གླིང་ཕྲན་རྒྱལ་ཁབ་ཅིག་གིས་རྒྱ་ནག་ལ་རྒྱབ་གཏད་དེ་ཐའེ་ཝན་ལ་རྒྱབ་སྐྱོར་བྱས།

ལྷོ་ཞི་བདེ་རྒྱ་མཆོའི་གླིང་ཕྲན་རྒྱལ་ཁབ་ཊོ་ཝ་ལོ་ཡིས་རྒྱ་ནག་གི་ཞི་བདེ་རྒྱ་མཆོའི་ཁུལ་གྱི་དབང་སྒྱུར་ལ་ཁ་གཏད་བཅག་སྟེ་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་བཞིན་འདུགབྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ལྷོ་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཊོ་ཝ་ལོ་(Tuvalu)གཞུང་གིས། ཐའེ་ཝན་ལ་རྒྱབ་སྐྱོར་མཚོན་སླད་དང་རྒྱ་ནག་གི་བཙན་རྒྱལ་རིང་ལུགས་ཀྱི་དབང་ཤུགས་སྔོན་འགོག་སོགས་ཀྱི་ཆེད་དུ།  རྒྱ་ནག་གཞུང་ནས་གླིང་ཕྲན་དེར་ཨ་སྒོར་ས་ཡ་ ༤༠༠ བཏང་སྟེ་རྒྱ་མཚོའི་རྦ་རླབས་ཀྱི་གནོད་སྐྱོན་སྔོན་འགོག་ཆེད་མིས་བཟོས་གླིང་ཕྲན་ཞིག་བཟོ་རྒྱུ་བྱས་པ་དྭང་ལེན་བྱས་མི་འདུག

ཊོ་ཝ་ལོ་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་སི་མོན་གོ་ཧྥི་(Simon Kofe)ལགས་ཀྱིས། ངས་རྒྱ་ནག་གི་འཆར་གཞི་དེ་ནི་ལྷོ་ཞི་བདེ་རྒྱ་མཚོའི་ནང་ཐའེ་ཝན་གྱི་སྟོབས་ཤུགས་ཇེ་ཉུང་དུ་གཏོང་ཐབས་ཤིག་ཡིན་པ་ཤེས་སོང་བས། ང་ཚོའི་རྒྱལ་ཁབ་ཀྱིས་ཐའེ་ཝན་ལ་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཞེས་བརྗོད་ཡོད་པ་དང་། ཉེ་བའི་ལོ་འགའི་རིང་རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོའི་ཁུལ་གྱི་སྟོབས་ཤུགས་རྒྱ་སྐྱེད་བཏང་སྟེ། ཐའེ་ཝན་དང་འབྲེལ་འདྲིས་ཡོད་པའི་རྒྱལ་ཁབ་ཁག་རྒྱ་ནག་གི་ཕྱོགས་སུ་ཁ་བསྒྱུར་བཞིན་ཡོད་པ་མ་ཟད། ཐའེ་ཝན་དང་རྒྱལ་འབྲེལ་ཡོད་པའི་རྒྱལ་ཁབ་ཁག་ལ་འབྲེལ་བ་འཛུགས་ཀྱི་མེད་པ་རེད།

ཡང་ཕྱི་སྲིད་བློན་ཆེན་སི་མོན་གོ་ཧྥི་ལགས་ཀྱིས། རྒྱ་ནག་གི་བཟོ་གྲྭ་དེ་དག་ས་གནས་ཀྱི་ཚོགས་སྡེ་ཁག་ཏུ་སོང་སྟེ། ཨ་སྒོར་ས་ཡ་ ༤༠༠ བཏང་ནས་ཊོ་ཝ་ལོ་གཞུང་ལ་མིས་བཟོས་གླིང་ཕྲན་ཞིག་རྒྱག་རྒྱུ་མི་མང་ལ་ཁས་ལེན་བྱས་འདུག་མོད། འོན་ཀྱང་། ངས་བསམ་ན་བཟོ་གྲྭ་དེ་དག་རྒྱ་ནག་གཞུང་གི་རྒྱབ་སྐྱོར་བྱས་པ་ཤ་སྟག་རེད་འདུག་ལ། ང་ཚོས་རྒྱ་ནག་གི་བུ་ལོན་ནང་ལྷུང་བའི་གནས་ཚུལ་མང་པོ་ཞིག་ཐོས་ཀྱི་འདུག ཅེས་བརྗོད་ཡོད་པ་རེད།

