སྐད་ཡིག་གཉིས་པའི་དགོས་མཁོ། ལྔ་པ།

ནོར་བསམ།

སྐད་ཡིག་གཉིས་པ་དང་། ཕྱི་རྒྱལ་སྐད་ཡིག་ཆེད་ལས་དགེ་རྒན་ཞིག་ལ་མཚོན་ན་གདོང་ལེན་བྱེད་དགོས་པ་མང་པོ་ཡོད་ལ། དེ་བས་ཡར་རྒྱས་དང་། སྤྲོ་སྣང་། བློ་ཡིད་ཚིམས་པའམ་འདོད་བློ་ཁེངས་པའི་ཚོར་སྣང་མང་པོ་ཡོང་ཐུབ། སྐད་ཡིག་གཉིས་པ་སློབ་ཁྲིད་བྱེད་སྐབས་སློབ་ཕྲུག་གིས་མུ་མཐུད་སྦྱོང་རྒྱུའི་དོ་སྣང་ཡོང་ཐབས་དང་། ཡག་པོ་ཤེས་ཐབས་སོགས་ལ་གདོང་ལེན་བྱེད་དགོས་པ་ཧ་ཅང་མང་ནའང་། སློབ་ཚན་མུ་མཐུད་ནས་འཁྲིད་པའི་བརྒྱུད་རིམ་ཁྲོད་སློབ་ཁྲིད་ཐབས་ལམ་གསར་རྙེད་དང་། བློ་བསྐྱེད་གསར་པ་ཐོབ་སྐབས་སེམས་ནང་བློ་ཡིད་ཚིམས་པའི་ཚོར་སྣང་ཡོང་ཐུབ་ལ། ད་དུང་དགེ་རྒན་ཞིག་ལ་མཚོན་ན་སློབ་ཕྲུག་གི་སློབ་སྦྱོང་ཡར་རྒྱས་འགྲོ་བ་མཐོང་སྐབས་སེམས་ནང་སྐྱིད་སྣང་དང་། མུ་མཐུད་དེ་དགེ་རྒན་བྱ་རྒྱུར་སེམས་ཤུགས་འཕར་གྱི་ཡོད།

