བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་དེའི་ནུས་པ།

ལ་མོ་ཚུལ་ཁྲིམས།

སྤྱིར་བཅའ་ཁྲིམས་ནི་ཆེ་ས་ནས་བཤད་ན་རྒྱལ་ཁབ་ཀྱི་སྲིད་དབང་སྲ་བརྟན་དང་ཆུང་ས་ནས་བཤད་ན་ཁྱིམ་ཚང་ཞིག་གི་བདེ་སྐྱིད་གོང་འཕེལ་གཏོང་བའི་སྒྲིག་སྲོལ་ཞིག་ལ་བརྗོད་པ་ཡིན། གལ་སྲིད་རྒྱལ་ཁབ་ཅིག་དང་ཁྱིམ་ཚང་ཞིག་གི་བཅའ་ཁྲིམས་ལ་ནུས་པ་མེད་ཅིང་། འགྲོ་སྟངས་འཁྱོར་ན་རྒྱལ་ཁབ་བརྟན་ལྷིང་མི་ཡོང་ཞིང་ཁྱིམ་ཚང་མཉམ་གནས་མི་ཐུབ་པ་ཡིན། དེའི་ཕྱིར་བཅའ་ཁྲིམས་ནི་རྒྱལ་ཁབ་དང་ཚོགས་སྡེ། ཁྱིམ་ཚང་བཅས་ཀྱི་འཚོ་གནས་ཀྱི་ཆེད་མེད་དུ་མི་རུང་བའི་སྒྲིག་སྲོལ་གལ་ཆེན་ཞིག་ཡིན། སྒྲིག་སྲོལ་འདི་རྒྱལ་ཁབ་ཅིག་གིས་སྤྱོད་ཆོག་ལ། ཚོགས་སྡེ་དང་། སྒྲིག་འཛུགས་ཤིག་གིས་ཀྱང་བཀོལ་ཆོག་པ་དང་བཀོལ་འོས་པ་གསལ་བོ་ཡིན། རྒྱལ་ཁབ་ཅིག་ལ་མཚོན་ན་བཅའ་ཁྲིམས་དེ་དྲག་པོའི་སྟོབས་ཤུགས་དང་མཉམ་དུ་ལག་བསྟར་བྱེད་ཅིང་། ཚོགས་སྡེ་དང་སྒྲིག་འཛུགས་ཤིག་ལ་མཚོན་ན་ཞི་འགྲིག་གི་ལམ་སྣེ་ཞིག་ལ་གཞི་བཅོལ་ནས་ཁྲིམས་ཀྱི་འདུན་མ་བསྐོང་བ་ཡིན། རང་རེའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་མཚོན་ན་རྒྱལ་ཁབ་ཀྱི་དྲག་པོའི་ཁྲིམས་དཔུང་ངོམས་རྒྱུ་མེད་ཙང་། ཞི་འགྲིག་གི་ཁྲིམས་ལུགས་བརྒྱུད་དེ་གྱོད་དོན་གཏུག་བཤེར་གྱི་ཁྲིམས་ཐག་གཅོད་བཞིན་ཡོད། འདི་ལྟར་གྱོད་དོན་གཏུག་བཤེར་ཀྱི་ཁྲིམས་ཐག་གཅོད་པ་ལ་ཁྲིམས་ཀྱི་ནུས་པ་ངེས་ཅན་ཞིག་ཐོན་དགོས་ན། མི་མང་གི་བཟང་སྤྱོད་བརྟན་པོ་དང་ཁྲིམས་འཛིན་གྱི་མ་ལག་ཆ་ཚང་ཞིག་ཡོད་དགོས་རྒྱུ་དེ་ཀུན་ནས་ཀྱང་གལ་ཆེ་བར་མངོན།

