ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་ཀྱི་གོ་རྟོགས་སྤེལ་གྱི་འདུག

རྒྱལ་སྤྱིའི་བུད་མེད་ལ་འཚེ་བ་གཏན་འགོག་གི་ཉིན་མོར་༧ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་སྔགས་ཀྱི་གཞུང་དུ་བུད་མེད་ནི་རྟགས་ཤེས་རབ་ཀྱི་མཚོན་དོན་ཡིན་པས་བུད་མེད་ལ་དམོད་པ་དང་བརྙས་བཅོས་བྱས་ན་རྩ་བའི་ལྟུང་བ་དང་འགལ་གྱི་ཡོད་པ་རེད་ཅེས་གསུངས་ཡོད་ཅེས་གསུངས་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བཞུགས་སྒར་དྷ་སའི་བོད་ཀྱི་ནོར་བུ་གསོལ་མགྲོན་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱལ་སྤྱིའི་བུད་མེད་ལ་འཚེ་བ་གཏན་འགོག་གི་ཉིན་མོ་(International Day for the Elimination of Violence against Women)སྲུང་གཙི་དང་འབྲེལ། ཉིན་ ༡༦ རིང་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་(Activism against Gender-based Violence)ཞེས་པའི་ལས་འགུལ་ཞིག་བརྙན་ལམ་བརྒྱུད་མི་མང་ལ་གོ་རྟོགས་སྤེལ་རྒྱུ་ཡིན་པ་གསལ་བསྒྲགས་གནང་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དྷ་ས་གྲོང་སྡེ་གཞུང་གི་སྤྱི་ཁྱབ་ལྕམ་རཱ་ཇི་ནི་ཝེ་ཡ་སི་(Rajini  Vyas)ལགས་དང་། དམིགས་བསལ་སྐུ་མགྲོན་བོད་ཀྱི་གྲོགས་མོ་ཚོགས་པ་གསར་འཛུགས་གནང་མཁན་གྲས་བསྟན་འཛིན་དཔལ་ཡོན་ལགས། དེ་བཞིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་དང་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་སོགས་བཞུགས་སྒར་ཁུལ་གྱི་བུད་མེད་ཁག་ཅིག་དང་སློབ་ཕྲུག་ཁག་ཅིག དེ་བཞིན། མི་མང་དང་གསར་འགོད་པ་བཅས་འཛོམས་འདུག

མཛད་སྒོའི་ཐོག་༧ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་བརྙན་ལམ་བརྒྱུད་བཀའ་སློབ་ཅིག་བསྩལ་བའི་ནང་། སྤྱིར་བཏང་ང་རང་ཚོ་ནང་པ་སངས་རྒྱས་པའི་ཆོས་ཀྱི་རྩ་བ་སྙིང་རྗེ་ལ་རག་ལས་ཡོད་པ་རེད། དེའི་ནང་ནས་ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་སྙིང་རྗེ་ཡིན། གཞན་ལ་འཚེ་བ་བྱེད་པ་དང་ལྷག་པ་དུ་ཉམ་ཐག་ལ་གནོད་པ་བྱེད་རྒྱུ་དེ་ནང་པའི་གཞུང་དང་འགལ་གྱི་ཡོད་པས་རྩ་བ་ཉིད་ནས་འགྲིག་གི་ཡོད་པ་མ་རེད། གང་ཡིན་ཟེར་ན། རྩ་བ་དེ་སྙིང་རྗེ་སྒོམ་དགོས་ཀྱི་ཡོད། སྙིང་རྗེ་ཟེར་ན་གཞན་སྡུག་བསྔལ་དང་ཉམ་ཐག་པ་ཚོར་ང་ཚོས་ཤ་ཚ་དང་རོགས་པ་བྱེད་པའི་བསམ་བློ་འཁུར་དགོས་ཀྱི་ཡོད་པ་ལས་འཚེ་བ་བྱེད་པ་སོགས་ནང་པའི་གཞུང་དང་རྦད་དེ་འགལ་གྱི་ཡོད་པ་རེད། དེ་འདྲ་བྱེད་མཁན་གྱི་གྲས་དེ་ཚོར་ང་རང་ཚོས་སྙིང་རྗེ་སྐྱེས་ཏེ། རྗེས་མ་རྣམ་སྨིན་ཞེ་དྲག་གི་ལྗིད་པོ་འཁུར་དགོས་ཀྱི་རེད་ཅེས་གོ་དཀོན་སློབ་གསོ་གཏང་རྒྱུ་དཔེ་མི་སྲིད་པའི་གལ་ཆེན་པོ་ཆགས་ཡོད། དེ་ནས་ལྷག་པར་དུ་གཞུང་རིམ་པ་མཐོ་བ་སྔགས་ཀྱི་གཞུང་དུ་བུད་མེད་ནི་རྟགས་ཤེས་རབ་ཀྱི་མཚོན་དོན་ཡིན་པས། བུད་མེད་ལ་དམོད་པ་དང་བརྙས་བཅོས་བྱས་པ་ཡིན་ན། རྩ་བའི་ལྟུང་བ་དང་འགལ་གྱི་ཡོད་པ་རེད་ཅེས་གསུངས་ཡོད། ཅེས་སོགས་གསུངས་སོང་།

