ལྷ་མེད་སྨྲ་བའི་མདུན་མཆོང་བ་ར་ཝི་ཀུ་མར།

——-གལ་ཏེ་ལྷས་འཇིག་རྟེན་འདི་བསྐྲུན་ཡོད་ན། ཁོས་སྡུག་བསྔལ་དེ་འདྲ་མང་པོ་བསྐྲུན་དགོས་དོན་གང་རེད།

རྒྱ་གར་བྱང་ཕྱོགས་ནས་ཡིན་པའི་ར་ཝི་ཀུ་མར་(Ravi Kumar )ཞེས་པའི་སྐྱེས་པ་ཞིག་གིས་རང་ལོ་དྲུག་བདུན་གྱི་མཚམས་ནས་ལྷ་དང་དཀོན་མཆོག་མེད་པར་ཡིད་ཆེས་བྱས་ཤིང་། འདས་པའི་ལོ་ངོ་ ༢༠ རིང་ལྷ་མཆོད་དང་གནས་མཇལ་སོགས་ཆོགས་ལུགས་ཀྱི་རྒྱུན་ལྡན་བྱེད་སྒོ་ཐམས་ཅད་ཡལ་བར་དོར་ཏེ། ལག་ངར་གཡས་གཡོན་གཉིས་ཀར་དབྱིན་ཡིག་གི་ “Atheist” ལྷ་མེད་སྨྲ་བ་ཞེས་ཁབ་གཙགས་བརྒྱབ་ཡོད་པ་ཟད། རང་གི་སྐྱེས་ཚེས་ལག་འཁྱེར་སོགས་གཞུང་འབྲེལ་ཡིག་ཆེའི་ཐོག་གི་རང་མིང་གི་རྗེས་སུའང་ལྷ་མེད་སྨྲ་བ་ཞེས་བྲིས་ཤིང་།   རང་ཁྱིམ་གྱི་སྒོ་ཀླད་ངོས་སུ་ཡང་ “ར་ཝི་ལྷ་མེད་སྨྲ་བ་”( Ravi Kumar Atheist)ཞེས་མངོན་གསལ་དོད་པོས་རང་ཉིད་ལྷ་མེད་སྨྲ་བ་ཞིག་ཡིན་པ་སྟོན་ཐབས་གང་ཡོད་བྱས་རྐྱེན། སློབ་གྲྭ་དང་མཐོ་སློབ། སྤྱི་ཚོགས། ཐ་ན་རང་གི་ཕ་མས་ཀྱང་གཤེ་གཤེ་དང་ཁ་རྡུང་མྱངས་ཡོད་ཀྱང་། ད་ལྟ་ཁོ་པས་རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་ལ་རང་ཉིད་ལྷ་མེད་སྨྲ་བ་ཞིག་ཡིན་པའི་ངོས་འཛིན་ལག་འཁྱེར་འཐོབ་རྒྱུར་འཐབ་རྩོད་བྱེད་བཞིན་ཡོད་པ་རེད།

