སྲིད་འཛིན་ཊོམ་ཕུས་ཧོང་ཀོང་གི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན།

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཞི་ཅིན་ཕིན་དང་ཧོང་ཀོང་མི་མང་ལ་རྒྱབ་སྐྱོར་གནང་སྟེ་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས། ཉེ་སྔོན་ཕྱི་ཟླ་ ༦ པར་ཨ་རིའི་གྲོས་ཚོགས་ནང་བཏོན་པའི་ཕྱི་ལོ་ ༢༠༡༩ ལོའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན་ཏེ་དངོས་སུ་ཁྲིམས་ཡིག་ཏུ་གཏན་འབེབ་བྱུང་ཡོད་པ་དང་། ཁོང་གིས་ཁྲིམས་འཆར་དེར་མཚན་རྟགས་སྐྱོན་དོན་ནི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཧོང་ཀོང་མི་མང་ལ་རྒྱབ་སྐྱོར་བྱས་པ་ཞིག་ཡིན་སྐོར་དང་། ཁྲིམས་འཆར་དེ་ཁྲིམས་ལ་བསྒྱུར་ནས་རྒྱ་ནག་དང་ཧོང་ཀོང་གི་མགོ་འཁྲིད་དང་སྐུ་ཚབ་ཚོས་ཕན་ཚུན་འཆམ་མཐུན་ངང་མི་མཐུན་པ་ཞི་འགྲིག་དང་། ཕྱོགས་གཉིས་བར་ཕུགས་རྒྱང་རིང་བའི་ཞི་བདེ་དང་ཡར་རྒྱས་གོང་འཕེལ་ཡོང་བར་རེ་བ་རྒྱག་གི་ཡོད། ཅེས་གསུངས་འདུག

ཊོམ་ཕུ་མཆོག་གིས་ཧོང་ཀོང་མི་མང་ལ་རྒྱབ་སྐྱོར་མཚོན་པའི་ཁྲིམས་འཆར་དེར་མཚན་རྟགས་བསྐྱོན་པ་དང་རྒྱ་ནག་གཞུང་གིས་ཨ་རིར་སྐྱོན་བརྗོད་བྱས་ཡོད་པ་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་ཟེར་བ་དེས། རྒྱ་ནག་གིས་ཨ་རིའི་བྱེད་སྟངས་དེའི་ཐད་གདོང་ལེན་ནན་པོ་བྱ་རྒྱུ་ཡིན་པ་མ་ཟད། ཨ་རིར་གཡོ་རྒྱུ་ཆེ་བའི་དམིགས་འབེན་ཡོད་པ་རེད། ཨ་རིའི་ཐག་གཅོད་དེ་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་ཤིག་ཡིན་པ་དང་། ནམ་ཡང་ལམ་ལྷོངས་འབྱུང་མི་སྲིད་པ་ཞིག་རེད། ཅེས་བརྗོད་ཡོད་པ་དང་། ཧོང་ཀོང་སྲིད་གཞུང་གིས་ཀྱང་ཁྲིམས་འཆར་དེས་གོ་ནོར་གྱི་བརྡ་སྟོན་གྱི་ཡོད་ལ། ཧོང་ཀོང་ནང་གི་དཀའ་རྙོག་ལ་ཕན་ཐོགས་ཀྱི་མེད། ཅེས་བརྗོད་འདུག

ད་རེས་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཁྲིམས་འཆར་གཞན་ཞིག་ལའང་མཚན་རྟགས་བསྐྱོན་ཡོད་པ་དང་། ཁྲིམས་འཆར་དེས་ཧོང་ཀོང་ནང་ཉེན་རྟོག་པར་མཁོ་བའི་མང་ཚོགས་སྟངས་འཛིན་གྱི་གོ་ལག་དང་། མིག་ཆུའི་དུག་རླངས། འགྱིག་མདེའུ་སོགས་ནང་འདྲེན་བྱེད་པར་བཀག་སྡོམ་བྱེད་ཀྱི་ཡོད་པ་རེད།

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཨ་རྒྱའི་ཚོང་འབྲེལ་འཐབ་འཁྲུག་མཚམས་འཇོག་སླད་རྒྱ་ནག་དང་ལྷན་དུ་གྲོས་མོལ་ཡོང་ཐབས་གནང་བཞིན་ཡོད་པ་དང་། དེ་སྔོན་ཁོང་ཧོང་ཀོང་མི་མང་མཉམ་དུ་ཡོད་ཀྱང་། ཞི་ཅིན་ཕིན་མི་ཧ་ཅང་ཡག་པོ་ཡོད་སྐོར་སོགས་བརྗོད་མྱོང་ཡོད་སྟབས། ཆབ་སྲིད་དཔྱད་བརྗོད་པ་ཚོས་ཁྲིམས་འཆར་དེར་ཨ་རིའི་གྲོས་ཚོགས་ནས་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་པས། གལ་སྲིད་ཊོམ་ཕུ་མཆོག་ནས་མཚན་རྟགས་རྒྱག་འདོད་མེད་པ་ཡིན་ནའང་། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཁོའི་ཐག་གཅོད་ལ་འགྱུར་བ་གཏོང་སྲིད་སྐོར་བརྗོད་ཡོད་པ་རེད།

ཁྲིམས་ཡིག་གསར་བ་དེའི་ནང་། ཧོང་ཀོང་རྒྱ་ནག་གི་ཆ་ཤས་ཡིན་ཡང་། ཧོང་ཀོང་ལ་ཁྲིམས་དང་དཔལ་འབྱོར་གྱི་གནས་བབ་ལོག་ཁ་ཞིག་ཡོད་སྐོར་དང་། ཨ་རིའི་གཞུང་ངོས་ནས་ལོ་ལྟར་ཧོང་ཀོང་གི་ཁྲིམས་ཡིག་བསྐྱར་ཞིབ་བྱེད་བཞིན་ཡོད་པ་དེས། རྒྱ་ནག་ནས་ཧོང་ཀོང་མི་མང་གི་གཞི་རྩའི་ཐོབ་ཐང་དང་ཁྲིམས་ཀྱི་དབང་བསྒྱུར་ལ་རྡོག་རོལ་གཏོང་གི་ཡོད་མེད་རྟོགས་ཐབས་བྱེད་བཞིན་ཡོད་ལ།  དེ་བཞིན། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག་གི་ཤུགས་རྐྱེན་ཧོང་ཀོང་ནང་མ་ཐེབས་པ་བྱ་རྒྱུ། དེ་བཞིན། ཨ་རིས་ཧོང་ཀོང་མི་མང་དང་ཞི་རྒོལ་ལས་འགུལ་ཁྲོད་འཛིན་བཟུང་བྱས་པ་ཚང་མ་ཨ་རིར་ཡོང་ཆོག་པའི་ཐོངས་མཆན་སྤྲོད་དགོས་ཀྱི་ཡོད་སྐོར་སོགས་བཀོད་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༡/༢༩

Leave a Reply

2 thoughts on “སྲིད་འཛིན་ཊོམ་ཕུས་ཧོང་ཀོང་གི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན།