ཁ་མཆུ་ཨང་ ༢༡ པར་ཉན་ཞིབ་ཐེངས་གཉིས་པ་གནང་།

ཁ་མཆུ་དེབ་འགོད་ཨང་ ༢༡ པའི་ཉན་ཞིབ་ཐེངས་གཉིས་པའི་ཐོག་ཞུ་སྦྱོར་བར་རང་བདག་ཁང་པ་ཡོད་མེད་དང་ཕྱི་རྒྱལ་མི་སེར་ཡིན་ན་ཡུལ་ཁྲིམས་གཞིར་བཟུང་བཙན་བྱོལ་བོད་མིའི་མཐུན་རྐྱེན་ཞུ་ལེན་མི་ཆོག་པའི་ཐད་ནས་ཞུ་སྦྱོར་བ་དང་རྩོད་ལན་པའི་བར་རྩོད་བཤད་གནང་སོང་།དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ནས་ ༤།༣༠ བར་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༤༡ པ་གཞིར་བཟུང་། ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༡ པ་བགྲེས་ཡོལ་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཐད་ཐོག་མའི་ཉན་ཞིབ་ཐེངས་གཉིས་པ་གནང་སོང་བ་དང་། ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་དབུས་ཁྲིམས་ཞིབ་པ་གཞན་གཉིས་དང་། ཞུ་སྦྱོར་བ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་བགྲེས་ཡོལ་སྐལ་བཟང་ཕུན་ཚོགས་དང་། རྩོད་ལན་པ་ནང་སྲིད་ལས་ཁུངས་དང་བཀའ་ཤག་གི་ཁྲིམས་རྩོད་པ་ནང་སྲིད་ཀྱི་ལས་བྱེད་ཚེ་རིང་དོན་གྲུབ་དང་། རྩོད་ལན་པའི་སྐུ་ཚབ་དྲུང་ལས་དངོས་གྲུབ་འོད་ཟེར་དང་གཞན་ཞིག་བཅས་འཛོམས་འདུག

དེ་རིང་གི་ཐོག་མའི་ཉན་ཞིབ་ཐེངས་གཉིས་པའི་ཐོག ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་འདིའི་གནད་དོན་གསུམ་སྟེ། དང་པོ། ཞུ་སྦྱོར་བར་རང་བདག་ཁང་པ་ཡོད་པ་དང་། གཉིས་པ། བགྲེས་ཤག་གི་སྒུག་ཐོའི་ཁོངས་ནས་རང་བཞིན་ངང་འབུད་པ་ཆགས་ཡོད། གསུམ་པ། ཕྱི་རྒྱལ་མི་སེར་ཡིན་ན་ཡུལ་ཁྲིམས་གཞིར་བཟུང་བཙན་བྱོལ་བོད་མིའི་མཐུན་རྐྱེན་ཞུ་ལེན་མི་ཆོག་པ་བཅས་ལས། གནད་དོན་གཉིས་པའི་ཐོག་རྩོད་བཤད་མི་དགོས་པའི་གཏན་འབེབ་གནང་ཟིན་པ་ལྟར། དེ་རིང་གནད་དོན་ལྷག་འཕྲོ་གཉིས་ཀྱི་ཐོག་ལ་རྩོད་བཤད་བྱས་སོང་།

རྩོད་ལན་པའི་ཁྲིམས་རྩོད་པ་ཚེ་རིང་དོན་གྲུབ་ཀྱིས་གནད་དོན་དང་པོ་དང་འབྲེལ། དཔང་རྟགས་ཡིག་ཆ་ ༤ འདོན་འབུལ་གྱིས་ཞུ་སྦྱོར་བ་གནས་སྡོད་བྱ་སའི་ཁང་པ་དེ་ཞུ་སྦྱོར་བའི་རང་བདག་ཡིན་པ་ཁུངས་སྐྱེལ་བྱས་སོང་། དེ་ཡང་ཞུ་སྦྱོར་བ་སྐལ་བཟང་ཕུན་ཚོགས་གནས་སྡོད་བྱ་སའི་ཁང་པ་དེ་ (General Power of Attorney) གྱི་ཆོད་ཡིག་ཐོག་ཞུ་སྦྱོར་བའི་མིང་ཡོད་པ་དང་།  དེ་བཞིན་དེ་སྔ་ཧི་མ་ཅལ་གཞུང་ནས་དྷ་སའི་ཁུལ་གྱི་ཁྲིམས་མཐུན་མ་ཡིན་པའི་ (Benami Property) ཁང་པའི་ཐད་བཀའ་ཁྱབ་ཅིག་བཏང་ཡོད་པ་དང་། དེའི་ནང་ཞུ་སྦྱོར་བའི་ཁང་པ་དེ་ཚུད་ཡོད་སྟབས། ཞུ་སྦྱོར་བས་ནང་སྲིད་ལས་ཁུངས་ལ་རང་གི་ཁང་པ་མིང་ཐོ་དེ་ནས་ཕྱིར་འདོན་རྒྱུའི་ཞུ་སྙན་ཞིག་ཕུལ་བའི་ནང་། ཁང་པ་དེའི་བདག་པོ་རང་ཉིད་ཡིན་སྐོར་བཀོད་ཡོད་པ། དེ་བཞིན་ཁང་པ་དེར་གློག་འཁྲིད་འཐེན་གྱི་མི་ཊར་ལེན་སྐབས་ཡིག་ཆའི་ཐོག་ཞུ་སྦྱོར་བའི་མིང་བཀོད་ཡོད་པ་སོགས་བརྗོད་དེ། དྷ་སར་ཡོད་པའི་ཁང་པ་དེ་ཞུ་སྦྱོར་བའི་རང་བདག་ཁང་པ་ཡིན་པའི་དཔང་རྟགས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་སྒྲིག་གཞི་དོན་ཚན་བཅུ་གཉིས་པ་བགྲེས་ཡོལ་ལས་བྱེད་ཀྱི་སྡོད་ཁང་ཅེས་པའི་ནང་གསེས་དོན་ཚན་གཉིས་པ་གཞིར་བཟུང་བགྲེས་ཤག་རྩོད་རྒྱུའི་ཐོབ་ཐང་མེད་སྐོར་ཁུངས་སྐྱེལ་བྱས།

རྩོད་གཞི་དེའི་ཐད་ཞུ་སྦྱོར་བའི་ངོས་ནས་དམ་ཡིག་གཉིས་འདོན་འབུལ་ (Affidavit) བྱས་ཏེ། ཁང་པ་དེ་རང་ཉིད་ཀྱི་གཅེན་མོའི་ཡིན་པ་ལས་ཁོ་རང་གི་མིན་སྐོར་དང་། གལ་ཏེ་ཁང་པ་དེ་ཁོ་རང་གི་ཡིན་ཚེ་ཧི་མ་ཅལ་གཞུང་གི་ཁྲིམས་མཐུན་མ་ཡིན་པའི་ཁང་པའི་ (Benami Property) མིང་ཐོའི་ནང་ཚུད་དགོས་དོན་མེད་ལ། ནང་སྲིད་ལ་ཕུལ་བའི་ཞུ་སྙན་དེའི་ཐོག་ཞུ་སྦྱོར་བའི་མིང་རྟགས་མེད་པ་མ་ཟད། ཚིག་བརྗོད་ཀྱི་ཐོག་ནས་ཀྱང་རང་ཉིད་ཀྱི་མིན་སྐོར་དང་། ཁང་པ་དེ་ཉིད་ (General Power of Attorney) ཞེས་པའི་ཐོག་ནས་ཡོད་པ་དེས་ཀྱང་ཞུ་སྦྱོར་བ་རང་ཉིད་ཁང་པ་དེའི་བདག་པོ་མིན་པ་བསྟན་ཡོད་སྐོར་སོགས་བརྗོད་དེ། ཁང་པ་དེ་ཉིད་རང་བདག་མིན་སྐོར་ཁུངས་སྐྱེལ་བྱས་སོང་། ཡིན་ན་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཞུ་སྦྱོར་བས་འདོན་འབུལ་བྱས་པའི་དམ་ཡིག་དེ་དག་སྤྱི་དམངས་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༤༧ གཞིར་བཟུང་དཔང་རྟགས་སུ་བླང་བྱར་མི་རུང་བའི་ཐག་གཅོད་གནང་སོང་།