བཟང་སྤྱོད།

དེ་ཡང་མི་མང་གི་བཟང་སྤྱོད་དེ་ཁྲིམས་ཀྱི་ནུས་པ་ཇི་ཙམ་ཐོན་མིན་ལ་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་ཞིང་། བཅའ་ཁྲིམས་ལ་སྤྱི་ཚོགས་སྟེང་ནུས་པ་ངེས་ཅན་ཞིག་ཡོད་དགོས་ན་ཞི་དྲག་གཉིས་ཀའི་ཁྲིམས་ལུགས་ལག་བསྟར་བྱས་པ་གཅིག་པུས་མི་འགྲིག་པར། འགྲོ་བ་མིའི་ནམ་རྒྱུན་གྱི་བསམ་བློ་འཁྱེར་སོ་དང་། ཀུན་སྤྱོད་ལའང་ཡང་དག་པ་དང་ཡ་རབས་ཀྱི་རྨང་གཞི་ཡག་པོ་ཞིག་དགོས་པ་ཡིན། དངོས་གནས་བཤད་ན། མིའི་བསམ་བློ་ཡང་དག་པ་དང་སྤྱོད་པ་དྲང་བདེན་ལ་ཁ་ཕྱོགས་ན་དེ་ནི་བཅའ་ཁྲིམས་ཀྱི་རྩ་བའི་ཁྱད་ཆོས་དང་མཚུངས་ཤིང་། གལ་སྲིད་མི་ཞིག་ཡང་དག་པ་དང་། དྲང་བདེན་གྱི་ཕྱོགས་སུ་བློ་ཐག་ཉེ་རུ་ཕྱིན་ན་མི་དེ་རིམ་གྱིས་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཡོང་ཐུབ་པ་ཡིན། བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་བྱུང་བ་འདིས་བཅའ་ཁྲིམས་ལ་ནུས་པ་གསར་པ་ཞིག་སྤྱིན་ཐུབ།

མ་གཞི་ནས་ཀུན་སྤྱོད་ནི་ཁྲིམས་བཟོའི་རྨང་རྡོ་ཡིན་པ་དང་། བཅའ་ཁྲིམས་ཐོག་མར་བཟོ་སྐབས་ཀུན་སྤྱོད་ཀྱི་གྲུབ་ཆ་དང་ཀུན་སྤྱོད་ཀྱི་ཚད་གཞི་གཞི་ལ་བཞག་ནས་བཟོས་པ་ཞིག་ཡིན། འོན་ཀྱང་། བཅའ་ཁྲིམས་ཀྱི་གཏན་འབེབ་དང་སྒྲིག་སྲོལ་གྱི་ཁྱབ་ཁོངས་ནང་དུ་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཚད་གཞི་རེ་རེ་གཅུན་ཞིང་ཚུད་ཐུབ་པའི་ངེས་པ་དེ་ཙམ་མེད་ལ། བཅའ་ཁྲིམས་ཀྱི་དྲ་རྒྱ་ཇི་ཙམ་ཆེ་ནའང་མི་མང་ལ་དེ་ཉིད་གཏོར་བའི་ཐབས་ཤེས་དེ་ཙམ་གྱིས་ཆེན་པོ་ཡོད་པ་ང་ཚོའི་ལོ་ངོ་དུ་མའི་འགྲོ་བ་མིའི་འཚོ་བའི་བརྒྱུད་རིམ་ཁྲོད་ར་སྤྲོད་བྱེད་ཐུབ། རྒྱ་རིགས་ཚོར་འདི་འདྲའི་བཤད་སྟངས་ཤིག་ཡོད། 道高一尺,魔高一丈 ལྷ་མཐུ་རྩལ་ཆེ་ན་འདྲེ་མཐུ་རྩལ་དེ་ལས་ཆེ། ཞེས་པ་དང་བོད་པ་ཚོས་ཀྱང་། གཙང་ཆུ་མཐོ་གང་རྒྱས་ན། ཆུ་རགས་འདོམ་གང་བརྩིག་ཆོག ཞེས་པ་ལྟར། ཁྲིམས་ཀྱི་དྲ་རྒྱ་ཅི་ཙམ་ཆེ་ནའང་མིའི་ཐབས་ཇུས་དེ་ལས་ཆེ་བས། ཁྲིམས་ཀྱི་དྲ་རྒྱས་མིའི་བྱ་སྤྱོད་ཡོངས་རྫོགས་ཚོད་འཛིན་བྱེད་པའི་གོ་སྐབས་ཧ་ལམ་མེད་པ་དང་། སྤྱི་ཚོགས་སྟེང་གི་བསམ་བློ་གཏོང་སྟངས་དང་། དད་མོས་བྱེད་སྟངས། སྤྲོ་སྣང་བྱེད་སྟངས་སོགས་ལ་བཅའ་ཁྲིམས་ཀྱིས་སྟངས་འཛིན་དང་། འགོག་སྲུང་བྱེད་ཐུབ་པའི་ནུས་པས་འདང་གིན་མེད་པ་གསལ་བོ་རེད།

