མ་རྩ་སོ་སོའི་ལག་ཏུ་ཡོད་པས་དགོན་སྡེ་ཁག་ནས་གཞུང་ཆེན་ལ་སློབ་གཉེར་ཧུར་ཐག་གནང་དགོས་པའི་བཀའ་བསྩལ།

༧རྒྱལ་བའི་ཡང་སྲིད་ཕེབས་ཕྱོགས་སྐོར་གྱི་དམིགས་བསལ་གྲོས་ཆོད་དོན་ཚན་གསུམ་དང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་བའི་གྲོས་ཆོད་ ༣༢ བཅས་སྤྱི་མོས་གཏན་འབེབ་གནང་སྟེ་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་གྲོལ།དེ་རིང་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པའི་ཉིན་མཐའ་མའི་ཞོགས་པ་ཆུ་ཚོད་ ༩ ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་བླང་དོར་བཀའ་སློབ་གནང་སོང་བ་དང་། ཚོགས་ཐོག་ཏུ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་ཐེངས་འདིའི་ཆོས་ཚོགས་ཐོག་སྤྱི་མོས་གཏན་འབེབ་གནང་བའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་བཞག་པའི་དམིགས་བསལ་གྲོས་ཆོད་དོན་ཚན་གསུམ་དང་། བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་བའི་གྲོས་གཞི་གྲོས་ཆོད་དོན་ཚན་ ༣༢ བཅས་སྙན་སྒྲོན་ཞུས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཚོགས་ཆེན་དང་འབྲེལ་བའི་བླང་དོར་བཀའ་སློབ་གནང་སྐབས། དེང་སྐབས་ཚན་རིག་པ་ཚོས་ཀྱང་ནང་ཆོས་ནས་གསུངས་པའི་བློའི་རྣམ་གཞག་དང་བྱེད་ལས་སོགས་སེམས་ཁམས་རིག་པའི་རྣམ་གཞག་ལ་དོ་སྣང་ཧ་ཅང་བྱེད་བཞིན་པའི་སྐབས་འདིར་ང་ཚོ་བོད་མི་ཚོས་གོ་སྐབས་དམ་འཛིན་གྱིས་ནང་ཆོས་ནས་གསུངས་པའི་ཚན་རིག་གི་རྣམ་གཞག་དེ་དག་དེང་དུས་ཤེས་ཡོན་ལམ་ལུགས་ནང་འཁྲིད་ཐབས་ལ་འབད་དགོས་པ་གལ་ཆེན་ཡིན་པ་དང་།  སངས་རྒྱས་ཀྱི་བསྟན་པ་དེ་ལུང་ཙམ་ལ་མ་བརྟེན་པར་རིགས་ལམ་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་ཚེ་འབྱུང་འགྱུར་དུས་རབས་མང་པོའི་རིང་སངས་རྒྱས་ཀྱི་བསྟན་པ་གནས་ཐུབ་རྒྱུ་དང་། དབང་རྟུལ་དད་པའི་རྗེས་འབྲང་ལྟར་བྱས་ཚེ་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་གནས་རྒྱུ་ཁག་པོ་ཡིན་སྐོར་དང་། བོད་ཀྱི་ཆོས་བརྒྱུད་རིས་སུ་མ་ཆད་པའི་དགོན་སྡེ་ཁག་གིས་བསླབ་པ་སློབ་གཉེར་ཧ་ལས་པ་ཡག་པོ་གནང་དང་གནང་བཞིན་ཡོད་པ་ལྟར། སླད་མར་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་པར་དགོན་སྡེ་ཁག་ལྟེ་བ་ཞིག་ཆགས་དགོས་སྐོར་གསུངས་བ་དང་འབྲེལ། བོད་ཀྱི་ཆོས་བརྒྱུད་ཁག་གིས་བསྟན་པ་སྤྱི་མཚན་དང་གང་ཟག་དགོས་མཚན་གྱི་ངོས་ནས་སློབ་གཉེར་དང་། དམིགས་བསལ་དཔལ་ནལེནྜ་ནས་བརྒྱུད་པའི་གཞུང་ཆེན་ཁག་ལ་སློབ་གཉེར་གནང་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།ཡང་༧གོང་ས་མཆོག་གིས། བོད་དོན་དང་འབྲེལ་གཞིས་བྱེས་བོད་མི་ཚོའི་དད་པ་དམ་ཚིག་གཡོ་བ་མེད་པར་བསྡད་པ་དང་། གཞན་ལ་དྲན་སྐུལ་གཏོང་ཆེད་རང་ལུས་མེར་སྲེག་བཏང་ནས་ད་ཆ་བོད་མི་རང་སྲེག་ལས་འགུལ་སྤེལ་མཁན་ ༡༥༤ བྱུང་བ་དེ་དག་ཧ་ལས་པ་ཞིག་ཡིན་པ་དང་།  དེ་ཙམ་སྙིང་སྟོབས་ཡོད་མཁན་ཞིག་གིས་གཞན་ལ་འཚེ་བ་བྱེད་མ་ཐུབ་པའི་དཀའ་ངལ་གང་ཡང་མེད་ཀྱང་མི་གཞན་ལ་གནོད་པ་རྩ་བ་ནས་མ་བྱས་པར་སོ་སོ་རང་ཉིད་ཀྱི་ལུས་པོ་མེར་སྲེག་བཏང་བ་དེ་དག་ཧ་ལས་པ་རེད་འདུག འདས་པོ་ཚོའི་ཆེད་དུ་ང་ཚོས་བདེན་ཚིག་སྨོན་ལམ་ནང་དུ། བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། ། དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །  ཅེས་སྨོན་ལམ་ངེས་པར་དུ་རྒྱག་དགོས་པ་རེད་ཅེས་དང་།  གཞན་ཐེངས་འདིའི་ཚོགས་འདུའི་སྟེང་རྣམ་པ་ཚོས་ངོས་ཀྱི་ཡང་སྲིད་སྐོར་ནས་འཁུར་ཞེ་དྲག་ཆེན་པོ་བླངས་གནང་འདུག་པ་དང་།  དེ་སྔ་ཨ་རི་ནས་གསར་འགོད་པ་ཚོས་ངོས་ལ་ཡང་སྲིད་སྐོར་ནས་སྐད་ཆ་དྲིས་པ་དང་། སྐབས་དེར་ངོས་ཀྱིས་མིག་ཤེལ་ཕུད་ནས་ཁོ་ཚོར་ངོས་ཀྱི་གདོང་ལ་ལྟོས་དང་ཡང་སྲིད་ལ་བྲེལ་བ་འདུག་གམ་མི་འདུག་ཅེས་དྲིས་སྐབས། མི་འདུག་མི་འདུག་ཟེར་གྱི་འདུག ད་ལྟ་དགུང་གྲངས་ ༨༤ དང་མི་རིང་བར་ ༨༥ ནང་ལ་སླེབ་ཀྱི་ཡོད་ན་ཡང་སྐུ་གཟུགས་བདེ་ཐག་ཆོད་དང་བསམ་པ་སྐྱིད་ཐག་ཆོད་ཡོད། གང་ལྟར་གཙོ་བོ་བྱང་ཆུབ་ཀྱི་སེམས་ཀྱི་ཐུགས་རྗེ་བཀའ་དྲིན་རེད། ཅེས་སོགས་གསུངས་སོང་།

ཉིན་རྒྱབ་མཇུག་བསྡོམས་མཛད་སྒོའི་སྟེང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་གསུང་བཤད་གནང་སྐབས། གོང་ས་མཆོག་གིས་དུས་རྒྱུན་དུ་ཆོས་བརྒྱུད་ནང་ཁུལ་མཐུན་སྒྲིལ་དགོས་རྒྱུ་དང་ཡང་སྒོས་སུ་ང་ཚོའི་ལས་ཀ་མང་པོ་ཞིག་ཕྱར་བ་གྲུ་འདེགས་ཀྱི་ཐོག་ནས་གནང་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པ་གསུངས་གནང་བའི་བཀྲིན་ལ་བརྟེན་ནས་སྔར་བྱུང་མ་མྱོང་བའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པ་ཚང་མ་ཕན་ཚུན་གཅིག་གིས་གཅིག་ལ་གུས་བརྩི་དང་ཤ་ཞེན་ལྡན་ཞིང་། ལྷག་པར་དུ་བསྟན་འགྲོ་སྤྱི་དང་ཡང་སྒོས་བོད་གངས་ཅན་པའི་རྩ་དོན་གྱི་ཐོག་ལ་ཐུག་སྐབས་ཚང་མས་སེམས་ཤུགས་བསྐྱེད་དེ་རྡོག་རྩ་ཆིག་སྒྲིལ་གྱི་རྣམ་པ་ཤུགས་ཆེ་མངོན་གསལ་དུ་སྣང་རྒྱུ་ཡོད་པ་ནི་ཆེས་དགའ་འོས་པའི་གནད་དོན་ཞིག་རེད། ཆོས་ཚོགས་ཐོག་མའམ་ཐེངས་དང་པོ་དེ་བཞིན་ཕྱི་ལོ་ ༡༩༦༣ ལོར་ཚོགས་པ་ནས་བཟུང་ད་བར་ཆོས་ཚོགས་ཐེངས་ ༡༣ རིམ་ཚོགས་ཟིན་པ་ལྟར། ཆོས་ཚོགས་སོ་སོའི་ཐོག་གྲོས་ཆོད་སྣོལ་འཇོག་ཡོད་པ་དེ་དག་དང་ལྷག་པར་དུ་ཚོགས་ཆེན་ཚང་མའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་གསུང་གི་བདུད་རྩི་རིམ་ཕེབས་ཡོད་པ་རྣམས་ཚང་མས་ཕྱག་ལེན་གནང་གི་ཡོད་ཤག་གི་ཡིད་ཆེས་གཙང་མ་ཞུ་བཞིན་ཡོད་ལ་གནང་དགོས་ཀྱི་ཡང་རེད་ལ། ༢༠༡༡ ལོའི་ཆོས་ཚོགས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་༸སྐུའི་ཡང་སྲིད་ངོས་འཛིན་སྐོར་གསུང་འཕྲིན་ཞིག་ཕེབས་ཡོད་པར་ཆོས་བརྒྱུད་ཁག་གི་དབུ་འཁྲིད་ཚོས་རྒྱབ་གཉེར་དང་སྦྲགས་གཏན་འབེབ་མཛད་གནང་ཐུབ་པ་ནི་ཤིན་ཏུ་བསྔགས་འོས་སུ་གྱུར་ཡོད་ཅིང་།  ད་རེས་ཀྱང་ཆོས་ཚོགས་ཐེངས་ ༡༤ པ་འདིའི་ཐོག་ཉིན་དང་པོ་རང་དུ་༸རྒྱལ་བའི་ཡང་སྲིད་འཁྲུལ་བྲལ་མུ་མཐུད་ངེས་འབྱོན་དགོས་པའི་བཅོས་མིན་གསོལ་འདེབས་དང་། དེ་ཡང་ཡང་སྲིད་ཕེབས་ཕྱོགས་ཐད་ཐག་གཅོད་གནང་རྒྱུའི་འགན་དབང་༸རྒྱལ་དབང་ཉིད་ཁོ་ནར་ཡོད་པ་ལས་གཞན་སྲིད་གཞུང་ལ་སོགས་སུ་ལའང་མེད་པ། དེ་ཡང་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཡང་དག་ལ་བརྟེན་ཅིང་མི་ལོ་བརྒྱད་བརྒྱ་ལྷག་ཙམ་སྔོན་ནས་བྱུང་བའི་བོད་ལུགས་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ལམ་སྲོལ་ལྟར་ངོས་འཛིན་བྱ་རྒྱུའི་སྤྱི་མོས་ཀྱི་དམིགས་བསལ་གྲོས་ཆོད་སྣོལ་འཇོག་གནང་བར་རྣམ་པ་ཚང་མར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་། གཞན་ཡང་ཆོས་ཚོགས་འདིར་གྲོས་གཞི་དང་པོའི་ཐད་གྲོས་ཆོད་གྲངས་ ༡༤ དང་། གྲོས་གཞི་གཉིས་པའི་ཐད་གྲོས་ཆོད་གྲངས་ ༤ གྲོས་གཞི་གསུམ་པའི་ཐད་གྲོས་ཆོད་གྲངས་ ༥ གྲོས་གཞི་བཞི་པའི་ཐད་གྲོས་ཆོད་གྲངས་ ༧ གྲོས་གཞིར་མ་འཁོད་པའི་གནད་དོན་ཐད་གྲོས་ཆོད་ ༢ བཅས་ཁྱོན་གྲོས་ཆོད་གྲངས་ ༣༢ སྣོལ་འཇོག་དང་ད་ལྟ་རང་ཟུར་རྒྱན་གྲོས་ཆོད་བཅས་འཇོག་གནང་མཛད་འདུག་པ་ལྟར་སླད་མར་ཕྱག་ལེན་དུ་ངེས་བསྟར་དགོས་པའི་བསྐུལ་མ་ནན་ཆེར་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།ཐེངས་འདིའི་ཆོས་ཚོགས་ཐེངས་ ༡༤ པའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་བཞག་པའི་དམིགས་བསལ་གྲོས་ཆོད་དོན་ཚན་གསུམ་སྤྱི་མོས་གཏན་འབེབ་གནང་བ་ནི།  ༡༽ སྔ་མའི་ཐུགས་བསྐྱེད་དམ་བཅའ་དང་གདུལ་བྱ་འདུལ་བྱེད་ཀྱི་རྟེན་འབྲེལ་གྱི་དབང་གིས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་བ་༧རྒྱལ་དབང་སྐུ་ཕྲེང་རིམ་པ་དང་བོད་མི་རྣམས་ནམ་ཡང་ཁ་འབྲལ་ཐབས་མེད་པ་དང༌། ཁྱད་པར་བོད་གངས་ཅན་གྱི་སྐྱེ་འགྲོ་རྣམས་གཉན་འཕྲང་གི་འགག་ཆེན་ལ་ཐུག་པའི་དུས་སྐབས་འདིར། ༧གོང་ས་ཏཱ་ལའི་བླ་མའི་ཡང་སྤྲུལ་ལམ་ལུགས་སྔར་མུས་བཞིན་རྒྱུན་གནས་ངེས་པར་དགོས་པ་དང་། ྋརྒྱལ་བའི་ཡང་སྲིད་འཁྲུལ་བྲལ་རིན་པོ་ཆེ་མུ་མཐུད་ངེས་འབྱོན་དགོས་པ་བོད་མི་ཡོངས་ཀྱི་བཅོས་མིན་མངོན་འདོད་ཡིན་པར་བརྟེན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དེ་དོན་གསོལ་འདེབས་རྩེ་གཅིག་ཏུ་ཞུ་རྒྱུ། ༢༽༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐག་གཅོད་གནང་རྒྱུའི་དབང་ཆ་ཡོངས་རྫོགས་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་ཆེན་པོ་མཆོག་རང་ཉིད་གཅིག་པུར་ཡོད་པ་ལས། གཞན་སྲིད་གཞུང་སོགས་སུ་ལའང་མེད། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་ྋརྒྱལ་བའི་ཡང་སྤྲུལ་ངོས་འཛིན་དང་འདེམས་སྒྲུག་བྱས་པ་བྱུང་ཚེ། ཡང་སྤྲུལ་དེར་བོད་མི་རྣམས་ནས་ངོས་འཛིན་དང་དད་མོས་བྱ་རྒྱུ་མིན། ༣༽ ྋགོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས། ནང་པ་སངས་རྒྱས་པའི་གཞི་རྩའི་ལྟ་གྲུབ་ཡང་དག་ལ་བརྟེན་ཅིང་། མི་ལོ་བརྒྱད་བརྒྱ་ལྷག་ཙམ་སྔོན་ནས་བྱུང་བའི་བོད་ལུགས་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ལམ་སྲོལ་ད་ལྟའི་བར་རྒྱུན་འཛིན་ལག་ལེན་བྱས་དང་བྱེད་མུས་ཡིན་པའི་བྱེད་ཐབས་དེ་ཉིད་ལ་བརྟེན་ནས་ངོས་འཛིན་བྱ་རྒྱུ་བཅས་རེད་འདུག