གནད་དོན་གཉིས་པ་དང་འབྲེལ། རྩོད་ལན་པས་རྒྱ་གར་གྱི་ཁྲིམས་ཁང་ཞིག་གིས་བོད་མི་རྒྱ་གར་མི་སེར་ལག་ཁྱེར་ལེན་མཁན་ཚོས་བོད་མིའི་སྐྱབས་བཅོལ་ལག་དེབ་དང་ཕྱིར་སྐྱོད་ལག་ཁྱེར་རྩིས་སྤྲོད་བྱེད་དགོས་པ་དང་། བཙན་བྱོལ་བོད་མིའི་གཞིས་ཆགས་ནང་སྡོད་མི་ཆོག་པ། བཙན་བྱོལ་བོད་མིའི་མཐུན་རྐྱེན་ཞུ་ལེན་མི་ཆོག་པ་སོགས་དོན་ཚན་བཞི་ཅན་ཞིག་བཀའ་ཁྱབ་བཏང་བ་བཞིན། བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༤ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་བགྲེམས་ཀྱི་དོན་ཚན་བཅུ་གཉིས་པར་བསྐྱར་བཅོས་གཏན་འབེབ་གནང་ཡོད་སྐོར་བརྗོད་དེ། ཞུ་སྦྱོར་བ་ཨ་རིའི་མི་སེར་ཞིག་ཡིན་པའི་ཆ་ནས་སྒྲིག་གཞི་དེའི་དགོངས་དོན་གཞིར་བཟུང་། བོད་མིའི་སྒྲིག་འཛུགས་ཀྱི་བགྲེས་ཤག་དགོས་རྩོད་བྱ་རྒྱུའི་ཐོབ་ཐང་མེད་སྐོར་བརྗོད་སོང་བ་དང་། དེར་ཞུ་སྦྱོར་བས། སྤྱིར་རྒྱ་གར་ཁྲིམས་ཁང་གིས་བཏང་བའི་བཀའ་ཁྱབ་དེ་ནི་རྒྱ་གར་གྱི་མི་སེར་ལག་ཁྱེར་ལེན་མཁན་གྱི་བཙན་བྱོལ་བོད་མིར་འཇུག་པ་ལས། ཕྱི་རྒྱལ་དུ་ཡོད་པའི་བོད་མིར་འཇུག་གི་མེད་སྐོར་སོགས་བརྗོད་སོང་།

སྤྱིར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁ་མཆུ་འདི་ཉིད་ཐོག་མར་བྱང་ཕྱོགས་ཁྲིམས་ཞིབ་ཁང་ལ་གཏུགས་ཡོད་ཀྱང་། ཁྲིམས་ཞིབ་ཁང་དེ་ནས་ཁྲིམས་ཁོངས་ཁྱབ་ཚད་ནོར་འཁྲུལ་ཅན་དུ་ངོས་འཛིན་གནང་སྟེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥ པ་བཅའ་ཁྲིམས་ཀྱི་ཚན་འཛིན་ནང་གསེས་དོན་ཚན་གཉིས་པ་གཞིར་བཟུང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་ཆོག་པའི་བཀའ་ཁྱབ་བཏང་བ་གཞིར་བཟུང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས་པ་ཞིག་ཡིན་འདུག་ལ། རྩོན་ལན་པ་ནང་སྲིད་ལས་ཁུངས་དང་བཀའ་ཤག་ངོས་ནས་བྱང་ཕྱོགས་ཁྲིམས་ཁང་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་གཉིས་ཀར་ཁ་མཆུ་དེར་གཞི་རྩ་མེད་པས་རྩིས་མེད་གཏོང་དགོས་པའི་ཞུ་སྙན་ཕུལ་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༡/༢༡