ཡང་གཅིག་བཤད་ན་ཀུན་སྤྱོད་ནི་གང་ཟག་སྒེར་བ་རང་ཉིད་ཀྱི་སྒྲིག་སྲོལ་དང་ལུས་ངག་གི་སྤང་བླང་སྤྱོད་སྟངས་ཞིག་ལ་གོ་ཞིང་། བཅའ་ཁྲིམས་ནི་སྲིད་གཞུང་གིས་གཏན་ལ་ཕབ་པའི་བཅའ་ཡིག་དང་དེའི་ནང་དོན་གྱི་ཚན་པ་ཡོངས་རྫོགས་ལ་གོ་བ་ཡིན། ཀུན་སྤྱོད་ལ་འགལ་ཆ་བྱུང་སྐབས་ཉེས་ཆད་གཅོད་པའི་ངེས་པ་མེད་པར་རང་གི་བྱས་ཉེས་རང་གིས་ཐག་གཅོད་བྱེད་པ་ཡིན། བཅའ་ཁྲིམས་ནི་དེ་ལས་ལྡོག་སྟེ་དེ་ཉིད་ལ་འགལ་ཆ་བྱུང་སྐབས་ཁྲིམས་ཁང་དུ་ཉེས་ཆད་གཅོད་ལུགས་ཡོད། དེའི་ཕྱིར་ཀུན་སྤྱོད་ནི་མི་སྒེར་བ་རང་ཉིད་ཀྱི་སྲུང་བྱ་ཞིག་དང་བཅའ་ཁྲིམས་ནི་སྤྱི་ཚོགས་ཤིག་དང་སྲིད་གཞུང་ཞིག་གིས་ཁྱེད་ལ་བཙན་གྱིས་སྲུང་བར་འཇུག་པའི་བྱེད་སྒོ་ཞིག་ཡིན།

ང་ཚོ་བོད་མི་རིགས་ལ་མཚོན་ན། མི་ལོ་སྟོང་ཕྲག་མང་པོའི་རིང་མདོ་དབུས་མཐོ་སྒང་དུ་འཚོ་བ་བསྐྱལ་བའི་བརྒྱུད་རིམ་ཁྲོད། འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་ཀྱི་ཀུན་སྤྱོད་ཡག་པོ་ཞིག་ལོབས་ཡོད། དེ་ཡང་ང་ཚོས་ནམ་རྒྱུན་ནས། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་། ཆོས་ཁྲིམས་དར་གྱི་མདུད་པ། ཡུལ་ཁྲིམས་ལྕགས་ཀྱི་གོང་བུ་ཞེས་ཁ་ནས་བགྲངས་ཤིང་ཁོག་ཏུ་བརྩི་བའི་ལུགས་སྲོལ་བཟང་པོ་ཞིག་ཡོད། ལུགས་སྲོལ་བཟང་པོ་འདིས་བཅའ་ཁྲིམས་ཀྱི་ནུས་པ་ལ་རང་བཞིན་གྱིས་རམ་འདེགས་བྱེད་པའི་སྟོབས་ཤུགས་གསར་པ་ཞིག་སྟེར་ཐུབ། དེར་མ་ཟད་རང་རེའི་བོད་མི་རིགས་ལ་མཚོན་ན་དགེ་བ་བཅུ་དང་། ལས་རྒྱུ་འབྲས། སྐྱེ་བ་སྔ་ཕྱི་བཅས་ལ་ཡིད་ཆེས་བྱེད་ཅིང་། བྱམས་སྙིང་རྗེ། ཡ་རབས་སྤྱོད་བཟང་བཅས་འགྲོ་བ་མི་རིགས་ཀྱི་བླ་ན་མེད་པའི་རིན་ཐང་ཡོངས་རྫོགས་ཚང་པའི་མི་རིགས་ཤིག་ཡིན་པར་འདོད་པས། འགྲོ་བ་མིའི་རིགས་ཀྱི་བླ་ན་མེད་པའི་རིན་ཐང་འདིས་བཅའ་ཁྲིམས་ལ་དེ་མཚུངས་གྱིས་སྟོབས་ཤུགས་དང་ལེགས་སྐྱེས་གསར་པ་ཞིག་འབུལ་ཐུབ།