ཊོ་ཝ་ལོ་རྒྱལ་ཁབ་ཀྱིས་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཐའེ་ཝན་གྱི་མཐུན་གྲོགས་གླིང་ཕྲན་རྒྱལ་ཁབ་མར་ཤལ་(Marshall)དང་པཱ་ལཱོ་(Palau)། དེ་བཞིན། ནཱེ་རོ་(Nauru)བཅས་མཉམ་འབྲེལ་གྱིས་ཐའེ་ཝན་གྱི་མཐུན་གྲོགས་རྒྱལ་ཁབ་ཁག་མཐུན་སྒྲིལ་དང་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་འཆར་ཡོད་པ་དང་། གནད་དོན་འདིའི་ཐད་ཕྱི་སྲིད་བློན་ཆེན་སི་མོན་གོ་ཧྥི་ལགས་ཀྱིས། ང་ཚོས་སྟོབས་ཤུགས་མཉམ་འབྲེལ་དང་མཉམ་ལས་ལ་ཡིད་ཆེས་བྱེད་ཀྱི་ཡོད་ལ། ང་ཚོ་ཚང་མ་མཉམ་ལས་མཉམ་རུབ་ཀྱི་ཐོག་ནས་རྒྱ་ནག་གི་ཤུགས་རྐྱེན་ལ་ཁ་གཏད་གཅོག་ཐུབ་ཀྱི་ཡོད། ཅེས་བརྗོད་ཡོད་པ་རེད།

གཞན་ཡང་ཁོང་གིས། རྒྱ་ནག་གིས་ཊོ་ཝ་ལོ་གླིང་ཕྲན་གྱི་ས་ཉོས་ཏེ་དམག་སྒར་རྒྱག་འདོད་ཡོད་སྟབས། ང་ཚོས་གནད་དོན་འདི་དག་གི་ཐོག་བསམ་བློ་གཏོང་དགོས་འཁེལ་གྱི་ཡོད། ཅེས་བརྗོད་ཡོད་པ་དང་། ཉེ་བའི་ཟླ་འགའི་རིང་། རྒྱ་ནག་གི་ཤུགས་རྐྱེན་འོག ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཐའེ་ཝན་གྱི་མཐུན་གྲོགས་གླིང་ཕྲན་རྒྱལ་ཁབ་ཀ་རེ་བྷ་ཊི་(Kiribati)དང་སོ་ལོ་མོན་(Solomon)གཉིས་ནས་ཐའེ་ཝན་དང་རྒྱལ་འབྲེལ་མཚམས་བཅད་ཡོད་པ་རེད།

ཊོ་ཝ་ལོ་གླིང་ཕྲན་ནི་ཨ་རིའི་ཧ་ཝེ་མངའ་སྡེ་དང་ཨོ་སི་ཊོ་ལི་ཡ་གཉིས་དབར་ཆགས་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཕྱི་ལོ་ ༢༠༡༦ ལོའི་མི་འབོར་ཞིབ་བཤེར་ལྟར་ན། རྒྱལ་ཁབ་དེར་མི་འབོར་ཁྱོན་ ༡༡༡༩༢ དང་དངུལ་ཨོ་སི་ཊོ་ལི་ཡའི་ཌོ་ལར་ཡིན་པ་དང་ས་ཁྱོན་ལ་ཀེ་ལོ་མེ་ཊར་ ༢༦ ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

 

 

 

 

བསྐྱར་བཅོས།: ༢༠༡༩/༡༡/༢༢

Leave a Reply