གཞན་ཡང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་གྲོས་གཞི་ཁག་ལྔ་ཡི་ཐོག་བཀའ་སྡུར་གནང་སྟེ་སྤྱི་མོས་གཏན་འབེབ་གནང་བའི་གྲོས་གཞི་དོན་ཚན་དང་པོ།  གྲྭ་བཙུན་གཞོན་པ་རྣམས་རྒྱུན་གནས་ཀྱིས་བསླབ་པ་མཐར་སོན་ཡོང་ཆེད་དམིགས་བསལ་ལས་འཆར་དང་གྲ་སྒྲིག་དགོས་རྒྱུ་དང་། བོད་ཀྱི་མི་རབས་གསར་པ་རྣམས་ཀྱི་ཆེད་དགོན་སྡེ་ཁག་གི་གོ་སྒྲིག་འོག་མི་སྐྱ་རྣམས་ལ་སློབ་གཉེར་གནང་ཡུལ་གོ་སྐབས་བསྐྲུན་དགོས་པ། དགོན་སྡེ་ཁག་ཏུ་ཆོས་ལུགས་ཕན་ཚུན་གྱི་གཞུང་ལུགས་དང་ལྟ་གྲུབ་ཆོས་འབྱུང་ལོ་རྒྱུས་སོགས་ཆེད་དམིགས་འཇང་དགུན་ཆོས་ལྟ་བུ་ཆོས་ལུགས་སོ་སོར་རེ་སྐོར་གྱིས་ཟླ་རེར་སློབ་ཁྲིད་ཀྱིས་བགྲོ་གླེང་གནང་དགོས་པ། གྲྭ་བཙུན་ན་གཞོན་རྣམས་ལ་སློབ་སྦྱོང་སྤྲོད་མཁན་དགེ་རྒན་ཚོར་དེང་དུས་དང་མཐུན་པའི་དགེ་རྒན་འོས་སྦྱོང་ཚད་ལྡན་སྤྲོད་ཐབས། གཞུང་ཆེན་སློབ་གཉེར་གནང་ཡུལ་རྣམས་ལ་གནས་ཡུལ་རྒྱལ་ཁབ་སོ་སོའི་གཞུང་འབྲེལ་ངོས་འཛིན་ཡོད་པའི་ལག་འཁྱེར་ཐོབ་ཐབས། གྲྭ་བཙུན་གཞོན་སྐྱེས་རྣམས་རྒྱུན་གནས་ཐུབ་ཆེད་ཕྲུ་གུའི་སེམས་ཁམས་དང་མཐུན་པའི་སློབ་ཚན་དང་རྩེད་རིགས་སོགས་གོ་སྒྲིག་དགོས་རྒྱུ། དགོན་སྡེ་ཁག་ཏུ་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་དགོས་རྒྱུ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཕན་ཚུན་དབར་དག་སྣང་དང་བརྩི་བཀུར་ཡོང་ཆེད་ཆོས་བྱེད་མི་སྣ་རྣམས་ཀྱིས་མི་མང་རྣམས་ལ་ཆོས་ལུགས་ཀྱི་ཕྱོགས་རིས་མ་སོང་བའི་འགན་ངེས་པར་དུ་ལེན་དགོས་རྒྱུ། བོད་ཀྱི་ནང་ཆོས་རྒྱུན་འཛིན་དར་སྤེལ་ཡོང་ཐབས་སུ་མི་རིགས་སོ་སོའི་སྐད་རིགས་འདྲ་མིན་ཐོག་ངོ་སྤྲོད་བྱུང་ཚེ་དགེ་མཚན་ཡོང་རྒྱུ། དེ་བཞིན་སློབ་གྲྭ་ཁག་ཏུ་ནང་ཆོས་ཀྱི་སློབ་ཚན་འཇོག་ཕྱོགས་སྐོར་བཅས་ཆོས་རིག་ལས་ཁུངས་དང་ཤེས་རིག་ལས་ཁུངས་ཟུང་འབྲེལ་གྱི་ཐོག་ནས་གོ་སྒྲིག་དགོས་རྒྱུ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ལ་བཞུགས་ཐོག་རབ་བྱུང་ངུར་སྨྲིག་གི་སྡེ་དང༌། གོས་དཀར་ལྕང་ལོ་ཅན་གྱི་སྡེ་སོ་སོའི་རྟགས་དང་ཆ་ལུགས་དབྱེ་མཚམས་བཅས་གཏན་འབེབ་གསལ་པོ་ཐུབ་ཚེ་དགེ་མཚན་ཡོང་རྒྱུ། སྤྱི་ཚོགས་དྲ་རྒྱ་བརྒྱུད་ནས་སྐྱབས་འགྲོ་དང་ལས་འབྲས་ཀྱི་རྣམ་གཞག་སོགས་ངོ་སྤྲོད་གནང་ཐུབ་པ་དགོས་རྒྱུ། རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་ལ་ཉམ་ཆག་གང་ཕྱིན་པ་རྣམས་ཞིབ་འཇུག་མཐིལ་ཕྱིན་གནང་དགོས་རྒྱུ། ཆོས་བརྒྱུད་སོ་སོའི་དེང་རབས་དང་མཐུན་པའི་ཤེས་ཡོན་གྱི་ཁོར་ཡུག་སྐྲུན་པའི་ཐོག ལོ་ཙཱ་བའི་མི་སྣ་སྐྱེད་སྲིང་བྱ་རྒྱུ་སོགས་ཁྱོན་གྲོས་ཆོད་ ༡༤ བཞག

གྲོས་གཞི་དོན་ཚན་གཉིས་པ་ཆོས་ལུགས་གཞན་དང༌ནང་པའི་ཆོས་བརྒྱུད་གཞན་ལྷན་དུ་མཐུན་འབྲེལ་དང་གོང་སྤེལ་གནང་ཕྱོགས་སྐོར་ལ་གྲོས་ཆོད་དོན་ཚན་བཞི་བཞག་པའི་ནང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་ཕྱི་ནང་གི་ཆོས་ལུགས་དང་ཆོས་བརྒྱུད་ནང་ཕན་ཚུན་ཐུགས་ཡིད་འོ་ཆུ་གཅིག་ཏུ་འདྲེས་ཐབས་སུ་ཡེ་ཤུ་དང་། ཧིན་རྡུ། ཁ་ཆེ་སོགས་ཆོས་ལུགས་སོ་སོའི་ལྟ་གྲུབ་ཕན་ཚུན་ངོ་སྤྲོད་མཚམས་སྦྱོར་གྱི་ཚད་མཐོའི་བགྲོ་གླེང་དང་། གོ་རྟོགས་གོང་འཕེལ། ཉམས་མྱོང་སྤེལ་རེས་བཅས་དགོས་རྒྱུ་དང་། དེང་རབས་དང་བསྟུན་ནང་ཆོས་དང་ཚན་རིག་གཉིས་ཀྱི་གནད་དོན་གཅིག་ཏུ་འབབ་པའི་མཐུན་ཕྱོགས་ཀྱི་ཁྱད་གནད་བགྲོ་གླེང་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ལམ་ནས་ཕན་ཚུན་ཞལ་འཛོམས་ཀྱིས་མངོན་སུམ་མྱོང་གྲུབ་ཀྱི་རྒྱུས་ལོན་དང་། ཆོས་ལུགས་འདྲ་མཉམ། གཉིས་ཕན་གཞི་རྩར་བཟུང་པའི་ཐོག་ནས་སྤྱི་ཚོགས་ཞི་བའི་ཐབས་ལ་འབད་བརྩོན་དགོས་རྒྱུ། འབར་མ་སོགས་ནང་ཆོས་བརྒྱུད་འཛིན་པ་མང་པོ་ཞིག་ནས་རང་རེའི་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་རབ་བྱུང་པ་རྣམས་ལ་མཐོང་སྣང་མ་བདེ་བ་ཡོད་ཚུལ་གོ་རྒྱུ་འདུག་པས་རང་རེའི་ངོས་ནས་དེ་ལུགས་ཐུགས་གཟབ་དགོས་རྒྱུ། བོད་བརྒྱུད་ནང་བསྟན་དང་གནས་བརྟན་སྡེ་པའི་དབར་འབྲེལ་ལམ་ཟབ་མོ་ཡོང་ཆེད་འདུལ་བ་དང༌། བྱམས་བརྩེ། རྟེན་འབྲེལ་བཅས་བརྗོད་གཞིར་བཟུང་སྟེ་བགྲོ་གླེང་གནང་དང་གནང་མུས་ཐོག དམིགས་བསལ་ཆོས་ཕྱོགས་ཀྱི་མཛད་སྒོ་ཆེ་ཁག་ལ་ཆོས་ལུགས་གཞན་གྱི་བླ་ཆེན་རྣམ་པ་སྐུ་མགྲོན་དུ་གདན་ཞུ་གནང་ཐབས་དགོས་གལ་ཆེ།