སློབ་ཆེན་ནས་ཕྱིར་བུད་པའི་རང་ལོ་ ༣༣ ཡིན་པའི་ར་ཝི་ཀུ་མར་ནི་རྒྱ་གར་གྱི་བྱང་ཕྱོགས་ཧར་ཡ་ན་མངའ་སྡེའི་ཊོ་ཧཱ་ནཱ་(Tohana)ཞེས་པའི་གྲོང་གསེབ་ནས་ཡིན་ཞིང་། ཉིན་རེའི་འཚོ་བ་ཡང་ཁང་རྩིས་བྱུག་སྟེ་འཁྱོལ་ཐབས་བྱེད་ཀྱི་ཡོད། ཁོ་པས་མངའ་སྡེ་གཞུང་ལ་རང་ཉིད་ལྷ་མེད་སྨྲ་བ་ཞིག་ཡིན་པའི་གཞུང་འབྲེལ་ངོས་འཛིན་ལག་འཁྱེར་ཞིག་སྤྲོད་རྒྱུའི་ཞུ་འབོད་བྱས་པ་ལྟར། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༩ ཉིན་ས་གནས་རྫོང་སྲིད་གཞུང་གི་འབྲེལ་ཡོད་དཔོན་རིགས་ཀྱི་མིང་རྟགས་བཀོད་པའི་ཧར་ཡ་ན་མངའ་སྡེའི་གཞུང་གི་ཡིག་ཤོག་སྟེང་། ར་ཝི་ཀུ་མར་རིགས་རུས་དང་། ཆོས་ལུགས། ལྷ་གང་གི་ཁོངས་སུ་ཡང་ཚུད་ཀྱི་མེད་པའི་ངོས་འཛིན་ལག་ཁྱེར་ཞིག་ཐོབ། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ། གནས་ཚུལ་དེ་ས་གནས་དང་རྒྱལ་ཡོངས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་རྗེས་དོ་སྣང་བྱེད་མཁན་མང་དུ་ཕྱིན་པའི་རྐྱེན་གྱིས། བདུན་ཕྲག་གཅིག་ཙམ་རྗེས་རྫོང་སྲིད་གཞུང་གིས། ངོས་འཛིན་ལག་ཁྱེར་སྤྲད་པ་དེ་ཁྲིམས་ཁོངས་དབང་ཚད་ལས་བརྒལ་ཡོད་སྐོར་བརྗོད་དེ། ར་ཝི་ཀུ་མར་ལ་ལག་ཁྱེར་དེ་གཞུང་ལ་ཕྱིར་སློག་དགོས་པའི་བཀའ་བཏང་། ཡིན་ན་ཡང་། ར་ཝི་ཡིས་ཕྱིར་སློག་བྱེད་རྒྱུའི་ཚབ་ཏུ་པན་ཇཱབ་དང་ཧར་ཡ་ན་མངའ་སྡེའི་འབྲིང་རིམ་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཡོད་པ་དང་། ཁྲིམས་ཁང་དེས་ཀྱང་འདི་ལོའི་ཕྱི་ཟླ་ ༩ པའི་ནང་། རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་ ༢༥ གཞིར་བཟུང་སོ་སོ་ལྷ་མེད་སྨྲ་བ་ཞིག་ཡིན་སྐོར་བརྗོད་ཆོག་ཀྱང་། ཁྲིམས་ཡིག་གང་དུ་ཡང་དེ་འདྲའི་ཁྲིམས་ཐོག་གི་ངོས་འཛིན་ལག་འཁྱེར་ཞིག་དགོས་སྐོར་གསལ་གྱི་མེད་སྐོར་བརྗོད་དེ་ར་ཝི་ཀུ་མར་གྱི་ཞུ་གཏུག་རྩིས་མེད་བཏང་ཡོད་པ་རེད།ར་ཝི་ཀུ་མར་གྱིས། མར་མེའི་དུས་ཆེན་ (Diwali) སྐབས་ལོ་ལྟར་ངའི་པ་ལགས་ཀྱིས་རྒྱན་ཤོག་ཉོས་ཏེ་ནོར་ལྷ་ལག་ཤི་མི་ལ་གསོལ་བ་འདེབས་ཀྱི་ཡོད་མོད། ད་བར་རྒྱན་ཤོག་ཐོབ་མྱོང་མེད། དེ་བཞིན་ཉིན་ཞིག་བུ་བཞི་ཡིས་ང་ལ་རུབ་རྡུང་བྱེད་སྐབས། ངས་ལྷ་ཆེན་ཀྲི་ཤི་ཎ་ལ་གསོལ་བ་བཏབ་ཀྱང་ང་སྐྱོབ་ཏུ་བསླེབས་མ་སོང་། ཞེས་བཤད། འདི་ལྟ་བུའི་གནས་སྟངས་ཤིག་གི་འོག་ནས་ཁོ་པས་ལྷ་ཞེས་པ་མེད་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་ཁོ་པས་དངོས་སུ་ཁྲིམས་ཐོག་གི་བྱ་རིམ་བརྒྱུད་ནས་རང་ལ་ངོས་འཛིན་ཐོབ་ཐབས་བྱས་པ་བཞིན། ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡ ཚེས ༢ ཉིན་ས་གནས་སྤྱི་དམངས་ཁྲིམས་ཁང་གིས་ཁོ་པའི་མིང་མཐར་ལྷ་མེད་སྨྲ་བ་ཞེས་སྦྱར་རྒྱུའི་ཐོབ་ཐང་ཡོད་སྐོར་བརྗོད་དེ། དུས་དེ་ནས་བཟུང་ཁོ་པའི་མིང་དེ་ར་ཝི་ཀུ་མར་ལྷ་མེད་སྨྲ་བ་ཞེས་སུ་གྱུར།