སངས་རྒྱས་ཆོས་ལུགས་ཀྱི་རྗེས་འབྲང་བ་ཞིག་ལ་མཚོན་ན། དགེ་རྒན་གྱི་ལས་ཀ་ནི་ཧ་ཅང་རྩ་ཆེན་དང་ཕན་རླབས་ལྡན་པ་ཞིག་རེད། དཔེར་ན། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་མཐའ་ཡས་པ་ཡོད་ཀྱང་། ཡོངས་གྲགས་སུ་མཛད་པ་བཅུ་གཉིས་ཀྱི་བགྲང་བའི་དབང་དུ་བཏང་ན་ཆོས་འཁོར་བསྐོར་བའི་མཛད་པ་ནི་རླབས་ཆེ་ཤོས་ཆགས་མེད་དམ། སྟོན་པ་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པ་སངས་རྒྱས་ཟིན་ནའང་། གལ་སྲིད་ཆོས་ཀྱི་འཁོར་ལོ་བསྐོར་མེད་ན། ཁོང་སྐུ་སྒེར་ལ་ཕན་པ་ལས་འགྲོ་བ་སེམས་ཅན་གྲངས་ལས་འདས་པར་ཁོང་གི་ཤེས་རབ་ཀྱི་འོད་སྣང་ལ་བརྟེན་ནས་རྨོངས་པའི་མུན་པ་སེལ་ཐུབ་མེད་ངེས། ཆོས་འཁོར་བསྐོར་བ་དང་དགེ་རྒན་གྱིས་སློབ་ཁྲིད་གནང་བའི་ལས་ཀའི་ངོ་བོ་འདྲ་མཚུངས་སུ་ཡོད། སངས་རྒྱས་ཀྱིས་གདུལ་བྱའི་ཁམས་དང་། མོས་པ་སྣ་ཚོགས་པར་ཆོས་འཁོར་རིམ་པ་སོ་སོར་བསྐོར་བ་བཞིན། དགེ་རྒན་ཚོས་སློབ་ཕྲུག་གི་སེམས་ཁམས་དང་། ཤེས་ཚད། ལོ་ཚད་སོགས་ལ་བསྟུན་ནས་སློབ་ཁྲིད་ཐབས་ལམ་འོས་མཚམས་འཚོལ་ཞིབ་ཀྱིས་སློབ་ཁྲིད་སྐབས་སུ་བེད་སྤྱོད་གནང་དགོས། དམིགས་བསལ་ཕྲུ་གུའི་སེམས་ཁམས་ལ་བསྟུན་དགོས་སྟབས། ཤེས་ཡོན་སེམས་ཁམས་རིག་པར་སློབ་སྦྱོང་ངེས་པར་དུ་གནང་དགོས། རྒྱ་གར་དང་བྱང་ཨ་རི་ཁུལ་ལ་དགེ་རྒན་འོས་སྦྱོང་གི་སློབ་ཚན་ལ་ཁྱད་པར་ཆེན་པོ་ཡོད། དེ་ཡང་ཤེས་ཡོན་སེམས་ཁམས་རིག་པའི་སློབ་ཚན་ཡོད་མེད་དང་། གཏིང་གཟབ་ལོས་ཀྱིས་ཁྱད་པར་ཡོད། ནུབ་ཕྱོགས་ཡུལ་གྲུ་ཁག་ལ་དགེ་རྒན་འོས་སྦྱོང་གི་སློབ་ཚན་ཁྲོད་ཤེས་ཡོན་སེམས་ཁམས་རིག་པའི་སློབ་ཚན་ནི་ཧ་ཅང་གལ་ཆེར་ངོས་འཛིན་བྱེད་ཀྱི་ཡོད་ནའང་། རྒྱ་གར་ནང་དེ་བཞིན་མེད་པར་བརྗོད། དེ་ཡང་རྒྱ་གར་དང་ཨ་རི་གཉིས་ཀར་དགེ་རྒན་འོས་སྦྱོང་དང་དགེ་རྒན་ལོ་མང་རིང་གནང་མྱོང་མཁན་རྒན་ནུབ་པ་བསྟན་འཛིན་མཆི་མེད་ལགས་ཀྱིས་དེ་ལྟར་གསུངས་བྱུང་། རྒྱ་གར་ནང་ལ་འབྲིང་རིམ་དགེ་འོས་ B.Ed ལོ་གཅིག་ཡིན་པ་དང་། དུས་ཡུན་དེའི་རིང་ལ་སློབ་ཁྲིད་ཐབས་ལམ་དང་། གྷན་དྷིའི་ལྟ་གྲུབ་སོགས་ཀྱི་སྦྱོང་གཞི་ཡོད་པ་ལས་ཤེས་ཡོན་སེམས་ཁམས་རིག་པའི་ཐོག་ལ་སློབ་ཚན་དམིགས་བསལ་མེད། འོན་ཀྱང་། ཨ་རིར་དགེ་རྒན་འོས་སྦྱོང་གི་སློབ་སྦྱོང་ལོ་དྲུག་རིང་བྱ་དགོས་པ་དང་། སློབ་ཚན་བརྒྱ་ཆ་དྲུག་ཅུ་ལྷག་ཤེས་ཡོན་སེམས་ཁམས་རིག་པ་ཡིན་པ་གསུངས། ནུབ་ཕྱོགས་སུ་ཁྲིམས་ལུགས་ཐོག་ནས་ཕྲུ་གུར་སྲུང་སྐྱོབ་དང་རང་དབང་ཆེན་པོ་སྤྲད་ཡོད་སྟབས་སློབ་ཕྲུག་གི་སེམས་ཁམས་ལ་ཕོགས་ཐུག་ཅུང་ཟད་ཙམ་ཡང་འགྲོ་ས་མེད། ལོ་རྒྱུས་ཐོག་ཡོ་རོབ་ཁུལ་ལ་དགེ་རྒན་ནི་ལྷ་བཞིན་བཀུར་དགོས་པ་དང་། དགེ་རྒན་གྱི་ལས་ཀ་ཡང་སྐུ་དྲག་ཁྱིམ་རྒྱུད་ཀྱི་མི་སྣ་དང་། རིགས་མཐོ་བས་མ་གཏོགས་བྱེད་མི་ཆོག ད་དུང་། དགེ་རྒན་གྱིས་གང་བཤད་པ་ཉན་དགོས་པའི་གནས་སྟངས་བྱུང་ཡོད་ཀྱང་། དེང་སྐབས་དགེ་རྒན་ནི་ཕྲུ་གུའི་ཞབས་ཞུ་བ་ལྟ་བུར་བསྒྱུར་ཡོད། འོན་ཀྱང་བཟང་ཕྱོགས་ཀྱི་བསྒྱུར་བ་ནི་དེང་སྐབས་ནུབ་ཕྱོགས་ཡུལ་ཁག་ལ་དགེ་རྒན་གྱི་ལས་ཀ་སུས་བྱས་ནའང་འགྲིག་པ་ལས་རིགས་མཐོ་བ་དང་། སྐུ་དྲག་ཁྱིམ་བརྒྱུད་ནས་ཡིན་དགོས་དོན་མེད།

