དྷ་རམ་ས་ལར་ཁོར་ཡུག་གོམ་བགྲོད་གནང་།

རྒྱ་ནག་གཞུང་གིས་བོད་ཀྱི་ནགས་ཚལ་འབྲེག་གཏུབ་དང་དུག་རྫས་སྙིགས་རོ་གཡུགས་པ་སོགས་ཀྱིས་བོད་ཀྱི་ཧ་ཅང་སྙི་བའི་ཁོར་ཡུག་ལ་གཏོར་བཅོམ་ཚབས་ཆེན་ཐེབས་ཏེ་བོད་ནི་འཛམ་གླིང་སྤྱིའི་གོད་ཆག་གི་འབྱུང་ཁོངས་ཤིག་ཏུ་གྱུར་ཡོད། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཐོག བཞུགས་སྒར་དྷ་སའི་ཚོགས་པ་བཅུའི་གོ་སྒྲིག་འོག་མེག་གྷན་བཞི་མདོ་ནས་དྷ་རམ་གོ་ཊི་དང་། དེ་ནས་ཕྱིར་མེག་གྷན་བར་དུ་བོད་མི་དང་ཕྱི་རྒྱལ་བ་བཅས་མི་གྲངས་ ༦༠ ལྷག་ནས་གོ་ལའི་ཚ་དྲོད་འཕེལ་བཞིན་པ་དང་བོད་ཀྱི་འཁྱག་རོམ་ཞུ་ཡི་ཡོད་པས། གནམ་གཤིས་ལས་འགུལ་སྤེལ་དགོས་པའི་བརྗོད་དོན་ཐོག་སྤྱི་ལེ་ ༤ ཙམ་ལ་གོམ་བགྲོད་བྱས་སོང་།

ཁོར་ཡུག་གོམ་བགྲོད་ལས་འགུལ་སྐབས་ཚོགས་པ་བཅུས་མཉམ་འབྲེལ་གྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཨ་མ་ཛོན་དང་འཛམ་གླིང་བྱང་སྣེ་དང་ཞི་བདེའི་རྒྱ་མཚོའི་མཚོ་གླིང་རྒྱལ་ཁབ་ཁག་གི་གནད་དོན་ལྟར། བོད་དེ་བཞིན་གོ་ལ་ཚ་འགྱུར་གྱི་གནད་དོན་ཁྲོད། གོ་ལ་སྤྱིའི་ཚ་དྲོད་འཕེལ་ཚད་དང་བསྡུར་ཚེ་བོད་ཀྱི་ཚ་དྲོད་ནི་ལྡབ་གསུམ་ལས་མགྱོགས་པ་འཕེལ་གྱི་ཡོད་པ་རེད། ཉེ་བའི་ཚན་རིག་པའི་རྙེད་དོན་གྱི་ནང་། བོད་དང་ཧི་མ་ལ་ཡ་ཁུལ་གྱི་འཁྱག་པ་ཊོན་ཐེར་འབུམ་ ༨ ཙམ་ལོ་རེར་ཞུ་ཡི་ཡོད་པ་དང་། ས་གནས་ཀྱི་འཐུང་ཆུའི་འཁྱག་རོམ་མཐོ་ཚད་རྨི་ཁྲི་ ༨ ཙམ་མར་ཉུང་དུ་འགྲོ་ཡི་ཡོད་པའི་ཉེན་བརྡ་བཏང་ཡོད་པ་རེད། ཅེས་དང་ཡང་དེའི་ནང་། ཕྱི་ལོ་ ༢༠༠༣ ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་འབྲོག་པ་ས་ཡ་ ༢ ལྷག་ལ་རྩྭ་ཐང་བསྐྱར་གསོ་དང་ཟོག་ལུག་གིས་རྩྭ་ཐང་ལ་མི་གནོད་ཆེད། དེ་བཞིན་བོད་མིའི་འཚོ་བ་ཡར་རྒྱས་གཏོང་གི་ཡོད་ཚུལ་བརྗོད་དེ་འབྲོག་ས་ནས་གནས་སྤོ་རུ་བཅུག་པ་ནི་ཁོར་ཡུག་སྲུང་སྐྱོབ་ལ་དམིགས་པ་ཞིག་མིན་པར། བོད་ཁུལ་དུ་མེ་འཁོར་ལྕགས་ལམ་འཛུགས་བསྐྲུན་དང་ཆུ་མཛོད་རྒྱག་པ། དེ་བཞིན་ཁྲིམས་མེད་ལུགས་མེད་ཀྱིས་གཏེར་ཁ་སྔོག་ཆེད་ཡིན་པ་རེད། ཅེས་བཀོད་འདུག