ར་ཝི་ཀུ་མར་གྱིས་མངའ་སྡེའི་འབྲིང་རིམ་ཁྲིམས་ཁང་གིས་ཁོ་པའི་ཞུ་གཏུག་རྩིས་མེད་བཏང་བ་དེར་དང་ལེན་བྱ་རྒྱུའི་ཚབ་ཏུ། ད་ལྟ་མཐོ་རིམ་ཁྲིམས་ཁང་ལ་ཞུ་གཏུག་བྱ་རྒྱུར་སྟ་གོན་བྱེད་བཞིན་ཡོད་པ་མ་ཟད། རྒྱ་གར་གྱི་སྲིད་འཛིན་ལ་དེའི་ཐད་རོགས་སྐྱོར་གནང་རྒྱུའི་སྙན་ཞུ་ཞིག་ཀྱང་ཕུལ་ཚར་ཡོད་འདུག ཁོ་པས་འབྲིང་རིམ་ཁྲིམས་ཁང་གིས་ང་ལ་ཟུར་དུ་ངོས་འཛིན་ལག་ཁྱེར་ཞིག་དགོས་ཀྱི་མེད་སྐོར་བརྗོད་ཡོད་ཀྱང་། དོན་དངོས་ཐོག་དེ་དགོས་ཀྱི་ཡོད། གཞུང་ངོས་ནས་མི་མང་རྣམས་ལ་ཆོས་ལུགས་དང་རིགས་རུས་ཀྱི་ལག་ཁྱེར་སྦྱིན་གྱི་ཡོད་ན། ང་ལ་ཡང་རང་ཉིད་ལྷ་མེད་སྨྲ་བ་ཞིག་ཡིན་པའི་ངོས་འཛིན་ལག་འཁྱེར་ཞིག་རག་རྒྱུའི་ཐོབ་ཐང་ཡོད། ང་ཡང་རྒྱལ་ཁབ་འདིའི་མི་སེར་ཡིན། ཞེས་བཤད། དོན་དངོས་ཐོག་རྒྱ་གར་ནང་ཁྱེད་ཀྱིས་རང་ཉིད་ཀྱི་ཆོས་ལུགས་བརྗེ་སྒྱུར་བྱས་ཚེ་ཆོས་ལུགས་ཀྱི་ལག་ཁྱེར་དགོས་ཀྱི་ཡོད་ཅིང་། དེ་བཞིན་གཞུང་གི་ལས་གནས་དང་སློབ་ཆེན་ཁག་ཏུ་ཚུད་ཆེད་གྱོང་གུན་ཕོག་པའི་སྤྱི་ཚོགས་ཀྱི་མི་སྡེ་དག་ལ་རིགས་རུས་ཀྱི་ལག་ཁྱེར་སྤྲོད་སྲོལ་ཡོད་པ་རེད། ར་ཝི་ཡི་ཁྱིམ་ཚང་ལ་མཚོན་ན་རིགས་རུས་དམའ་བའི་གྲལ་དུ་ཚུད་ཀྱི་ཡོད་ཀྱང་། ཁོ་པས་དེ་འབྲེལ་གྱི་གཞུང་གི་མཐུན་འགྱུར་རིགས་ལེན་རྒྱུ་མིན་སྐོར་བརྗོད་འདུག