བོད་ནང་བཙན་གཡེམ་བརྙས་བཅོས་བྱས་ཏེ་མངལ་ཆགས་མྱོང་བའི་བུད་མེད་རྩོམ་པ་པོ་ཀུན་བཟང་སྒྲོལ་མ་ལགས་ཀྱིས་བརྙན་ལམ་བརྒྱུད་མོ་རང་གི་མྱོང་བ་བརྗོད་པའི་ནང་དུ། རང་ཉིད་ལོ་ན་ ༡༥ སོན་སྐབས་མི་ཞིག་གིས་བཙན་གཡེམ་བྱས་ཏེ་མངལ་ཆགས་པ་དང་། བྱིས་པ་སྐྱེས་རྗེས་གྲོང་སྡེའི་མི་ཚང་མས་མ་བུ་གཉིས་ལ་ལྟ་སྟངས་ངན་པ་བཟུང་བ། དེ་བཞིན། སྤྱི་ཚོགས་ཀྱི་ཤུགས་རྐྱེན་འོག་ནང་མི་ཚོས་མོར་ལྟ་སྟངས་བཟུང་བ་སོགས་རང་ཉིད་ཀྱི་མི་ཚེའི་ནང་བྱུང་བའི་དཀའ་ངལ་སྤྱི་དང་འབྲེལ་ནས་དེབ་ཅིག་བརྩམས་ཡོད་སྐོར་དང་། རང་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་དང་འབྲེལ་དེབ་འབྲི་དོན་དང་བོད་པའི་སྤྱི་ཚོགས་ནང་ཕྱིར་ཐོན་དོན་ནི་མ་འོངས་པར་བཙན་གཡེམ་གྱི་དོན་རྐྱེན་དེ་འདྲ་མི་ཡོང་ཆེད་ཡིན་སྐོར་སོགས་བརྗོད་སོང་།