Leave a Reply

7 thoughts on “ཁ་མཆུ་ཨང་ ༢༡ པར་ཉན་ཞིབ་ཐེངས་གཉིས་པ་གནང་།

  1. གཞུང་པ་ཚེ་དབང་བསོད་ནམས

    ཁ་མཆུ་འདི་དང་འབྲེལ་ཆགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནུས་པ་འཐོན་ནས་མི་ལོ་ཉེར་བརྒྱད་ལ་ཉེ་བའི་སྐབས་འདིར་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་དོན་ཚན་བརྒྱད་པ་ ( བོད་ཀྱི་ཡུལ་མི ) ཟེར་བའི་ནང་གསེས་བཞི་པ་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་གཏན་འབེབས་མ་ཐུབ་པ་འདིའི་ཁ་མཆུ་འདི་ལ་ཤུགས་རྐྱེན་ཐེབས་སྲིད་པ་མ་རེད་དམ།

  2. བཀྲ་སྒྲོལ་མ

    ཨ་རིའི་མི་སེར་ཞིག་གི་བཙན་བྱོལ་གཞུང་ལ་ཐོབ་ཐོང་རྩོད་པ་དེ་ཧ་ཅང་ཡ་མཚན་ཅན་གྱི་མ་རེད་པས།

  3. མཐུ་སྟོབས་དབང་ཕྱུག་གཡུ་ཐོག་

    ཡང་མི་སྒེར་ཞིག་དེ་ཡང་གཞུང་ཞབས་བགྲེས་ཡོལ་བ་ཞིག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལྷན་ཁང་ཁྲིམས་ལ་སྦྱར་སྟེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁྲིམས་ལ་སྦྱར་མཁན་དཔའ་བོ་ཨང་གཉིས་པ་ཐོན་འདུག་མོད་། ༧གོང་སམཆོག་གིས་བཀའ་སློབ་ཞིག་ནང་ “བསྟན་པ་འགོ་ནས་གཤིགས་ཀྱི་འདུག་”གསུངས་པ་ལ་བསྐྱར་དུ་སེམས་ནང་འོད་ལྷངས་བྱས་སོང་། བཟང་སྤྱོད་དང་ཕྲིས་གཞུང་བརྩི་བཀུར་ཡོད་པའི་ཐོག་ནས་ཞུས་ན་ཤི་བ་སྲོག་ལ་ཐུགས་འགྲོ་བའི་ཐབས་སྡུག་ཀྱི་གནས་སྟངས་ཆགས་ན་ཡང་བོད་མི་རྒྱ་ཆ ༩༩.༥༠ ནས་སོ་སོའི་གཞུང་དེ་མང་གཙོ་དང་ཁྲིམས་ལུགས་དབང་འཛིན་ཁ་ལ་ཁྱེར་ནས་ཁྲིམས་ལ་དུས་ནམ་ཡང་སྦྱར་གི་མ་རེད་ཞེས་ཐག་ཆོད་པོའི་སྒོ་ནས་ཞུ་འདོད་བྱུང་། བལྟས་ངན་པ་དང་དུས་ཚོད་ངན་པ་ཞིག་ཤར་མི་ཡོངས་ཤོག་བསམ་ནས་སྨོན་ལམ་རང་བཞིན་རྒྱབ་དགོས་པའི་གནས་སྟངས་ཆགས་ཀྱི་འདུག་ དེ་ནི་མི་ངན་རེ་བཟུང་ཞིག་གིས་ཞོ་བཞིན་དུ་ཆགས་ཡོདཔའི་སྤྱི་ཚོགས་ནང་ཁྲགས་བཞིན་བརྐྲུགས་ཐུབ་ཐབས་འབད་བརྩོན་ཡོད་དགུ་རྩལ་དྲག་བྱ་བཞིན་པ་འདི་ལ་རྒྱལ་གཅེས་ལྷག་བསམ་ལྡན་པ་རྣམས་ནས་དྭོགས་ཟོན་ངེས་པར་དུ་གནང་སྐྱོང་ཡོང་བའི་འབོད་བསྐུལ་ནན་རྟེན་ཞུ་། ཐུགས་རྗེ་ཆེ་།།།