མི་འབོར་ཞིབ་གཤེར་གྱི་གྲུབ་དོན་ལྟར་ན། རྒྱ་གར་ནང་ལྷ་མེད་སྨྲ་བ་ ༣༣༠༠༠ ཙམ་ལས་མེད་པ་དང་། དམངས་ཁྲོད་དུ་ཆོས་ལུགས་དང་དེའི་ངོ་བོས་ཤུགས་རྐྱེན་ཆེན་པོ་སྐྲུན་གྱི་ཡོད་པ་རེད། ལྷག་པར་དུ་འདས་པའི་ལོ་ཤས་རིང་ནས་ཧིན་རྡུའི་རྒྱལ་ཞེན་རིང་ལུགས་ཀྱི་མེ་ཁ་ཚ་ཚ་འུར་འུར་ཡིན་སྐབས། ལྷ་མེད་སྨྲ་བ་ཕལ་ཆེ་བས་རང་གི་ངོ་བོ་ཕྱི་གསལ་ནང་གསལ་མི་བྱེད་ཅིང་། བྱེད་མཁན་དག་ལ་སྤྱི་ཚོགས་དང་ཁྱིམ་མི། གྲོགས་པོ་བཅས་ཀྱིས་འབྲེལ་བ་གཅོད་པའི་གནས་སྟངས་ཡོང་གི་ཡོད་འདུག  དེའི་དཔེ་མཚོན་དམར་རྗེན་མ་ཞིག་ནི། ཕྱི་ལོ་ ༢༠༡༧ ལོར་རྒྱ་གར་ལྷོ་ཕྱོགས་སུ་ལྷ་མེད་སྨྲ་བ་སྒྲོག་མཁན་ཞིག་དམར་གསོད་བཏང་བའི་གནས་ཚུལ་བྱུང་ཡོད། འོན་ཀྱང་ར་ཝི་ཀུ་མར་ལ་མཚོན་ན། ཁོ་པས་རང་གི་མིང་ཙམ་དུ་མ་ཟད། རང་ཁྱིམ་གྱི་སྒོ་ཀླད་དང་། ལག་ངར་གཡས་གཡོན་གཉིས་ཀར་ལྷ་མེད་སྨྲ་བ་ཞེས་བྲིས་ཡོད། ར་ཝི་ཡིས་མངོན་གསལ་དོད་པོས་ལྷ་ཡོད་པར་འདོད་པའི་རིང་ལུགས་ལ་དགག་པ་དང་། གོ་སྐབས་བྱུང་ཚེ་མི་རྣམས་ལ་ཆོས་ལུགས་དང་རྒྱང་ཐག་བཀྱེད་དགོས་སྐོར་བཤད་ཀྱི་ཡོད། ཁོ་པས། ད་བར་སུས་ཀྱང་ལྷ་ཡོད་པར་ཁུངས་སྐྱེལ་བྱེད་ཐུབ་མེད། གང་ཡིན་ཟེར་ན། ལྷ་ཟེར་བ་ཞིག་རྩ་བ་ནས་མེད་པས་རེད། ལྷ་ཟེར་བ་མིས་བསྐྲུན་པ་ཞིག་ཡིན་པ་ལས། དངོས་སུ་མེད། དེ་ནི་ཚིག་སྐམ་པོ་ཞིག་རེད། ཅེས་བརྗོད་འདུག ཁོ་པའི་ཕ་མ་གཉིས་ནི་ཧིན་རྡུའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ཡིན་ཞིང་། ཁོ་རང་ཆུང་དུས་ཕ་མ་གཉིས་དང་ལྷན་དུ་དགོན་པར་མཆོད་མཇལ་དུ་བསྐྱོད་མྱོང་། འོན་ཀྱང་ཡར་འཚར་བ་དང་བསྟུན། ཁོ་པས་ཆོས་ལུགས་དང་རིགས་རུས་ཀྱི་དབྱེ་འབྱེད་ནི་ཆབ་སྲིད་དང་ཆོས་ལུགས་མི་སྣ་རྣམས་ཀྱིས་མི་མང་དཀྱུས་མ་རྣམས་མགོ་སྐོར་གཏོང་བྱེད་ཀྱི་ལག་ཆ་ཞིག་ཏུ་སྤྱོད་ཀྱི་ཡོད་པའི་བསམ་ཚུལ་ཤུགས་ཆེན་བྱུང་བ་མ་ཟད། འདས་པའི་ལོ་ངོ་ ༢༠ ལྷག་གི་རིང་ཁོ་པ་དགོན་པ་གང་དུ་ཡང་བསྐྱོད་མེད་ཅིང་། དགོན་པ་དང་ཁ་ཆེའི་ལྕོག་མཁར་རིལ་མོ་སོགས་ཆོས་ལུགས་ཀྱི་ལྟེ་གནས་སོགས་ཀྱི་འཛུགས་སྐྲུན་ལ་བཏང་བའི་དངུལ་གྲོན་དག་སློབ་གྲྭ་དང་སྨན་ཁང་ཆེད་བཏང་ན་ལེགས་པོ་ཡོད་སྐོར་བརྗོད་ཡོད་འདུགསྤྱིར་ཁོ་པའི་ཕ་མ་གཉིས་ཧིན་རྡུའི་རྗེས་འབྲང་བ་རྣམ་དག་ཅིག་ཡིན་ཞིང་། པ་ལགས་ཨིན་དྷར་ལཱལ་གྱིས་ཁྱིམ་ཚང་གི་འཚོ་རྟེན་ཆེད་བཟོ་གྲྭ་ཞིག་ནང་ཤིང་བཟོའི་ལས་ཀ་བྱེད་ཀྱི་ཡོད་འདུག་ལ། གྲོང་མི་ཚོས་ཁོའི་བུ་ར་ཝི་ལ་ལྷ་མེད་སྨྲ་བ་ཞེས་དམོད་སྐབས། སེམས་ལ་ན་ཟུག་དང་མཉམ་དུ་མཐོང་ཆུང་བཏང་བ་ལྟ་བུ་ཚོར་གྱི་ཡོད་པས། སྐབས་ཤིག་ང་རང་ཡིད་སྐྱོ་སྟེ་ནང་ནས་ཕྱིར་ཐོན་རྗེས་རང་སྲོག་གཅོད་དགོས་མིན་ནམ་བསམ་བྱུང་། འོན་ཀྱང་བསམ་བློ་འགྱུར་ཏེ་ཕྱིར་ནང་ལ་ལོག་ཡིན་ཞེས་བཤད་ཡོད་ཀྱང་། ད་ལྟ་ཁོ་པ་ཡང་རང་གི་བུའི་རྗེས་སུ་འབྲངས་ཏེ་ལྷ་མེད་སྨྲ་བ་ཞིག་ཏུ་གྱུར་ཏེ།  ངས་ཁོའི་རྒྱུ་མཚན་མཐོང་གི་འདུག དེང་སང་ང་ཚོས་ནང་དུ་ཆོས་ལུགས་ཀྱི་ཆོ་ག་རིགས་བྱེད་ཀྱི་མེད། ང་ཚོ་དགོན་པར་འགྲོ་རྒྱུ་ཡང་མཚམས་བཞག་ཚར། ཞེས་བརྗོད་འདུག