དེའི་རྗེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། གོང་བརྗོད་བརྙན་གཉིས་དང་འབྲེལ་ནས་ཉིན་ ༡༦ རིང་གི་ལས་འགུལ་སྐོར་འགྲེལ་བརྗོད་གནང་སྐབས། དེ་རིང་གི་ལས་འགུལ་འདི་གལ་ཆེན་པོ་ཆགས་ཀྱི་ཡོད། སྤྱིར་བཏང་བརྙན་གལ་ཆེན་པོ་དེ་ཚོ་དེ་རིང་ནས་མར་སྟོན་མགོ་འཛུགས་ཀྱི་ཡོད། དེའི་ནང་དེ་རིང་གི་བརྗོད་གཞི་དང་འབྲེལ་ནས་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་ཕོག་མཁན་དང་། འཚེ་བ་བཟོ་མཁན་གཉིས་ནས་སྤྱི་ཚོགས་ནང་འགོག་རྐྱེན་སོགས་ག་རེ་འཁྱེར་ཡོང་གི་ཡོད་པར། ང་ཚོས་གདོང་ལེན་དང་དཀའ་ངལ་དེའི་རིགས་སེལ་ཐབས་སོགས་ཀྱི་སླད་ལས་འགུལ་འདི་སྤེལ་བ་ཡིན་པས། དེ་རིང་འདིར་ཕེབས་ཀྱི་མི་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།མཇུག་ཏུ་སྐུ་མགྲོན་གཙོ་བོ་དྷ་ས་གྲོང་སྡེ་སྤྱི་ཁྱབ་ལྕམ་ར་ཇི་ནེ་ཝ་སི་ལགས་ཀྱིས། འཛམ་བུ་གླིང་འདིའི་ནང་མི་ཐེར་འབུམ་ ༧ ཡོད་པ་ལས་ཐེར་འབུམ་ ༣ བུད་མེད་ཆགས་ཀྱི་ཡོད། བུད་མེད་ཐེར་འབུམ་༣ ནང་ནས་ཐེར་འབུམ་ ༡ ལ་བཙན་གཡེམ་དང་ཉེས་རྡུང་སོགས་དཀའ་ངལ་འཕྲད་བཞིན་ཡོད་ལ། དེའི་ནང་མི་རྒན་གཞོན་བར་གསུམ་ཡོད། ང་ཚོ་རྒྱ་གར་ལྟ་བུར་མཚོན་ན་བུད་མེད་ལ་བཙན་གཡེམ་གྱི་དོན་རྐྱེན་བྱུང་བ་ཡིན་ན་ཁྱིམ་ཚང་གི་ཆེ་མཐོང་བརླག་སྟེ་ནང་མི་ཚང་མ་དཀའ་ངལ་ནང་ལྷུང་གི་ཡོད་པའི་ལྟ་སྟངས་ཤིག་ཆགས་ཡོད་པ་རེད། དེང་སང་ཉིན་རེའི་གནས་ཚུལ་ནང་བཙན་གཡེམ་དོན་རྐྱེན་འབྱུང་བཞིན་པ་མཐོང་གི་ཡོད་པ་རེད། ཅེས་དང་། ཡུན་རིང་བུད་མེད་དང་འབྲེལ་བའི་ལས་དོན་བསྒྲུབས་པའི་ཁྲོད། ད་བར་བཙན་གཡེམ་གྱི་དཀའ་ངལ་འཕྲད་པའི་མི་ ༢༠༠༠ ལྷག་ལ་ཐུག་སྟེ། ཁོ་ཚོ་དང་འབྲེལ་ཡོད་ཀྱི་དཀའ་ངལ་སེལ་ཐབས་གནང་ཡོད་སྐོར་དང་། ཤར་ཕྱོགས་ཀྱི་སྤྱི་ཚོགས་ནང་བུད་མེད་ནི་ཐབ་ཚང་ནང་འཛུལ་ནས་འདུག་པའི་ལྟ་ཚུལ་ཡོད་པ་དེ་ནི་སྤྱི་ཚོགས་ཀྱི་དཀའ་ངལ་ཞིག་ཡིན་པ་དང་། བུད་མེད་ནི་དངོས་པོ་དང་ཅ་ལག་ལྟ་བུར་ངོས་འཛིན་བྱེད་པ་ནོར་འཁྲུལ་ཆེན་པོ་ཞིག་ཡིན་སྐོར། དེ་བཞིན།  སངས་རྒྱས་གཙོས་པའི་གྷོ་རུ་ནཱ་ནག་(Guru Nanak)སོགས་ཀྱི་འཚེ་བ་དོར་ཏེ་བྱམས་བརྩེ་སྤེལ་རྒྱུ་གལ་ཆེན་ཡིན་པ་གསུངས་ཡོད་པས། སྤྱི་ཚོགས་ནང་ཕོ་མོ་དབྱེ་འབྱེད་མེད་པར་འདྲ་མཉམ་དགོས་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་སོང་།

ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་ཀྱི་གསལ་བསྒྲགས་ནང་། ཉིན་ ༡༦ རིང་གི་ལས་འགུལ་སྐབས་སུ་འདི་ག་ལྟེ་གནས་ཁང་ནས་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱོང་མཁན་བོད་རིགས་བུད་མེད་དང་བུ་མོ་ ༡༦ གི་གནས་ཚུལ་བརྒྱུད་སྤེལ་དང་། གནས་ཡུལ་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་ཐེབས་པའི་བོད་རིགས་བུ་མོ་དང་བུད་མེད་རྣམས་ཀྱི་མྱོང་ཚོར་སྐོར་གྱི་བརྙན་ཐུང་དེ་དག་གི་ནང་དུ། ཕོ་མོ་དབྱེ་འབྱེད་གཞིར་བྱས་བུད་མེད་ལ་འཚེ་བའི་རིགས་གསལ་སྟོན་བྱས་ཡོད་ལ། དེ་ནི་བོད་རིགས་བུད་མེད་རྣམས་ནས་སོ་སོར་ཐེབས་པའི་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་དང་ནག་ཉེས་རིགས་གསང་བོར་རྗོད་པར་སེམས་སྐུལ་གཏོང་བར་དམིགས་པ་ཡིན། ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བའི་མྱོང་ཚོར་རིགས་མངོན་གསལ་དང་མངོན་གསལ་མིན་པའི་ཐོག་ནས་གསང་བོར་རྗོད་མཁན་རྣམ་པར་ང་ཚོ་ཀུན་གྱིས་ཡི་རང་དང་བརྩི་བཀུར་ཞུ་འོས། བརྙན་ཐུང་འདི་དག་གི་ནང་དུ་སོ་སོའི་མྱོང་ཚོར་དངོས་རྗོད་མཁན་རྣམ་པས། ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱོང་མཁན་བུད་མེད་གཞན་དག་གིས་ཀྱང་སོ་སོའི་མྱོང་ཚོར་གསོང་བོར་བརྗོད་དེ། ཉེས་ཅན་ལ་ཉེས་ཆད་གཅོད་རྒྱུ་དང་གནོད་འཚེ་ཕོག་མཁན་ལ་རོགས་འདེགས་མཐུན་འགྱུར་གནང་བའི་རེ་སྐུལ་ཞུས་ཡོད། ཁོང་རྣམ་པའི་གནས་ཚུལ་འདི་དག་གི་ནང་དུ་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བའི་གནད་དོན་ཁག་གླེང་སློང་མ་བྱས་པ་དང་ཐེར་འདོན་མ་གནང་བའི་རྐྱེན་གྱིས། ཉེས་ཅན་པ་ཚོར་ཉེས་ཆད་མ་བཅད་པར་རང་དགར་ལྷག་པ་བསྟན་ཡོད། ཅེས་བཀོད་འདུག

ཡང་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མེད་པའི་སྤྱི་ཚོགས་སྐྲུན་ཐབས་སྐོར་ལ་གསལ་བསྒྲགས་དེའི་ནང་།  ང་ཚོས་འཚེ་བའི་རིགས་ཀྱི་དངོས་མྱོང་གནས་ཚུལ་ཁག་ཐེར་འདོན་དང་སྤྱི་ཚོགས་ཀྱི་མི་མང་བྱིངས་ལ་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་དང་ཆགས་སྲེད་ཀྱི་དཀའ་རྙོག་ཐད་ནས་གོ་རྟོགས་སྤེལ་དགོས་པ་དང་། གལ་ཆེ་ཤོས་ནི་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་སྔོན་འགོག་དང་ཕོ་མོ་འདྲ་མཉམ་ཡོང་ཐབས། ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱོང་མཁན་ཚོར་རོགས་འདེགས་མཐུན་འགྱུར་གང་ཡོང་བསྐྲུན་དགོས་པ་རེད། དེ་ཡང་གལ་ཆེའི་གོམ་པ་དང་པོ་ནི། ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱོང་མཁན་གྱི་འཚེར་སྣང་ལ་གདོང་ལེན་དང་། འཚེ་བ་མྱོང་མཁན་ཚོར་མ་ཉེས་ཁག་གཡོག་མི་ཐེབས་པ་ངེས་གཏན་བཟོ་དགོས་པ་དང༌། ཕན་ནུས་ལྡན་པའི་ལྟ་སྐྱོང་མཐུན་འགྱུར་བསྐྲུན་ཏེ། གཞུང་སྒེར་གཉིས་ནས་འཚེ་བ་མྱོང་མཁན་ལ་ལྟ་སྐྱོང་རོགས་འདེགས་དང་ཉེས་ཅན་ལ་ཉེས་ཆད་གཅོད་རྒྱུ་ངེས་གཏན་བཟོ་དགོས་པ་རེད།