དགེ་རྒན་ལ་ཚང་དགོས་པའི་ཆ་རྐྱེན་མང་པོ་ནུབ་ཕྱོགས་སློབ་གསོ་དང་། ནང་བསྟན་གསུང་རབ་མདོ་སྡེ་རྒྱན་སོགས་ནས་གསུངས་ཡོད་ནའང་། དགེ་རྒན་ཞིག་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་གཙོ་བོ་ནི་སེམས་པ་བཟང་པོ་དགོས་པ་དེ་རེད། སློབ་ཕྲུག་ལ་བཅོས་མིན་བརྩེ་སེམས་ཡོད་ན་ཕན་ཚུན་ཡིད་ཆེས་དང་སེམས་ཐག་ཉེ་པོ་ཡོང་ཐུབ་པས་སློབ་སྦྱོང་ཡག་པོ་ཤེས་རྒྱུར་ཕན་རླབས་ཆེ།

དགེ་རྒན་གྱི་ལས་ཀར་ཞུགས་ཉིན་ནས་ཁྱེད་རང་ལ་རེ་བ་ཆེན་པོས་མིག་གཉིས་ཀྱིས་བལྟ་མཁན་དང་རྣ་བ་གཉིས་ཀྱིས་ཉན་མཁན་མང་པོ་ཡོད་པ། མིག་དང་རྣ་ཅོག་མང་པོ་དེ་དག་གིས་ཁྱེད་རང་གིས་གང་བཤད་པ་དང་། གང་བྱས་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དྲན་དགོས་ལ། རྣ་བ་མང་པོ་དེ་དག་གིས་ཁྱེད་ལ་དོ་སྣང་ཆེན་པོས་ཉན་པ་མ་ཟད། མིག་མང་པོ་དེ་དག་གིས་ཁྱེད་ལ་གཟབ་གཟབ་ཀྱིས་བལྟས་ནས་བསྡད་ཡོད་པ་དྲན་དགོས། མཐའ་ན་ཁྱེད་ཀྱི་སྐད་ཆ་བཤད་སྟངས་དང་གྱོན་གོས་གྱོན་སྟངས། ལུས་ངག་གི་རྣམ་འགྱུར་སྟོན་སྟངས་སོགས་ཕྱོགས་ཚང་མར་དོ་སྣང་བྱེད་ཀྱི་ཡོད་པས་གཞན་ལ་ཕན་ཐོགས་ཐབས་བྱེད་དགོས་པ་ལས། བག་ཆགས་ངན་པ་རྩ་བ་ནས་འཇོག་མི་ཉན།

དགེ་རྒན་ཞིག་ལ་མཚོན་ན། འཁྲིད་གཞིའི་སློབ་ཚན་ཐོག་ཤེས་རྒྱ་ཆེན་པོ་དགོས་ལ། སློབ་ཁྲིད་མ་བྱས་སྔོན་ལ་གྲ་སྒྲིག་ཡག་པོ་བྱེད་དགོས། དེ་ཡང་སློབ་ཁྲིད་བྱ་རྒྱུའི་འཛིན་གྲྭའི་དུས་ཚོད་ཆུ་ཚོད་གཅིག་ཡིན་ན་གྲ་སྒྲིག་ཆེད་ཆུ་ཚོད་གཉིས་གཏོང་ཐུབ་པ་དགོས་ཞེས་བརྗོད་ཡོད། འཛིན་ཁང་ནང་ལ་སློབ་ཕྲུག་གིས་དོ་སྣང་ཡོང་ཐབས་སུ་སློབ་ཁྲིད་ཐབས་ལམ་སྔོན་ཚུད་ནས་གྲ་སྒྲིག་ཚད་ལྡན་ཡོང་བ་བྱེད་དགོས་ལ། སློབ་ཕྲུག་གི་དོ་སྣང་མི་བརླག་པའི་ཐབས་ཤེས་ཐད་སྔོན་ཚུད་ནས་གྲ་སྒྲིག་དགོས། དེ་བཞིན་སློབ་འཁྲིད་འགོ་འཛུགས་སྟངས་དང་། མཇུག་བསྡུ་སྟངས། བསྐྱར་ཞིབ་བྱ་སྟངས་སོགས་དགེ་རྒན་གྱི་ལས་ཀར་ཞུགས་ཉིན་ནས་དོ་སྣང་དགོས། དུས་རྒྱུན་དུ་སློབ་སྦྱོང་རྒྱུན་མ་ཆད་པ་བྱེད་མཁན་ཆེད་ལས་སློབ་གཉེར་པ་ཞིག་ལ་སྒྱུར་ཐུབ་པ་བྱ་དགོས། མདོར་ན་སློབ་ཁྲིད་གནང་སྐབས་གཞི་རྩའི་ལྟ་གྲུབ་དང་། དམིགས་ཡུལ་ཁ་གསལ་བཟུང་ནས་སློབ་ཁྲིད་ཀྱི་ལམ་བུར་ཞུགས་རྒྱུ་ཧ་ཅང་གལ་ཆེ།

