྱེད་དགོས་ཀྱི་ཡོད་པ་རེད། དེའི་ཆེད་གལ་ཆེ་ཤོས་དེ་ཐོག་མར་མཐར་གཏུག་གི་གནས་ལུགས་ཤེས་རྟོགས་དགོས་རྒྱུ་དེ་རེད། དེ་ཚད་རྡུལ་དངོས་ཁམས་ཚན་རིག་དང་འདྲ་པོ་ཡོད། ངོས་རང་གིས་དུས་རྒྱུན་སྒོམ་སྒྲུབ་བྱེད་སྐབས་དངོས་ཁམས་ཚན་རིག་པས་བཤད་བཞིན་པའི་ལྟ་ཚུལ་དག་ལ་ཡང་བསམ་བློ་གཏོང་གི་ཡོད། ཁོང་ཚོས་སྣང་ཚུལ་དང་དངོས་ཡོད་བར་ལ་ཁྱད་པར་ཆེན་པོ་ཡོད་པ་བཤད་ཀྱི་ཡོད། དེ་ནི་མགོན་པོ་ཀླུ་སྒྲུབ་དང་སློབ་དཔོན་ཐོགས་མེད་ཀྱི་ལྟ་གྲུབ་རེད། ཁོང་གཉིས་ཀྱི་ལྟ་གྲུབ་ནང་དུ་ཡང་དངོས་ཡོད་དང་སྣང་ཚུལ་བར་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། གང་ཡིན་ཟེར་ན། ང་ཚོའི་རྒྱུད་ཀྱི་ལྡོག་ཕྱོགས་ཀྱི་སེམས་མྱོང་མང་ཆེ་བ་སྣང་ཚུལ་ལ་བརྟེན་ནས་འབྱུང་གི་ཡོད་པ་དང་། དེར་ཁ་གཏད་གཅོག་པར་དངོས་པོའི་གནས་ལུགས་ཤེས་རྒྱུ་དེ་རེད། དེ་བཞིན། གཞན་སེམས་ཟེར་བ་དེ་ནང་པ་ཡིན་མིན་དང་། ཆོས་དད་པ་ཡིན་མིན། ཐ་ན་དུད་འགྲོ་ཡིན་ན་ཡང་། བྱམས་བརྩེའི་ནུས་པ་མང་བ་ཡོད་པའི་དུད་འགྲོ་རྣམས་ལ་བདེ་སྐྱིད་མང་བ་ཡོད། དཔེར་ན་བྱམས་བརྩེ་ཆེ་བའི་ཁྱི་ཞིག་ལ་མཚོན་ན་ཡང་། ཁོའི་སར་ཁྱི་མང་པོ་འཁོར་གྱི་ཡོད་པ་རེད། དུས་རྒྱུན་ཟུག་ནས་སྡོད་མཁན་ཁྱི་ཚོར་འཁོར་མཁན་མེད་པར་ཁེར་རྐྱང་ལུས་ཀྱི་ཡོད་པ་རེད། དེ་ནས་ང་ཚོ་མི་ལྟ་བུ་སྤྱི་ཚོགས་སེམས་ཅན་ལ་མཚོན་ན། ཚན་རིག་པ་འགའ་ཤས་ཀྱིས་ཀྱང་མིའི་རིགས་དེ་སྤྱི་ཚོགས་སེམས་ཅན་ཡིན་སྟབས། ང་ཚོའི་སེམས་རྒྱུད་ལ་བྱམས་བརྩེའི་ནུས་པ་མང་བ་ཡོད་སྐོར་རྗོད་ཀྱི་ཡོད་པ་རེད། དེར་བརྟེན་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ཆེ་ཁག་ཚང་མས་གཅིག་མཚུངས་སུ་བརྩེ་བ་བཤད་ཀྱི་ཡོད་ལ། དེ་བཤད་པར་ལྟ་གྲུབ་འདྲ་མིན་བསྟེན་གྱི་ཡོད་པ་རེད། དེས་ན། ལམ་སྟོན་གཅིག་མཚུངས་ཡིན་པའི་རྒྱུ་མཚན་གྱིས། ཆོས་ལུགས་ཆེ་ཁག་ཚང་མས་ཕན་ཚུན་ལ་གུས་བརྩི་ཡོད་པའི་ཐོག་ནས་མཐུན་འབྲེལ་བྱེད་རྒྱུ་གལ་ཆེན་ཡིན། ཞེས་གསུངས་སོང་།ཡང་སྲིད་འཛིན་ཟུར་པ་རཱ་དྷ་ཁིར་ཤི་ན་དང་མཇལ་འཕྲད་གནང་བའི་སྐོར་ལ་༧གོང་ས་མཆོག་གིས།  ངོས་རང་གིས་དྲན་གསོས་པ་ཞིག་ལ། ཕྱི་ལོ་ ༡༩༥༦ ལོར་ངོས་རང་རྒྱ་གར་དུ་སངས་རྒྱས་སྐུ་འཁྲུངས་པའི་དུས་དྲན་མཛད་སྒོར་བཅར་རྒྱུ་བྱུང། དེ་རྒྱ་གར་གཞུང་གིས་གོ་སྒྲིག་ཞུས་པ་ཞིག་རེད། སྐབས་དེའི་མཛད་སྒོའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དེ་སྐུ་ཞབས་རཱ་དྷ་ཁིར་ཤི་ནན་རེད། ངས་དུས་རྒྱུན་རྒྱ་གར་བ་ཚོས་གནའ་རབས་རྒྱ་གར་གྱི་ཤེས་ཡོན་ལ་སློབ་སྦྱོང་བྱེད་དགོས་སྐོར་བཤད་ཀྱི་ཡོད། དེང་རབས་རྒྱ་གར་འདིས་ཕྱི་དངོས་པོའི་ཤེས་ཡོན་དང་མཉམ་དུ་ཕྱི་དངོས་པོའི་འཚོ་བར་ཤུགས་ཆེར་དོ་སྣང་བྱེད་ཀྱི་འདུག