གསར་ལམ་གྱི་གནས་ཚུལ་ལྟར་ན། འདས་པའི་ལོ་གཉིས་རིང་ར་ཝི་ཀུ་མར་གྱི་ལྷ་མེད་སྨྲ་བའི་འཐབ་རྩོད་ཀྱི་གཏམ་རྒྱུད་དེར་གསར་ཁང་དང་མི་མང་པོས་དོ་སྣང་བྱས་ཏེ་ཅུང་སྐད་གྲགས་ཆགས་ཡོད་ཅིང་། ཁོ་པར་འཛམ་གླིང་གི་ས་ཁུལ་འདྲ་མིན་ནས་ཆེད་དུ་ཐུག་འཕྲད་ལ་སླེབ་མཁན་ཡང་བྱུང་སྟེ། ཁོ་པ་ལྟར་ཁོ་ཚོའི་མིང་གི་མཐའ་ལ་ཡང་ལྷ་མེད་སྨྲ་བ་ཞེས་སྣོན་འདོད་བྱེད་ཀྱི་ཡོད་འདུག ར་ཝི་ལ་མཚོན་ན། ལྷ་མེད་སྨྲ་བའི་རིང་ལུགས་ཀྱིས་ཁོ་པ་རང་ཉིད་ལ་འཛམ་གླིང་གི་དཀའ་ངལ་ཕལ་ཆེ་བའི་རྩ་བ་ཆོས་ལུགས་ཡིན་པའི་ཚོར་སྣང་བཅུག་ཡོད་སྐོར་དང་། ཐ་ན་རྒྱ་གར་དང་པཱ་ཀི་སི་ཐན་གཉིས་བར་ལ་ཆོས་ལུགས་རྒྱུ་མཚན་དུ་དྲངས་ནས་དམག་འཐབ་བྱེད་ཡོད་པ་དང་། མི་རྣམས་ཀྱིས་ཆོས་ལ་དད་པ་ཡོད་སྐོར་རྗོད་ཀྱི་འདུག་ཀྱང་། ཆུ་ཚོད་ ༢༤ རིང་རྫུན་བཤད་པ་དང་། བསམ་བློ་ངན་པ་འཆང་བ། ཚིག་རྩུབ་སྨྲ་བ་དང་གྲི་དང་མེ་མདའ་སྤྱད་དེ་གསོད་རེས་དང་གནོད་འཚེ་གཏོང་གི་ཡོད་པ་སོགས། འཇིག་རྟེན་འདིར་མི་བདེ་བ་ཚད་ལས་བརྒལ་བ་ཡོད་སྐོར་བརྗོད་འདུག