གྲོས་གཞི་དོན་ཚན་གསུམ་པ་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞི་རྒྱུན་སྐྱོང་དང་གོང་སྤེལ་གནང་ཕྱོགས་ལ་བསྐྱར་ཞིབ་ཞེས་པར་སྤྱི་མོས་གྲོས་ཆོད་ ༥ བཞག་ཡོད་པའི་ནང་། རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་མུ་མཐུད་དགོས་པ་དང༌རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་བྱེད་ཕྱོགས་སྐོར་ལ་ཞན་ཆ་མཐོང་བར་བསྐྱར་ཞིབ་ཀྱིས་ནང་ཆོས་ཉམས་ཞིབ་བྱེད་དགོས་པ་དང་། གཞུང་ཆེན་ཁག་གི་རིགས་གཅིག་རྐང་འཛིན་ཆོས་བརྒྱུད་སོ་སོའི་བཤད་གྲྭ་ཁག་ནང་དུ་རྒྱུན་ལྡན་དཔེ་ཁྲིད་དགེ་རྒན་རྣམ་པས་ངོ་སྤྲོད་དང༌། དེང་དུས་དང་མཐུན་པའི་ཐོག་ནས་གོམ་པ་རིམ་བརྒྱུད་འགྲོ་དགོས་པ། ྋགོང་ས་ཐམས་ཅད་མཁྱེན་པའི་བཀའ་དགོངས་བཞིན་གཞུང་ཆེན་གཅིག་གི་ལེ་ཚན་རེར་རིགས་གཅིག་རྐང་འཛིན་གནང་ཐབས་དང་། དེ་ཡང་དཔེ་མཚོན་ཞུས་ན། དབུ་མ་དང་ཕར་ཕྱིན་སོགས་ལ་ཆོས་བརྒྱུད་སོ་སོའི་འདོད་ཚུལ་དང་དགག་བཞག་སྤོང་གསུམ་མཐིལ་ཕྱིན་པ་ཞིག་གནང་དགོས་རྒྱུ། གཞུང་ཆེན་རིགས་གཅིག་རྐང་འཛིན་སྐོར་ལ་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་གང་འདྲ་ཞིག་གནང་ནའང་འབྲེལ་ཡོད་དགོན་སྡེ་ཁག་ནས་མཉམ་ཞུགས་དང་འགན་ཁུར་ཚུལ་བཞིན་ལེན་དགོས་རྒྱུ། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་གྲངས་ཀ་གཙོ་བོ་མ་ཡིན་པ་སྤུས་ཚད་གཙོ་བོར་བཟུང་ནས་ཕྱིས་སུ་ཆོས་བརྒྱུད་སོ་སོའི་རིགས་གཅིག་རྐང་འཛིན་གྱི་གྲངས་ཚད་ལ་ཐུགས་ཞིབ་ཀྱིས་གྲངས་ངེས་ཅན་གཏན་འབེབས་དགོས་རྒྱུ།གཞན་ཡང་གྲོས་གཞི་དོན་ཚན་བཞི་པ་དགོན་སྡེ་སོ་སོའི་གྲྭ་བཙུན་རྣམས་ཀྱི་འཕྲོད་བསྟེན་དང་ཐོག་གཟིགས་སྐྱོང་དང་འགན་འཁུར་གནང་ཕྱོགས་སྐོར་ལ་སྤྱི་མོས་ཐོག་གྲོས་ཆོད་དོན་ཚན་ ༧ གཏན་འབེབ་གནང་བའི་ནང་།  དགོན་སྡེ་གྲྭ་ཚང་ཁག་གི་དཔེ་ཁྲིད་དགེ་རྒན་རྣམས་ལ་དམིགས་གསལ་འཕྲོད་བསྟེན་དང་འབྲེལ་བའི་ཟབ་སྦྱོང་དང་། དགོན་སྡེ་གྲྭ་ཚང་ཆེ་ཁག་ནང་དུ་དགེ་འདུན་པའི་ལུས་སེམས་བདེ་ཐང་གི་སློབ་སྦྱོང་ཆེད་དུས་རྒྱུན་འདུལ་བའི་ལུང་དང་མཐུན་པའི་སྒོ་ནས་ལུས་སྦྱོང་དགོས་པ། དགོན་སྡེ་གྲྭ་ཚང་གི་ཁོར་ཡུག་གཙང་སྦྲ་དང་། སྔོ་ཚལ་རིགས་སོགས་ཉོས་པའི་སྐབས་སུ་ཟས་རིགས་གསར་རྙིང་ཇི་འདྲ་ཡིན་མིན་ཐད་ལ་བརྟག་དཔྱད་དགོས་པ། གཞུང་ལུགས་ཁག་ནས་གསལ་བའི་སྲོལ་རྒྱུན་གྱི་ལུས་སྦྱོང་དེ་ཡང་དར་སྤེལ་དང་རྒྱུན་འཛིན་གནང་དགོས་པ། དམིགས་བསལ་འཕྲོད་བསྟེན་སྐོར་གྱི་དེབ་ཆུང་རིགས