དེར་བརྟེན་དེང་རབས་རྒྱ་གར་གྱིས་ང་ཚོའི་སེམས་མྱོང་ལ་ཁ་གཏད་ཇི་ལྟར་གཅོག་ཚུལ་སྟོན་པའི་གནའ་བོའི་རྒྱ་གར་གྱི་རིག་གཞུང་ལ་དོ་སྣང་བྱེད་དགོས། ལོ་ངོ་ ༣༠༠༠ ལྷག་གི་ལོ་རྒྱུས་ལྡན་པའི་རྒྱ་གར་གྱི་རིག་གཞུང་ཁྲོད་འཚེ་མེད་དང་། བྱམས་བརྩེ་ཞེས་པ་དེ་དག་ང་ཚོའི་སེམས་དང་སེམས་མྱོང་ལ་འབྲེལ་བ་ཡོད་པ་རེད། དེར་བརྟེན་རྒྱ་གར་ལ་དེང་རབས་ཤེས་ཡོན་དང་གནའ་བོའི་རྒྱ་གར་གྱི་རིག་གཞུང་གཉིས་མཉམ་སྦྲེལ་བྱ་རྒྱུའི་གོ་སྐབས་དང་ནུས་པ་ཡོད་པ་རེད། རཱ་དྷ་ཁིར་ཤི་ནན་ནི་མིག་དཔེ་ལྟ་ཡུལ་ཞིག་ཏུ་གྱུར་ཡོད། ཁོང་གིས་ནུབ་གླིང་གི་ལྟ་གྲུབ་ཁག་ལ་ཞིབ་པར་བསླབས་ཏེ། ངོས་ཀྱི་དྲན་གསོས་པ་ཞིག་ལ་ཨོག་སི་ཧྥོར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སློབ་དཔོན་གནང་ཡོད་པ་མ་ཟད། དེའི་བར་ནས་ཁོང་གིས་གནའ་བོའི་རྒྱ་གར་གྱི་ཤེས་ཡོན་ལ་བསླབས་ཡོད། སྐབས་རེར་ངོས་གཉིས་ཐུག་འཕྲད་བྱུང་སྐབས། ཁོང་གིས་དབྱངས་དང་བཅས་ཏེ་ལེགས་སྦྱར་སྐད་ཀྱི་ཚིགས་བཅད་འགའ་བཏོན་མྱོང་། ཧ་ལས་པའི་མཚར་པོ་རེད། ངོས་ཀྱིས་བཤད་ཆོག་ན། སྐབས་རེར་རཱ་དྷ་ཁིར་ཤི་ནན་གྱིས་ལེགས་སྦྱར་གྱི་ཚིགས་བཅད་འདོན་སྐབས། ཕལ་ཆེར་ངོས་ཀྱིས་དེའི་གོ་དོན་ལེགས་པར་རྟོགས་ཀྱི་ཡོད་པ་རེད། ང་ཚོས་ལོ་མང་པོར་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། ངོས་ཀྱིས་ཁོང་གི་ལེགས་སྦྱར་གྱི་ཚིགས་བཅད་ཀློག་འདོན་ཐད་ཡི་རང་དང་བརྩི་བཀུར་ཞུ་ཡི་ཡོད། འོན་ཀྱང་ཕྱོགས་གཞན་ནས་ང་ཚོས་ལོ་མང་རིང་སློབ་སྦྱོང་བྱེད་ཀྱི་ཡོད་པ་མ་ཟད་ཉིན་ལྟར་སྦྱོང་བརྡར་བྱེད་ཀྱི་ཡོད་པར་བརྟེན། ངོས་ཀྱིས་དེའི་གོ་དོན་ལེགས་པར་རྟོགས་ཀྱི་ཡོད། དེར་བརྟེན་ཁོང་ནི་དེང་རབས་ཤེས་ཡོན་དང་གནའ་བོའི་ཤེས་ཡོན་ཟུང་འབྲེལ་གྱི་མིག་དཔེ་ཞིག་རེད། ཅེས་གསུངས་སོང་། དེའི་རྗེས་ཚོགས་ཞུགས་པའི་དྲི་བར་བཀའ་ལན་གནང་སོང་།

མཛད་འཆར་ལྟར་ན། ཟླ་འདིའི་ཚེས་ ༢༤ ཉིན་མ་ཧཱ་ར་ཤི་ཊཱར་(Maharashtra)ཨོ་རན་གྷ་བྷ་ཌི་(Aurangabad)རུ་རྟེན་གཞི་བྱས་པའི་ལོ་ཀུ་ཏ་ར་དགེ་སློང་གི་སྡོམ་པའི་སྦྱོང་བརྡར་ལྟེ་གནས་(Lokuttara International Bhikkhu Training Center )ཞེས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཁུལ་དེའི་ལུས་སྦྱོང་མཐོ་རིམ་སློབ་གྲྭའི་རྩེད་ཐང་དུ་ནང་ཆོས་སྤྱི་བཤད་ཀྱི་གསུང་ཆོས་བཀའ་དྲིན་བསྩལ་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༡/༢༡

Leave a Reply