གོམ་བགྲོད་སྐབས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འཆར་འགོད་འགན་འཛིན་རྒྱལ་མཚན་ལགས་ཀྱིས། བོད་ནང་གི་གནམ་གཤིས་ཚ་དྲོད་རྒྱས་པའི་གནད་དོན་དེ་ནི་བོད་ཙམ་གྱི་གནད་དོན་ཞིག་མིན་པར། གོ་ལ་སྤྱིའི་གནད་དོན་ཞིག་ཆགས་ཡོད་སྟབས། འཛམ་གླིང་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཁྲོམ་གཞུང་ལ་ཐོན་ནས་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་ཐད་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།ཁོར་ཡུག་གོམ་བགྲོད་བྱས་ཏེ་དྷ་རམ་གོ་ཊི་ལ་མ་བསླེབ་གོང་གོམ་བགྲོད་པ་རྣམས་ཀྱིས་འགྲོ་མཚམས་བཞག་ཏེ། སྤྱིར་གོ་ལའི་ཁོར་ཡུག་དང་བྱེ་བྲག་ཏུ་བོད་ཁོར་ཡུག་གི་ཛ་དྲག་གི་གནས་སྟངས་ཐད་གོམ་བགྲོད་པ་སྒེར་གྱི་བསམ་ཚུལ་སོགས་གཏམ་བཤད་བྱས་སོང་ལ། སྐབས་དེར་བོད་ཀྱི་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་ཀྱིས། འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་། བོད་ནང་གནའ་ནས་ཡོད་པའི་ནགས་ཚལ་འབྲེག་གཏུབ་བྱེད་པ་དང་དུག་རྫས་དང་རྡུལ་ཕྲན་མཚོན་ཆའི་སྙིགས་རོ་གཡུགས་པ། རྒྱ་ནག་གཞུང་གི་ཧམ་སེམས་སོགས་ལ་བརྟེན། བོད་ཀྱི་ཧ་ཅང་སྙི་བའི་ཁོར་ཡུག་ལ་གཏོར་བཅོམ་ཚབས་ཆེན་ཐེབས་ཡོད་པར་བརྟེན། འཛམ་གླིང་གི་ཡང་ཐོག་བོད་ནི་འཛམ་གླིང་སྤྱིའི་གོད་ཆག་གི་འབྱུང་ཁོངས་ཤིག་ཏུ་གྱུར་ཡོད་པ་རེད། བོད་ནི་ཆུ་བོ་ཆེན་པོ་ཁག་འགའི་མགོ་ཁོངས་ཡིན་པས་དེ་དག་གི་ནང་རྡུལ་ཕྲན་མཚོན་ཆའི་སྙིགས་རོ་སོགས་དོར་ནས་བཙོག་པ་བཟོས་པ་ལ་བརྟེན་ནས། འཛམ་གླིང་གི་ས་འགུལ་ཆེ་ཁག་འབྱུང་ཉེན་ཆེ་བ་སོགས་ཤེས་ཏེ། བོད་ཀྱི་གནད་དོན་ནི་འཛམ་གླིང་གི་ཛ་དྲག་གི་གནད་དོན་ཞིག་ལ་ངོས་འཛིན་དགོས་པ་རེད། ཅེས་བརྗོད་སོང་།

ཐེངས་འདིའི་གོམ་བགྲོད་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་ཅི་ཡིན་སྐོར་ལ་རྒྱལ་སྤྱིའི་བོད་གནས་འབྲེལ་མཐུད་ཁང་གི་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས། རྒྱལ་སྤྱིའི་ཁོར་ཡུག་གི་ཚོགས་འདུ་དེ་ཕྱི་ཟླ ༡༢ པའི་ཚེས་ ༢ ནས་མགོ་འཛུགས་ཀྱི་ཡོད་པ་དང་། དེར་འཛམ་གླིང་གི་ཁོར་ཡུག་དང་འབྲེལ་ནས་སྲིད་བྱུས་བཟོ་མཁན་དང་དཔོན་རིགས་མང་པོ་ཞིག་ཕེབས་ཀྱི་ཡོད་པ་རེད། ང་ཚོས་ཁོང་ཚོར་བོད་ནང་གི་ཁོར་ཡུག་གི་གནས་སྟངས་དེ་ཛ་དྲག་ཆགས་ཡོད་པ་ངོས་འཛིན་བྱེད་པ་དང་མཉམ་དུ། འཛམ་གླིང་སྤྱིའི་གནམ་གཤིས་འགྱུར་ལྡོག་ཐད་བཀའ་མོལ་གནང་བའི་སྐབས་བོད་དེའང་མཉམ་དུ་ཚུད་དེ་འཛམ་གླིང་གི་ཁོར་ཡུག་འགྱུར་ལྡོག་ནང་གླེང་སློང་བྱེད་ཐུབ་ཐབས་ཀྱི་རེ་བ་ཞིག་བྱེད་ཀྱི་ཡོད་པ་རེད། དེ་བཞིན་ང་ཚོས་རྒྱ་ནག་གཞུང་ལ་བོད་ནང་གི་ཁོར་ཡུག་དང་འབྲེལ་ནས་སྲིད་བྱུས་མང་པོ་འཛིན་གྱི་ཡོད་པའི་ཁྲོད་བོད་མི་ཚོའང་མཉམ་ཞུགས་ཐུབ་པ་དང་བོད་མིའི་ཐག་གཅོད་ཀྱི་ནུས་པ་ཡོང་ཐུབ་པའི་ཐད་རེ་བ་ཤུགས་ཆེན་པོ་ཞིག་བྱེད་ཀྱི་ཡོད་ཅེས་བརྗོད་སོང་།

ཐེངས་འདིའི་ཁོར་ཡུག་གྱི་ལས་འགུལ་འདི་ནི་སྤྱིའི་བོད་གནས་འབྲེལ་མཐུད་ཁང་གིས་སྣེ་འཁྲིད་དེ་བཞུགས་སྒར་དྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལྔ་ཡི་གཙོས་ཉེ་འཁོར་གྱི་དྷ་སའི་ཁོར་ཡུག་ཚན་པ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་དང་ཡར་རྒྱས་ཚན་པ། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དང་བོད་འཛམ་གླིང་བཅས་ཀྱིས་གོ་སྒྲིག་བྱས་པ་ཞིག་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༡/༢༩

Leave a Reply