བར་འདུམ་ཁྲིམས་གཅོད།

མི་ལ་བཟང་སྤྱོད་ཡག་པོ་ཡོད་པའི་ཁར་ད་དུང་ཁྲིམས་འཛིན་མ་ལག་བརྟན་པོ་ཞིག་ཡོད་ན་དེ་ནི་བཅའ་ཁྲིམས་ལ་ནུས་པ་སྣོན་མ་ཞིག་ཡོང་ཐུབ་པའི་རེ་བ་ཡིན། རྒྱལ་ཁབ་དང་ཚོགས་སྡེ་ཞིག་ལ་ཁྲིམས་འཛིན་གྱི་མ་ལག་བརྟན་པོ་ཞིག་ཡོད་རྒྱུ་དེ། རྒྱལ་ཁབ་དང་ཚོགས་སྡེ་དེ་ཡི་བཅའ་ཁྲིམས་ལ་ནུས་པ་ངེས་ཅན་ཞིག་ཡོང་ཐུབ་མིན་དང་འབྲེལ་བ་ཡོད་པ་ཞིག་ཡིན། དཔེར་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་མཚོན་ན། སྒྲིག་འཛུགས་འདི་རྒྱ་གར་ནང་རྟེན་གཞི་བྱས་ཡོད་པས་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་དེའང་རང་བཞིན་གྱིས་རྒྱ་གར་གྱི་བཅའ་ཁྲིམས་ཀྱི་ཁོངས་སུ་གཏོགས། དེ་ལྟར་རྒྱ་གར་གྱི་མངའ་ཁོངས་སུ་བཙུགས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་མ་ལག་འདི། རང་བཞིན་གྱིས་ཚོགས་སྡེ་དང་ཡང་ན་སྒྲིག་འཛུགས་ཤིག་གི་ཁྲིམས་འཛིན་མ་ལག་གི་ཁོངས་སུ་གཏོགས་ཤིང་། སྒྲིག་འཛུགས་ཤིག་གི་ཁྲིམས་འཛིན་མ་ལག་གི་ཁོངས་སུ་གཏོགས་པའི་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་ལ་མཚོན་ན། རང་གི་ཁྱབ་ཁོངས་སུ་ཡོད་པའི་ཁྲིམས་ལུགས་ལག་བསྟར་བྱེད་སྟངས་འདི། སྒྲིག་འཛུགས་ཤིག་གི་དམངས་ཁྲིམས་ལག་ལེན་བྱེད་སྟངས་དང་ཀུན་ནས་མཚུངས། དེའི་ཕྱིར་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་གཅོད་བྱེད་སྟངས་འདི་ལ་བར་འདུམ་ཁྲིམས་གཅོད་བྱེད་སྟངས་ཀྱི་ལམ་ལུགས་ arbitration ཞེས་བརྗོད་ན་འོས་ཤིང་མཚམས། དེ་བཞིན་ཏུ་བར་འདུམ་ཁྲིམས་གཅོད་ arbitration ལམ་ལུགས་འདི་ནི་འཛམ་གླིང་སྟེང་ཆེས་དར་ཁྱབ་ཆེ་བའི་ཁྲིམས་གཅོད་ལག་ལེན་བྱེད་སྟངས་ཤིག་ཡིན། བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་ལ་མཚོན་ན་བར་འདུམ་ཁྲིམས་གཅོད་ལམ་ལུགས་ལག་བསྟར་བྱེད་སྟངས་གྲ་འགྲིག་པོ་དང་འཐུས་ཚང་བ་ཞིག་ཡོད། ང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁྲིམས་ཞིབ་ཁང་གི་ཁྲིམས་གཅོད་ལམ་ལུགས་འདིའང་དེ་ལྟ་བུའི་བར་འདུམ་ཁྲིམས་གཅོད་གྱི་ལམ་ལུགས་ཤིག་ལ་གཞི་བཅོལ་ནས་ལག་བསྟར་བྱེད་གིན་ཡོད་པར་སྣང་།