ཕྲན་གྱི་རྩོམ་ཡིག་སྔོན་མ་ཁག་གི་ནང་ལ་ཕྲུ་གུར་སྐད་ཡིག་སློབ་ཁྲིད་བྱེད་སྐབས་ཕྲུ་གུས་དགའ་མོས་ཆེ་བའི་འགུལ་རིས་གློག་བརྙན་དང་། གློག་ཀླད་རྩེད་རིགས་སོགས་བེད་སྤྱོད་གཏོང་ཐུབ་ན་སྐད་ཡིག་སློབ་ཁྲིད་ནུས་ལྡན་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པ་བྲིས་ཡོད། ཕྲུ་གུ་དང་མི་རྒན་པ་སུ་ལ་ཡང་སློབ་ཁྲིད་བྱེད་ནའང་། དགེ་རྒན་གྱིས་སློབ་ཕྲུག་གི་སེམས་ཁམས་དང་། ལོ་ཚད། ཤེས་ཚད་སོགས་དང་མཐུན་པར་སློབ་ཁྲིད་ཐབས་ལམ་འཚོལ་ཞིབ་དང་ལག་བསྟར་ཡོང་བ་བྱེད་དགོས། མི་རྒན་པའི་ཆེད་དུ་གྲ་སྒྲིག་བྱས་པའི་སློབ་ཁྲིད་ཐབས་ལམ་རེ་ཟུང་ལ་བསྒྱུར་བཅོས་ཀྱིས་ཕྲུ་གུའི་ཆེད་དུ་བེད་སྤྱོད་གཏོང་ཆོག་པ་དེ་འདྲ་ཡོད། དེ་བཞིན་ཕྲུ་གུའི་ཆེད་དུ་གྲ་སྒྲིག་བྱས་པའི་སློབ་ཁྲིད་ཐབས་ལམ་ལ་བསྒྱུར་བཅོས་ཀྱིས་མི་རྒན་པར་སློབ་ཁྲིད་སྐབས་སུ་བེད་སྤྱོད་གཏོང་ཆོག་པ་ཡོད། དཔེར་ན། ལྷོ་ཀོ་རི་ཡའི་ནང་མཐོ་སློབ་ཐོན་པ་དང་ལས་ཀར་གསར་དུ་ཞུགས་པའི་གཞོན་སྐྱེས་ལ་ཨིན་ཡིག་སྐད་ཡིག་འཕར་མའི་ངོ་བོར་ (English as Additional Language) སློབ་ཁྲིད་བྱེད་པའི་ལས་གཞི་དེ་འདྲ་ཡོད། ཁོ་ཚོར་ཨིན་ཡིག་འཛིན་གྲྭ་ཚོགས་ཐེངས་གཅིག་ལ་སྐར་མ་ ༥༠ སློབ་ཁྲིད་བྱེད་ཀྱི་ཡོད། སྐབས་འདིར་ཀློག་པ་པོ་ཚོས་ཐུགས་སྣང་དགོས་པ་ནི། མི་རྒན་པར་བེད་སྤྱོད་བྱེད་རྒྱུའི་སྐད་ཡིག་གཉིས་པ་སློབ་ཁྲིད་ཐབས་ལམ་ལ་བསྒྱུར་བཅོས་ཀྱིས་ཕྲུ་གུར་སྐད་ཡིག་གཉིས་པ་སློབ་ཁྲིད་བྱེད་སྐབས་ཕན་ཐོགས་ཡོང་མིན་ཐད་དགོངས་པ་བཞེས་རོགས།