་བསྒྱུར་རྩོམ་གྱིས་དགོན་སྡེ་ཁག་ཏུ་འགྲེམ་སྤེལ་གང་མང་གནང་དགོས་པ་དང༌། རྒྱུན་དུ་ལོ་རེ་བཞིན་བརྟག་དཔྱད་དགོས་རིགས་དགོན་སྡེ་སོ་སོ་ནས་འཐུས་ཤོར་མ་སོང་བ་དགོས་རྒྱུ། འབར་མ་སོགས་ཀྱི་དགོན་སྡེ་ཁག་ནང་དགེ་འདུན་པ་རྣམས་ལ་འཕྲོད་བསྟེན་སློབ་གསོ་དང་ལག་བསྟར་གནང་ཕྱོགས་སྐོར་སོགས་གང་ལེགས་ཡོད་འདུག་པས་རྒྱུས་ལོན་གྱིས་ཚིག་ཆ་ལེན་ཕྱོགས་དགོས་རྒྱུ། ཆོས་རིག་ལས་ཁུངས་ཀྱི་ཐུགས་འགན་བཞེས་ནས་དགོན་སྡེ་གྲྭ་ཚང་ཁག་གི་གྲྭ་བཙུན་སྔགས་གསུམ་ལ་ལོ་དུས་རྒྱས་བཅད་ནང་གཟུགས་གཞིར་བརྟག་དཔྱད་ཆ་ཚང་རེ་ངེས་པར་དུ་གནང་ཐུབ་པ་དགོས་རྒྱུ།

གྲོས་གཞི་ལྔ་པ་གོང་གསལ་གྲོས་གཞིར་མ་འཁོད་པའི་དོན་གནས་གཞན་ཐོག་དགོངས་འཆར་དང་བཀའ་བསྡུར་གྱིས་གྲོས་ཆོད་ ༢་སྤྱི་མོས་གཏན་འབེབ་གནང་བའི་ནང་། སྤྱིར་བོད་ཀྱི་སྤྲུལ་སྐུའི་ལམ་སྲོལ་གྱི་སྐོར་དང༌། ལྷག་པར་ྋགོང་ས་ྋརྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་ཡང་སྲིད་ངོས་འཛིན་གནང་སྐབས་རྒྱ་གཞུང་གིས་ཐེ་བྱུས་མེད་པའི་ཐོག་ཕྱག་བསྟར་ཇི་གནང་ཁ་གསལ་ཞིབ་ཕྲ་འཁོད་པའི་ལོ་རྒྱུས་ཀྱི་ཡིག་ཆ་ཕྱོགས་སྒྲིག་གནང་སྟེ་འགྲེམས་སྤེལ་དགོས་རྒྱུ་དང༌། ཆོས་ཚོགས་ཐེངས་བཅུ་བཞི་པ་འདིའི་ཐོག་སྐུ་ཡི་ཡང་སྲིད་སྐོར་དམིགས་བསལ་སྤྱི་མོས་གྲོས་ཆོད་ཅིག་སྣོལ་འཇོག་གནང་བར་བཀའ་སྤྱི་གཉིས་ནས་རྒྱལ་སྤྱིའི་སྡིངས་ཆ་ཁག་ཏུ་གསལ་བསྒྲགས་རྒྱ་ཁྱབ་ཏུ་སྤེལ་ཐུབ་པ་དགོས་རྒྱུ། ཆོས་ཚོགས་འདི་ཡི་ཐོག་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་དམིགས་བསལ་གྲོས་ཆོད་བཞག་ཟིན་ཡོད་ནའང༌། གནད་འགག་ཆེ་ཤོས་ཚོགས་ཐོག་འདི་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་རྒྱུ་དང༌། དེང་སྤྱི་ཚོགས་ནང་༧གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་བྱེད་མཁན་རེ་ཟུང་ཡོང་བཞིན་འདུག་པ་ཚོར་ཆོས་བརྒྱུད་ཚང་མས་མཐའ་གཅིག་ཏུ་དགག་པ་གནང་རྒྱུ་དང་། རང་རེ་དད་ལྡན་རྗེས་འཇུག་པ་ཡོངས་ནས་དད་པ་དམ་ཚིག་གཡོ་བ་མེད་པའི་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་གསུངས་ཅི་སྒྲུབ་ཞུ་རྒྱུའི་ཁས་ལེན་གཙང་མ་ཞུ་རྒྱུ་བཅས་རེད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༩/༡༡/༢༩

Leave a Reply