བར་འདུམ་ཁྲིམས་གཅོད་ལམ་ལུགས་ཀྱི་ཁྱད་ཆོས།

སྤྱིར་བཏང་བཤད་ན། བར་འདུམ་ཁྲིམས་གཅོད་བྱེད་ལུགས་འདི་རྒྱལ་སྤྱི་དང་རྒྱལ་ནང་གི་གྱོད་དོན་གཏུག་བཤེར་གཉིས་ཀར་བཀོལ་ཆོག་ཀྱང་། རྒྱལ་སྤྱིའི་ཚོང་དོན་བར་འདུམ་ཁྲིམས་གཅོད་ཁང་ ICA འགྲོ་ལུགས་བསྟར་ན། ཁྲིམས་ཞིབ་ཁང་གི་གྱོད་དོན་གཏུག་བཤེར་མཐའ་དག་ངེས་པར་དུ་རང་གི་གནས་ཡུལ་རྒྱལ་ཁབ་དེའི་བཅའ་ཁྲིམས་གཞི་ལ་བཞག་ནས་འགྲོ་དགོས་པ་ཞིག་ཡིན། རྒྱ་གར་གྱི་ཁྲིམས་འཛིན་མ་ལག་ཚན་ཁག་ཏུ་བར་འདུམ་ཁྲིམས་གཅོད་ཀྱི་བརྒྱུད་རིམ་ལ་ཁས་ལེན་དང་རྒྱབ་སྐྱོར་བྱེད་སྲོལ་ཡོད་པ་དང་། བར་འདུམ་ཁྲིམས་གཅོད་བྱེད་སྟངས་ནི་ཁ་མཆུ་ཅི་བྱུང་གྱོད་ཡ་ཕྱོགས་གཉིས་ཀའི་ཐུན་མོང་གི་གདམ་བྱ་གཞི་ལ་བཞག་ནས་བར་འདུམ་བྱེད་མཁན་ནམ། ཁྲིམས་ཞིབ་ཁང་ཞིག་དང་མཉམ་དུ། ཁ་མཆུ་ལ་ཞིབ་བཤེར་དང་། ཁུངས་སྐྱེལ་ར་སྤྲོད་བྱེད་སྲོལ་ཡོད་ལ། དེ་ལྟར་བཅའ་ཁྲིམས་ཀྱི་ལས་རིམ་ཡོངས་སུ་གྲུབ་རྗེས། ཁྲིམས་ཞིབ་ཁང་དེས་མཐའ་མའི་ཐག་གཅོད་ཀྱི་བཅད་ཁྲ་གཏོང་སྲོལ་ཡོད་པ་རེད།

བར་འདུམ་ཁྲིམས་གཅོད་ཀྱི་དགེ་མཚན་ཡག་ཤོས་ཤིག་ནི་ཁྲིམས་ཁང་ནང་དུ་གྱོད་ཞིབ་དང་། ཞུ་གཏུགས་ཀྱི་དུས་ཚོད་འགོར་འགྱངས་དང་། གླ་ཡོན་ཆེན་པོ་སྤྲད་དེ་ཁྲིམས་རྩོད་པ་གླས་མ་དགོས་པར། ཁྲིམས་གཅོད་བྱ་རིམ་དེ་གོང་ཆུང་ལ་ཚད་མགྱོགས་པའི་ཐག་གཅོད་ཐུབ་པའི་ནུས་པ་དང་ལྡན། དེ་དང་མཉམ་དུ་བར་འདུམ་ཁྲིམས་གཅོད་ལག་ལེན་བྱེད་སྟངས་དེའང་གྱོད་ཡ་ཕྱོགས་གཉིས་ཀའི་ཐུན་མོང་གིས་བདམས་པའི་བར་འདུམ་ཁྲིམས་ཞིབ་ཁང་གི་མདུན་དུ། ཁ་མཆུ་ཅི་ཡོད་ཚང་མ་བར་འདུམ་ཁྲིམས་ཞིབ་ཁང་བརྒྱུད། ཁྲིམས་གཅོད་ལག་ལེན་བྱེད་རྒྱུའི་ཆོད་ཡིག་བཞག་རྗེས། གཞི་ནས་ཁྲིམས་རྩོད་བྱ་རིམ་གྱི་ལས་འགོ་འཛུགས་པ་ཞིག་ཡིན།

དེའང་གྱོད་ཡ་ཕྱོགས་གཉིས་ཀའི་ཐུན་མོང་གི་མོས་མཐུན་ཡོད་པའི་གན་རྒྱ་ཞིག་གཞི་རྩར་བཞག་ཏེ་ཁྲིམས་གཏུག་ལས་རིམ་འདི་འགོ་འཛུགས་པ་ཞིག་ཡིན། ཁྲིམས་གཏུག་ལས་རིམ་གྱི་ཆིངས་ཡིག་འདིའི་ནང་དུ་མཐའ་མའི་ཐག་གཅོད་དེ། བར་འདུམ་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ལ་ངོས་ལེན་ཞུ་མིན་གསལ་པོར་འགོད་དགོས་ཤིང་། དེ་ཡང་གན་རྒྱའི་ནང་དུ་བར་འདུམ་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དེ་མཐའ་མའི་ཐག་གཅོད་ཡིན་པའི་ངོས་ལེན་དང་། ཡང་ན་བར་འདུམ་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དེ། ཁྲིམས་ཞིབ་ཁང་གཞན་དུའང་འགྲོ་ཆོག་པའི་རེ་འདུན་རྣམས་གན་རྒྱའི་ཐོག་གསལ་བོར་འགོད་དགོས།