སྐར་མ་ ༥༠ ཡོད་པའི་ཚོགས་ཐེངས་གཅིག་འགོ་བཙུགས་པ་དང་། དགེ་རྒན་གྱིས་གཟའ་མཇུག་ལ་ཁོ་རང་གི་སྤུན་མཆེད་ཁྱིམ་ལ་སླེབས་པ་དང་། སྤུན་མཆེད་མཉམ་དུ་གློག་བརྙན་བལྟས་པ་སོགས་ཅི་གྲོས་མོལ་གྲོས་ཀྱི་སྐད་ཆ་སྐར་མ་ཁ་ཤས་རིང་བཤད། དེ་ནས་དགེ་རྒན་གྱིས་སློབ་ཕྲུག་ཁ་ཤས་ལ་གློག་བརྙན་ག་རེ་བལྟས་ཡོད་མེད་དྲིས། དེ་ནས་དགེ་རྒན་གྱིས་ཅི་གྲོས་མོལ་གྲོས་ཀྱི་སྐད་ཆའི་བརྗོད་དོན་ལ་བསྒྱུར་བ་ཅུང་ཟད་བཏང་ནས་སློབ་ཕྲུག་ཚོས་འཁྲིད་གཞིའི་སྐད་ཡིག་ཐོག་གློ་བརྙན་ག་རེ་བལྟ་མྱོང་ཡོད་དམ་ཞེས་དྲིས་པ་དང་། སློབ་ཕྲུག་གིས་གློག་བརྙན་མིང་བཤད་པ་དགེ་རྒན་གྱིས་དཀར་པང་ཐོག་ལ་བྲིས། དེ་ནས་དགེ་རྒན་གྱིས་གློག་བརྙན་གི་མིང་འབྲི་མཚམས་བཞག་རྗེས། ཟུར་ལ་དངོས་བྱུང་གློག་བརྙན་དང་། བརྩེ་དུང་གི་འཁྲབ་ཚན། ལོ་རྒྱུས་གློག་བརྙན། དགོད་གཏམ་གློག་བརྙན། ཚན་རིག་གློག་བརྙན་སོགས་ཚན་པ་ཁ་ཤས་བྲིས། དགེ་རྒན་གྱིས་ལོ་རྒྱུས་གློག་བརྙན་གང་འདྲ་ཞིག་ལ་ཟེར་པ་དང་། དགོད་གཏམ་གློག་བརྙན་གང་འདྲ་ཞིག་ལ་ཟེར་རམ་ཞེས་སློབ་ཕྲུག་ཚོར་དྲི་བ་དྲིས་པ་དང་། དྭང་བླངས་ཀྱི་ལན་འདེབས་མཁན་སློབ་ཕྲུག་གི་ལག་པ་སྐྱོངས་སུ་བཅུག་ནས་ལན་འདེབ་རྒྱུའི་གོ་སྐབས་སྤྲད། དགེ་རྒན་གྱིས་སློབ་ཕྲུག་ཚང་མར་དངོས་བྱུང་གློག་བརྙན་དང་། དགོད་གཏམ་གློག་བརྙན་གྱི་གོ་དོན་གསལ་པོ་བརྗོད་རྗེས། འཛིན་གྲྭའི་སློབ་ཕྲུག་རྣམས་ཚོགས་ཆུང་ཆ་བགོས་ཀྱིས་ཚོགས་ཆུང་རེར་སློབ་ཕྲུག་གཉིས་རེ་མཉམ་དུ་བཞག་པ་དང་། གོང་དུ་སློབ་ཕྲུག་ཚོས་བརྗོད་པ་དང་དགེ་རྒན་གྱིས་དཀར་པང་ཐོག་ལ་བྲིས་པའི་གློག་བརྙན་གྱི་མིང་ལ་བལྟས་ནས་དངོས་བྱུང་གློག་བརྙན་དང་། དགོད་གཏམ་གློག་བརྙན། བརྩེ་དུང་གི་གློག་བརྙན་གང་ཡིན་མིན་གོ་བསྡུར་གྱིས་ཤོག་བུའི་ཐོག་ལ་འབྲི་རུ་བཅུག སློབ་ཕྲུག་ཚོ་གོ་བསྡུར་བྱེད་སྐབས་དགེ་རྒན་གྱིས་ཚོགས་ཆུང་ཁག་གི་འགྲམ་ལ་བསྐྱོད་ནས་ཟུར་ཉན་གནང་བ་ལས་ཚོད་འཛིན་གང་ཡང་མ་བྱས། ཚོགས་ཆུང་ནང་སློབ་ཕྲུག་ཁ་ཤས་ཀྱིས་དཀར་པང་ཐོག་བྲིས་ཡོད་པའི་གློག་བརྙན་རེ་ཟུང་དངོས་བྱུང་གློག་བརྙན་དང་། དགོད་གཏམ་གློག་བརྙན་གང་ཡིན་ཐད་བསམ་ཚུལ་མི་མཐུན་པ་ཡོང་གི་ཡོད།