གསར་འགོད་པ་པ་སངས་ཚེ་རིང་གིས་སྒྱུར་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༩/༡༡/༢༨

Leave a Reply

4 thoughts on “ལྷ་མེད་སྨྲ་བའི་མདུན་མཆོང་བ་ར་ཝི་ཀུ་མར།

  1. དེང་རབས་བོད་པ།

    བོད་རྒྱུད་ནང་བསྟན་ལ་ཡང་གསར་བརྗེ་ཞིག་བྱེད་པའི་དུས་ལ་བབས་ཡོད།་་བླ་མ་དང་སྤྲུལ་སྐུ་ཟེར་པའི་མི་དམངས་ལ་བཤུ་གཞོག་གཏོང་མཁན་རྣམས་ཀྱང་ཁྲིམས་ལ་སྦྱར་ཏེ་ངལ་རྩོལ་སྒྱུར་བཅོས་གཏོང་དགོས།

  2. གཞུང་པ་ཚེ་དབང་བསོད་ནམས་

    འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་འགྲོ་བ་མིའི་ཐོབ་ཐང་རང་ཐག་རང་གཅོད་དང་གཏམ་རྗོད་རང་དབང་ལ་འགན་ཁུར་བའི་སྐད་ཆ་ཙམ་ལས་གཞན་ཁྲིམས་འགལ་དང་སྒྲིག་འགལ་ཡ་ཚན་སྐྱེ་འོས་པ་གང་ཡང་མ་མངོན།

  3. བོད་ལའང་དེ་ལྟ་བུའི་རིགས་མང་ཙམ་ཡོད་ན་ཅི་མ་རུང་། དེས་ཆོས་ལུགས་པའི་སྡེ་ཁག་ལ་འཇིགས་སྣང་དང་དོག་སྣང་སྤྲད་དེ་ཆོས་ལུགས་རུལ་སུང་དུ་མི་འགྱུར་བར་ནུས་པ་ཆེན་པོ་འདོན་ཐུབ།