བར་འདུམ་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ལ་གཡོལ་ཐབས་མེད་པའི་ཁྲིམས་ཀྱི་ནུས་པ་ཡོད་མེད་དེ་གྱོད་ཡའི་གན་རྒྱ་འདི་ལ་རག་ལས་ཡོད་པ་ཞིག་ཡིན། དེ་ཡང་གསལ་བོར་བཤད་ན། བར་འདུམ་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ལ་གཡོལ་ཐབས་མེད་པའི་ཁྲིམས་ཀྱི་ནུས་པ་ལྡན་དགོས་ན། གྱོད་ཡ་གང་རུང་གི་ཆིངས་ཡིག་ཐོག་བཅད་ཁྲའི་དབང་ཆ་ཡོངས་རྫོགས་བར་འདུམ་ཁྲིམས་ཞིབ་ཁང་ལ་སྤྲོད་མིན་དེར་རག་ལས་ཤིང་། གལ་སྲིད་བཅད་ཁྲའི་དབང་ཆ་ཡོངས་རྫོགས་བར་འདུམ་ཁྲིམས་ཞིབ་ཁང་ལ་སྤྲད་པའི་གན་རྒྱ་བཞག་ཡོད་ན། བར་འདུམ་ཁྲིམས་ཞིབ་ཁང་གི་ཐག་གཅོད་དེ་ནི་མཐའ་མའི་ཐག་གཅོད་དེ་ཡིན་ཞིང་། ཁྲིམས་ཁང་གཞན་ལ་གྱོད་དོན་དེ་བསྐྱར་ཞིབ་བྱེད་པའི་ཐོབ་དབང་མེད་པར། བར་འདུམ་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ལ་གཞི་ནས་གཡོལ་ཐབས་མེད་པའི་ཁྲིམས་ཀྱི་ནུས་པ་ལྡན་པ་གསལ་བོར་མཚོན་ཡོད།

བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་ལ་མཚོན་ན་བར་འདུམ་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་ཀྱི་བྱ་རིམ་སྔོན་མ་ནས་གཏན་ལ་ཕབས་ཡོད་ཅིང་། ཉེ་བའི་ཆ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཚོང་དོན་ལྷན་ཁང་གི་བཅའ་ཁྲིམས་གཞིར་བྱས་ཏེ། རྒྱ་གར་གཞུང་གིས་༡༩༩༦ ལོར་(འདུམ་གཅོད་དང་བར་འདུམ་ཁྲིམས་ཞིབ) Arbitration and Conciliation Act, 1996 ཁྱབ་བསྒྲགས་བྱས་ཡོད། སྤྱི་ལོ་ ༢༠༡༥ ལོར་བཅའ་ཁྲིམས་དེར་བསྐྱར་བཅོས་མཛད་དེ། རྒྱ་གར་གཞུང་གི་རྒྱལ་ནང་དང་ཕྱི་རྒྱལ་གྱི་ཚོང་དོན་བར་འདུམ་ཁྲིམས་ཞིབ་ལས་དོན་ཕྱོགས་ཀྱི་བཅའ་ཁྲིམས་ཀྱི་རྨང་རྡོར་བཞག བསྐྱར་བཅོས་བྱས་པའི་ཁྲིམས་དོན་གྲོས་གཞི་དེས་རྒྱལ་ཁབ་ཀྱི་ཁྲིམས་ཁང་གིས་བར་འདུམ་ཁྲིམས་ཞིབ་ཁང་གི་ལས་རིམ་ལ་ཐེ་གཏོགས་བྱེད་རྒྱུ་ཉུང་དུ་བཏང་ཞིང་། བར་འདུམ་ཁྲིམས་ཞིབ་ཁང་གི་བཀའ་རྒྱ་དང་བཅད་ཁྲ་མཐའ་དག སྤྱི་དམངས་གཏུག་བཤེར་ཁྲིམས་གཞི་ཡི་ཁྲིམས་གཞུང་དུ་འགོད་རྒྱུའི་ཐག་གཅོད་བྱས་ཡོད། ཡང་གཅིག་བཤད་ན། འདུམ་གཅོད་དང་བར་འདུམ་གྱི་བཅའ་ཁྲིམས་འདིས་བར་འདུམ་ཁྲིམས་ཞིབ་ཁང་ལ་རང་རྐྱ་འཕེར་བའི་དབང་ཆ་གནང་ཞིང་། བར་འདུམ་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ལ་ས་གནས་སྲིད་གཞུང་གི་ཁྲིམས་ཁང་དུ་ཁས་ལེན་བྱེད་པའི་དབང་ཆ་སྤྲད་ཡོད།