དེ་ནས་དགེ་རྒན་གྱིས་སློབ་ཕྲུག་ཚོར་འབྲི་མཚམས་འཇོག་དགོས་པ་བརྗོད་པ་དང་། སློབ་ཕྲུག་རྣམས་ལ་སློབ་དེབ་ཀྱི་ཤོག་གྲངས་བརྗོད་ནས་སློབ་ཚན་ལ་བལྟ་དགོས་པ་བརྗོད། སློབ་ཕྲུག་ཚོས་སློབ་དེབ་ཁ་ཕྱེ་ནས་བལྟ་སྐབས་སློབ་ཚན་དེ་ནི་མི་གཉིས་དབར་ལ་གློག་བརྙན་སྐོར་ལ་གླེང་མོལ་བྱས་པ་ཞིག་རེད། མི་གཉིས་ཀྱི་གླེང་མོལ་ལས་སྐད་ཆ་ཤོད་སྟངས་གསར་པ་ལ་རྟགས་རྒྱབ་ཡོད་པ་དེ་དག་དགེ་རྒན་གྱིས་ཆེད་དུ་སློབ་ཁྲིད་བྱས་པ་དང་། ཐེངས་ཁ་ཤས་ཀློག་དུ་བཅུག  དེ་ནས་དགེ་རྒན་གྱིས་གོང་དུ་བྲིས་པའི་གློག་བརྙན་གྱི་མིང་ལས་སློབ་ཕྲུག་ཚོར་གློག་བརྙན་དགའ་ཤོས་གཉིས་འདེམས་སུ་འཇུག་པ་དང་། སློབ་ཕྲུག་ཕན་ཚུན་དབར་ལ་གློག་བརྙན་དགའ་ཤོས་ག་རེ་ཡིན་པ་འདྲི་དགོས་པ་བརྗོད། སློབ་ཕྲུག་ཚང་མ་ལངས་ནས་ཕར་ཚུན་བསྐྱོད་པ་དང་། གློག་བརྙན་དགའ་ཤོས་ག་རེ་ཡིན་པ་དྲི་བ་དྲི་ལན་བྱས། དེ་ནས་དགེ་རྒན་གྱིས་སློབ་ཕྲུག་ཚང་མ་སོ་སོའི་རྐུབ་སྟེགས་ཐོག་ལ་སྡོད་དགོས་པ་བརྗོད་པ་དང་། སློབ་ཕྲུག་མང་ཤོས་ཀྱིས་དགའ་མོས་བྱེད་སའི་གློག་བརྙན་གཉིས་གང་ཡིན་པ་དཀར་པང་ཐོག་བྲིས། དེ་ནས་སློབ་ཕྲུག་ཚོར་དགེ་རྒན་གྱིས་དཀར་པང་ཐོག་ལ་བྲིས་པའི་གློག་བརྙན་གཉིས་ཀྱི་མིང་ལས་ག་རེ་ལ་དགའ་བ་ཡོད་མེད་འབྲི་རུ་འཇུག དུས་ཡུན་སྐར་མ་ ༥༠ ཡོད་པའི་ཚོགས་ཐེངས་གཅིག་གྲོལ་སྐབས་སློབ་ཕྲུག་ཁ་ཤས་བྲིས་ཚར་མེད། དགེ་རྒན་གྱིས་བྲིས་མ་ཚར་ན་གང་ཡང་མེད་པ་བརྗོད་པ་དང་། འབྲི་རྒྱུ་ལུས་པ་རྣམས་ནང་སྦྱོང་ལ་བསྐུར།