བོད་ཀྱི་གྲོགས་མོ་ཚོགས་པ་གསར་འཛུགས་པའི་གྲས་ཕོ་མོ་འདྲ་མཉམ་དོན་གཉེར་བ་བསྟན་འཛིན་དཔལ་ཡོན་གྱིས། སྤྱིར་བཏང་དྲག་སྤྱོད་ཀྱི་གནས་སྟངས་དེ་ཕོ་མོ། མཚན་འགྱུར་སོགས་མི་སུ་ལའང་འབྱུང་སྲིད་པ་རེད། ཡིན་ནའང་། དྲག་སྤྱོད་ཀྱི་ཐོ་གཞུང་རིགས་སྔོག་པ་ཡིན་ན། དྲག་སྤྱོད་བྱེད་མཁན་མང་ཆེ་སུ་རེད་ལབ་ན་ཕོ་ཆགས་ཀྱི་ཡོད། དེ་ངས་ཚོད་དཔག་བྱས་ནས་བཤད་པ་ཙམ་མིན་པར་ཐོ་གཞུང་ནང་བཀོད་ཡོད་པ་རེད། ཕོ་ལ་དྲག་སྤྱོད་གཅིག་ཀྱང་འབྱུང་གི་མེད་ཟེར་གྱི་མེད། ཕོ་ལའང་འབྱུང་གི་ཡོད། འོན་ཀྱང་། དྲག་སྤྱོད་བྱེད་མཁན་ཕལ་ཆེ་བ་ཕོ་ཡིན་པ་དང་། དྲག་སྤྱོད་ཕོག་མཁན་མང་ཆེ་མོ་ཆགས་ཀྱི་ཡོད། ད་ལྟ་དྲག་སྤྱོད་བྱེད་མཁན་མང་ཆེ་བ་ཕོ་ཆགས་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ་ཞེས་དྲིས་ན། ངས་ང་ཚོའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་ཡོད་མེད་ཟེར་བ་གཏན་འཁེལ་ཞིག་བཤད་ཐུབ་མ་སོང་ལ། མི་མང་པོ་ཞིག་གིས་ཕོ་མོ་འདྲ་མཉམ་ཡོད་ཟེར་གྱི་ཡོད། འོན་ཀྱང་། དྲག་སྤྱོད་ཀྱི་གནས་སྟངས་ཐོག་ནས་བལྟས་པ་ཡིན་ནའང་གྱོང་གུད་ཐེབས་ས་བུ་མོ་ཆགས་ཀྱི་ཡོད། དེ་བཞིན། བུ་དང་བུ་མོའི་བར་གྱི་འབྲེལ་བའི་ཐོག་ནས་ཡིན་ན་ཡང་། མཐའ་མར་གྱོང་རག་མཁན་བུ་མོ་ཆགས་ཀྱི་ཡོད། ཅེས་སོགས་བརྗོད་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༡/༢༥

Leave a Reply

One thought on “ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་ཀྱི་གོ་རྟོགས་སྤེལ་གྱི་འདུག

  1. ཕོ་མོ་འདྲ་མཉམ་ཞེས་ྉཞེ་དྲག་མ་ཟེར། དེ་ཡིན་ན་་་་སྐྱེས་མ་ཚོ་
    ནས་གཅིན་པ་ལངས་ནས་གཏོང་ཟེར་གྱི་ཡོད་པ་རེད་པས།
    ཕོ་ཚོའི་ཕྱུ་པ་སྐྱེས་སྨན་ཚོ་ནས་གྱོན། སྐྱེས་སྨན་ཚོའི་ཕྱུ་པ་སྤང་གདན་བུ་ཚོའི་གྱོན་དགོས་པ་འདྲ་བོ་རང་མ་ཤོད།
    དེ་ནས་རིམ་གྱི་ཕྲུ་གུ་ཡང་སྐྱེས་ཚོ་ནས་སྐྱེ་དགོས་ཀྱི་འདུག་ཟེར་གྱི་ཡོད་པ་འདྲ་བོ་འདུག།  
    ཕོ་མཚན་མོ་མཚན་གཉིས་ཀ་མཉམ་དུ་ཡོད་དགོས་ཟེར་གྱི་ཡོད་པ་རེད་པས།
    བསམ་བློ་གཏོང་ནས་སྐད་ཆ་ཤོད། དབྱེ་བ་ཡག་པོ་ཕྱེས་ནས་བློ་དང་རིག་པ་ཡོད་པའི་སྐད་ཆ་ཤོད།
    གད་མོ་ཤོར་ཡ་གི་སྐད་རང་མ་ཤོད།