བར་འདུམ་ཁྲིམས་ཞིབ་ཁང་དུ་དམངས་ཁྲིམས་ཀྱི་ཁོངས་སུ་གཏོགས་པའི་གྱོད་ཡ་མཐའ་དག་ཐག་གཅོད་བྱེད་པའི་དབང་ཆ་ཡོད་པ་དང་། སྤྱིར་བཏང་གི་བར་འདུམ་བྱེད་སྟངས་ལ་གཤམ་གྱི་རྩ་དོན་འདི་རྣམས་གཞི་ལ་འཇོག་སྲོལ་ཡོད།

དང་པོ། གྱོད་དོན་འདུམ་འགྲིག་བྱེད་སྐབས་བཅའ་ཁྲིམས་དང་། རྩ་ཁྲིམས། སྒྲིག་སྲོལ། ལམ་ལུགས་བཅས་གཞི་ལ་བཞག་ནས་འདུམ་འགྲིག་བྱེད་དགོས།

གཉིས་པ། གྱོད་ཡ་ཕྱོགས་གཉིས་ཀའི་དྭངས་བླངས་དང་། འདྲ་མཉམ་གྱི་རྨང་གཞིའི་ཐོག་འདུམ་སྒྲིག་བྱེད་རྒྱུ།

གསུམ་པ། དོ་བདག་གཏུག་བཤེར་མཁན་གྱི་གཏུག་བཤེར་ཐོབ་ཐང་དང་ཁོང་གི་རྩ་དོན་ལ་བརྩི་བཀུར།

བཞི་བ། འདུམ་སྒྲིག་གི་བརྒྱུད་རིམ་ཁྲོད་དོ་བདག་ལ་གནོན་ཤུགས་དང་། གཡོ་ཟོལ། རྡུང་རྡེག། འཁོན་སློག་བྱེད་མི་ཆོག

ལྔ་བ། དོ་བདག་ལ་མཐོང་ཆུང་དང་ཁྱད་གསོད་བྱས་མི་ཆོག

དྲུག་པ། དོ་བདག་གི་མི་སྒེར་གྱི་གསང་བ་ཕྱི་ལ་སྒྲོག་མི་ཆོག

བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁག་གི་སྤྱི་དམངས་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དང་། དེ་ཉིད་ལག་བསྟར་བྱེད་ལུགས་ཀྱི་ཁྲིམས་གཅོད་བརྒྱུད་རིམ་མཐའ་དག་བར་འདུམ་ཁྲིམས་ཞིབ་ཁང་ཞིག་གི་ཁྲིམས་གཅོད་ལག་ལེན་བྱེད་སྟངས་དང་ཡོངས་སུ་མཚུངས།

མཐའ་དོན།

བཅའ་ཁྲིམས་ལག་ལེན་དོན་འཁྱོལ་ཡོང་མིན་དང་དེ་ལ་ནུས་པ་ཇི་ཙམ་ཐོན་མིན་དེ། དངོས་གནས་བཤད་ན་རྒྱལ་ཁབ་ཀྱི་ཞི་དྲག་གཉིས་ཀྱི་ཁྲིམས་གཅོད་ལག་བསྟར་བྱས་པ་ཁོ་ནས་མི་འགྲིག་པར། མི་མང་ལ་རང་འགུལ་གྱི་ཁྲིམས་སྲུང་ཀུན་སློང་བརྟན་པོ་ཞིག་ཡོད་རྒྱུ་དེ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཆགས་རེད། ཡང་གཅིག་བཤད་ན་མི་མང་གིས་བཅའ་ཁྲིམས་ཀྱི་གཏན་འབེབ་ལ་དད་འདུན་དང་། དེ་ཉིད་རང་གི་སྲོལ་རྒྱུན་དང་མཐུན་པའི་ཡིད་ཆེས་རྙེད་ཐུབ་པ་བྱུང་ན་དེ་ནས་བཅའ་ཁྲིམས་ལ་ཡིད་ཆེས་དང་བརྩི་བཀུར་བྱེད་པའི་འདུན་པ་ཞིག་ཡོང་ཐུབ་ཅིང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་དེའི་ལག་བསྟར་བྱེད་ལུགས་ཚང་མ། རྒྱལ་སྤྱི་དང་། རྒྱལ་ནང་། རང་གི་གནས་ཡུལ་རྒྱ་གར་གྱི་ཁྲིམས་འཛིན་ལམ་ལུགས་དང་མཐུན་ཞིང་། བོད་མི་མང་གི་ཆོས་སྲིད་གཉིས་ལྡན་གྱི་མཚན་ཉིད་ཡོངས་སུ་ཚང་བའི་ཁྲིམས་འཛིན་ལམ་ལུགས་ཤིག་ཡིན་ཙང་། བཙན་བྱོལ་བོད་མིའི་མི་སེར་རེ་རེ་ནས་བཅའ་ཁྲིམས་འདིར་བརྩི་སྲུང་བྱེད་ཐུབ་ན་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ལ་ནུས་པ་སྣོན་མ་ཞིག་ཡོང་ཐུབ་པ་གསལ་བོ་རེད།