ཀློག་མཁན་རྣམ་པ། གོང་གི་སློབ་ཁྲིད་ཐབས་ལམ་དེ་གང་འདྲ་འདུག་གམ། ཁྱེད་ཀྱིས་གོང་གི་སློབ་ཁྲིད་ཐབས་ལམ་དེ་ལ་བསྒྱུར་བཅོས་ཀྱིས་ཁྱེད་རང་གི་ཕྲུ་གུ་ཆུང་ཆུང་ངམ། ཡང་ན་ཁྱེད་རང་གི་སློབ་ཕྲུག་ཆུང་ཆུང་རྣམས་ལ་སློབ་ཁྲིད་སྐབས་སུ་བེད་སྤྱོད་གཏོང་ཐུབ་པ་འདུག་གམ། སྐད་ཡིག་སློབ་ཁྲིད་སྐབས་སུ་བཤད་རྩལ་ཡར་རྒྱས་ཡོང་བར་དུས་རྒྱུན་འཚོ་བའི་ནང་གི་སྐད་ཆ་དང་། དམིགས་བསལ་སློབ་ཕྲུག་གིས་དགའ་མོས་བྱེད་སའི་བརྗོད་གཞིའི་ཐོག་ལ་ཅི་གྲོས་མོལ་གྲོས་ཀྱི་ཐོག་ནས་སྐད་ཆ་ཤོད་ཐུབ་ན་སློབ་དེབ་གཅིག་པུས་སློབ་པ་ལས་ཕན་རླབས་ཆེ་བ་ཡོད། རྒྱ་གར་ནང་ལ་ཡོད་པའི་སློབ་གྲྭ་མང་པོ་ཞིག་གི་ནང་དགེ་རྒན་གྱིས་སློབ་དེབ་རྐྱང་པར་གཞི་བཞག་ནས་སློབ་ཁྲིད་བྱེད་ཀྱི་ཡོད་ནའང་། ནུབ་ཕྱོགས་ཡུལ་ཁག་གི་སློབ་གྲྭ་ཁག་ནང་སློབ་དེབ་རྐྱང་པར་གཞི་མི་བཅོལ་བར། གཙོ་བོ་སློབ་ཕྲུག་གིས་སྐད་ཡིག་བེད་སྤྱོད་གཏོང་ཐུབ་པ་ཡོང་ཐབས་སུ་སློབ་ཁྲིད་ཐབས་ལམ་འདྲ་མིན་བེད་སྤྱོད་བྱེད་ཀྱི་ཡོད། བྱང་ཨ་རི་ཁུལ་གྱི་སློབ་གྲྭ་ཁག་ལ་དགེ་རྒན་གྱིས་སློབ་དུས་གཅིག་ལ་སློབ་དེབ་ཆ་ཚང་ངེས་པར་དུ་འཁྲིད་ཚར་པ་དགོས་པའི་གཏན་འབེབས་མེད་ནའང་། རྒྱ་གར་གྱི་སློབ་གྲྭ་ཁག་ལ་སློབ་དུས་སོ་སོར་སློབ་དེབ་ཆ་ཚང་འཁྲིད་ཚར་པ་དགོས་པ་སྔོན་ཚུད་ནས་གཏན་ལ་ཕབ་ཡོད་སྟབས། དགེ་རྒན་གྱིས་སློབ་ཕྲུག་གིས་ཤེས་མིན་ལ་མ་ལྟོས་པར་སློབ་ཚན་ཆ་ཚང་འཁྲིད་ཚར་པ་བྱེད་དགོས་ཀྱི་ཡོད། ཡིན་ནའང་། བྱང་ཨ་རིའི་གཞི་རིམ་དགེ་རྒན་བགྲེས་པ་ཞིག་གིས། དགེ་རྒན་རྣམས་ལ་སློབ་དེབ་བེད་སྤྱོད་གཏོང་དང་མི་གཏོང་དང་། སློབ་དེབ་ངེས་པར་དུ་ཚར་དགོས་པ་བྱེད་མི་དགོས་པའི་རང་དབང་ཡོད་པ་བརྗོད། ད་དུང་ཁོང་གིས། སློབ་དེབ་ནང་ལ་ཤེག་ས་པི་ཡར་གྱི་རྩོམ་ཡིག་ཞིག་ཡོད་ན། སློབ་ཕྲུག་ཚོར་རྩོམ་ཡིག་དེའི་འབྲི་རྩལ་སློབ་རྒྱུ་གལ་ཆེར་འཛིན་དགོས་སྟབས། འབྲི་རྩལ་སློབ་ཐབས་སུ་རྩོམ་ཡིག་དེ་དང་འབྲི་རྩལ་ཆ་འདྲ་བའི་སློབ་ཕྲུག་གི་དགའ་མོས་ཡོད་པའི་རྩོམ་ཡིག་གཞན་ཡོད་ན་སློབ་འཁྲིད་བྱེད་རུང་བ་ལས་ངེས་པར་དུ་སློབ་དེབ་ནང་གི་རྩོམ་རྙིང་ཨུ་ཚུགས་རྒྱབ་ནས་སློབ་ཁྲིེད་བྱེད་དགོས་དོན་མེད་པ་བརྗོད། དགེ་རྒན་ཁོང་གིས་གསུང་དོན་ནི། རྩོམ་ཡིག་དེ་སློབ་ཚན་ལ་འཇོག་དགོས་དོན་དང་། སློབ་ཁྲིད་བྱེད་དགོས་དོན་ནི་སློབ་ཕྲུག་གིས་རྩོམ་ཡིག་དེ་འདྲ་བ་འབྲི་ཤེས་པ་ཡོང་རྒྱུ་ཡིན་པ་བརྗོད། མདོར་བསྡུས་ན་རྒན་ལགས་ཁོང་གིས། སྐད་ཡིག་དགེ་རྒན་ཚོས་སྐད་ཡིག་གི་རྩལ་བཞི་ཡར་རྒྱས་ཡོང་ཐབས་སུ་སློབ་ཁྲིད་བྱེད་དགོས་ཞེས་པ་དེ་རེད།  གོང་གི་སློབ་ཁྲིད་ཐབས་ལམ་དེ་ལས་ཕྲན་གྱིས་ལེགས་ཆ་གསུམ་མཐོང་། དང་པོ། དགེ་རྒན་གྱིས་འཛིན་གྲྭ་ཚོགས་པ་དང་ལམ་སེང་། སློབ་དེབ་ཁ་ཕྱེ་རུ་མི་འཇུག་པར་ཅི་གྲོས་མོལ་གྲོས་ Small Talk ཐོག་ནས་དགེ་རྒན་གྱིས་གློག་བརྙན་ག་རེ་བལྟས་པ་བཤད་པས་སློབ་ཕྲུག་ལ་ཉན་རྩལ་ཡར་རྒྱས་གཏོང་རྒྱུའི་སྦྱོང་བརྡར་ཐོབ་པ་དང་། སློབ་ཕྲུག་ཁ་ཤས་ལ་སོ་སོས་བལྟས་མྱོང་བའི་གློག་བརྙན་སྐོར་ཤོད་དུ་བཅུག་པས་བཤད་རྩལ་སྦྱོང་བརྡར་ཐོབ་པ། ཅི་གྲོས་མོལ་གྲོས་ཀྱི་སྐད་ཆ་དེ་དང་འབྲེལ་བ་བཟོས་ནས་སློབ་ཕྲུག་ཚོར་འཁྲིད་གཞིའི་སྐད་ཡིག་གང་ཡིན་པ་དེའི་ཐོག་ལ་ཡོད་པའི་གློག་བརྙན་ག་རེ་བལྟ་མྱོང་ངམ་ཞེས་དྲིས་པ་དང་། སློབ་ཕྲུག་གིས་བཤད་པའི་གློག་བརྙན་གྱི་མིང་དགེ་རྒན་གྱིས་དཀར་པང་ཐོག་ལ་བྲིས་པས་གློག་བརྙན་གྱི་མིང་འདྲ་མིན་མང་པོ་ཀློག་རྒྱུ་བྱུང་བས་ཀློག་རྩལ་གྱི་སྦྱོང་བརྡར་ཐོབ་ཡོད། གཉིས་པ། དཀར་པང་ཐོག་ལ་བྲིས་ཟིན་པའི་གློག་བརྙན་གྱི་མིང་གི་ཟུར་ལ་དངོས་བྱུང་གློག་བརྙན་དང་། དྲག་རྩལ་གློག་བརྙན། དགོད་བྲོའི་གློག་བརྙན་སོགས་སྡེ་ཚན་མི་འདྲ་བ་དགེ་རྒན་གྱིས་བྲིས་ནས་ནང་དོན་འགྲེལ་བརྗོད་བྱས་རྗེས། སློབ་ཕྲུག་རྣམས་ཚོགས་ཆུང་ཆ་བགོས་ཀྱིས་གོང་གསལ་གློག་བརྙན་གྱི་མིང་རྣམས་དངོས་བྱུང་དང་། དྲག་རྩལ། དགོད་བྲོའི་གློག་བརྙན་གང་ཡིན་གོ་བསྡུར་གྱིས་བྲིས་བཅུག་པ་ལས་བཤད་རྩལ་དང་། འབྲི་རྩལ་གྱི་སྦྱོང་བརྡར་ཐོབ་ཡོད། དེ་ནས་ཚོགས་ཆུང་ནང་ཁུལ་གློག་བརྙན་བྱེ་བྲག་པ་གཅིག་དགོད་བྲོ་དང་དྲག་རྩལ་གློག་བརྙན་གང་ཡིན་བསམ་ཚུལ་མི་མཐུན་པ་བྱུང་སྐབས་ཕན་ཚུན་གླེང་མོལ་མང་པོ་བྱུང་བ་བརྒྱུད་བཤད་རྩལ་སྦྱོང་བརྡར་ཐོབ་ཡོད། གསུམ་པ། ཚོགས་ཐེངས་འགོ་བཙུགས་པ་དང་། དགེ་རྒན་གྱིས་ཐད་ཀར་སློབ་དེབ་ནང་གི་སློབ་ཚན་མ་འཁྲིད་པར་། སློབ་ཁྲིད་ཐབས་ལམ་གཞན་བརྒྱུད་སློབ་ཚན་གྱི་ནང་དོན་སློབ་ཁྲིད་བྱས་པ་དང་། རྗེས་སུ་སློབ་དེབ་ཁ་ཕྱེ་རུ་བཅུག་ནས་སློབ་ཚན་ལ་བལྟ་རྒྱུའི་གོ་སྐབས་སྤྲད་པ་དེ་ནི་ཐད་ཀར་སློབ་དེབ་ནང་གི་སློབ་ཚན་འཁྲིད་པ་ལས་དགེ་མཚན་ཆེ་བ་ཡོད། མདོར་ན། སྐད་ཡིག་སྦྱོང་དགོས་དོན་ནི་བཤད་རྩལ་དང་། ཀློག་རྩལ། ཉན་རྩལ། འབྲི་རྩལ་ཡར་རྒྱས་ཀྱིས་བེད་སྤྱོད་གཏོང་ཐུབ་པ་བྱ་རྒྱུ་ཡིན་པ་ངེས་པར་དུ་དྲན་དགོས་སོ། །

འབྲེལ་ཡོད་རྩོམ་ཡིག

སྐད་ཡིག་གཉིས་པའི་དགོས་མཁོ། དང་པོ།

སྐད་ཡིག་གཉིས་པའི་དགོས་མཁོ། གཉིས་པ།

སྐད་ཡིག་གཉིས་པའི་དགོས་མཁོ། གསུམ་པ།

སྐད་ཡིག་གཉིས་པའི་དགོས་མཁོ། བཞི་པ།

མུ་འགོད།

བསྐྱར་བཅོས།: ༢༠༡༩/༡༡/༢༤

Leave a Reply

One thought on “སྐད་ཡིག་གཉིས་པའི་དགོས་མཁོ། ལྔ་པ།

  1. ནོར་བསམ་སྐད་ཡིག་གཉིས་པའི་སློབ་ཁྲིད་ཐབས་ལམ་སྐོར་ལ་དགོངས་ཚུལ་མང་པོ་གསུངས་འདུག། ཕན་ཐོགས་ཆེན་པོ་བྱུང་། སྐུ་ཉིད་སྒེར་ལ་འབྲེལ་བ་ག་འདྲ་ཞིག་གནང་ཐུབ་ན་ཡག་པོ་འདུག