མུ་འགོད།

བསྐྱར་བཅོས།: ༢༠༡༩/༡༡/༢༨

Leave a Reply

4 thoughts on “བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་དེའི་ནུས་པ།

  1. བཅའ་ཁྲིམས་ལེགས་ཀྱང་། །གཙོ་བོ་བཅའ་དཔོན་མ་ལེགས་ན་ཚར་རེད། །ཁ་མཆུ་ཨང་ ༢༠ པའི་བཅད་ཁྲ་ནང་བཞིན་རེད་ན་དེ་ལས་ཚར་རེད་དོ།།

  2. བསོད་ནམས་རྒྱལ་མཚན།

    ཡག་པོ་གསུང་འདུག སྔོན་ལ་་་ དམངས་གཞི་དགོས་གལ་ཆེ། -> ༡༽ མིའི་མཚན་ཉིད་ཚང་བ་རྣམ་ད་པྱོད་ཅན། ༢༽ བོད་རྒྱལ་ཁབ་ལ་ཞེན་ཁོག་དང་ཤེས་ཡོན་སྤུས་ལེགས་ཚད་མཐོ་པོ་ཡོད་པ། ༣༽ བཟང་སྤྱོད།

  3. བསྟན་པ་ལེགས་ཚོགས་

    ༄༄། སྐུ་ཞབས་ལ་མོ་ཚུལ་ཁྲིམས་མཆོག་གི་སྐུ་ངལ་འཛེམ་མེད་ཐོག་བཅའ་ཁྲིམས་ཀྱི་སྐོར་གནས་ཚུལ་ཞིབ་ཁྲ་གསལ་བཀོད་གནང་བ་འདིས་བདག་སོགས་བོད་མི་དཀྱུས་མ་བློ་དམན་རྣམས་ལ་འཛམ་གླིང་ནང་གི་ཁྲིམས་སྲོལ་དང་འབྲེལ་རང་གི་རྒྱལ་ཁབ་དང་དེའི་བཅའ་ཁྲིམས་ཉམས་ལེན་ཇི་ལྟར་བྱ་རྒྱུར་ཕན་ཐོག་གང་ཆེ་ཡོང་བར་འདོན་མི་ཟ་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་།།

    1. ་ཡག་གོ། ལ་མོ་ལགས་། རྒྱལ་སྤྱིའི་ཁྲིམས་སྐྱོང་སྟངས་དང་། ང་འཚོ་བཙན་བྱོལ་བོད་མི་བཅའ་ཁྲིམས་སྐྱོང་མཁན་ཏེ་ཁྱེད་འདྲབའི་གང་ཟག་ཞིག་ཨེ་མ། ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་བཅད་ཁྲ་གཏང་མཁན་དེ་ལ་རྣམས་དཔྱོད་དང་ཐབས་ཇུས་གཉིས་མེད་ཕྱོགས་ལྷུང་ཅན་། བོད་སྤྱི་འཛིན་སྐྱོངས་ལ་དམའ་འབེབས་རྒྱ ་ནག་གུང་ཁྲན་ལ་དཔེ་ལན་ནས་བཅད་ཁྲ། བཙན་བྱོལ་གཞུང་མེད་ན་བོད་མི་ཡོངས་ཀྱིས་ཚེ་ཟད་དོ།