དབུགས་ལྒང་གློག་བརྙན་ལ་རྒྱལ་སྤྱིའི་གཟེངས་རྟགས་ཐོབ།

རྒྱ་གར་གྱི་གྷོ་ཝ་མངའ་སྡེའི་ནང་བསྡུས་པའི་རྒྱལ་སྤྱིའི་རྒྱ་གར་གྱི་གློག་བརྙན་དུས་སྟོན་སྐབས་ ༥༠ པའི་ཐོག་བོད་ཀྱི་གློག་བརྙན་དབུགས་ལྒང་ལ་དཔྱད་འདེམས་པའི་གཟེངས་རྟགས་ཐོབ་ཡོད་འདུགཁ་སང་ཕྱི་ཚེས་ ༢༨ ཉིན་རྒྱ་གར་ལྷོ་ཕྱོགས་གྷོ་ཝ་མངའ་སྡེར་བསྡུས་པའི་རྒྱལ་སྤྱིའི་རྒྱ་གར་གྱི་གློག་བརྙན་དུས་སྟོན་སྐབས་ ༥༠ པའི་ཐོག བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་དབུགས་ལྒང་གློག་བརྙན་ལ་དཔྱད་འདེམས་པའི་གཟེངས་རྟགས་ཐོབ་སྟེ། ཧིན་སྒོར་འབུམ་ ༡༥ དང་། གློག་བརྙན་དུས་སྟོན་འདིས་ཆེད་བཟོས་དངུལ་གྱི་རྨ་བྱའི་རྟགས་མ་ཞིག་དང་ཆེ་མཐོང་ལག་ཁྱེར་བཅས་གནང་ཡོད་འདུག

དེ་རིང་པདྨ་ཚེ་བརྟན་ལགས་ཀྱིས་སྒེར་གྱི་པོད་འཕྲིན་ཐོག རྒྱ་གར་གྱི་གྷོ་ཝ་ནང་གི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་། དབུགས་ལྒང་ལ་དངུལ་གྱི་རྨ་བྱའི་གཟེངས་རྟགས་ཐོབ་འདུག གློག་བརྙན་དབུགས་ལྒང་སྐོར་ལ་རྟག་ཏུ་གནས་ཚུལ་ཡག་པོ་གོ་རྒྱུ་འདུག ཚང་མར་ཐུགས་རྗེ་ཆེ། དབུགས་ལྒང་མུ་མཐུད་ནས་མདུན་དུ་སྐྱོད་ཅིག ཅེས་བྲིས་འདུག

རྒྱ་གར་གྱི་དྲིལ་བསྒྲགས་དང་གློག་བརྙན་འགྲེམ་སྟོན་ལྷན་ཁང་གིས་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེའི་སྟེང་། བོད་ཀྱི་གློག་བརྙན་དབུགས་སྒང་གིས་སྐད་ཡིག་གི་མཛེས་ཉམས་དང་འཁྲབ་སྟོན་མི་སྣའི་བདེན་པའི་མཛེས་པར་ཚད་མཐོའི་གདེང་འཇོག་ཐོབ་པར་བརྟེན་གཟེངས་རྟགས་དེ་ཐོབ་ཡོད་པ་དང་། ཐེངས་འདིའི་གློག་བརྙན་དུས་སྟོན་སྟེང་དབུགས་ལྒང་གློག་བརྙན་གྱི་འཁྲབ་སྟོན་པ་གླུ་མ་གཡང་ཕྱུག་འཚོ་དང་། སྦྱིན་པ་གཉིས་མཉམ་ཞུགས་བྱས་ཡོད་པ་ལས། འཁྲབ་འཁྲིད་པ་པདྨ་ཚེ་བརྟན་དང་འཁྲབ་སྟོན་པ་ཞི་བདེ་ཉི་མ་གཉིས་ཞུགས་ཐུབ་མེད་འདུགདུས་ཡུན་སྐར་མ་ ༡༠༢ ཅན་གྱི་དབུགས་ལྒང་ཞེས་པའི་གློག་བརྙན་དེའི་བརྗོད་བྱ་ནི། རྣམ་ཤེས་དང་དངོས་ཡོད་བར་གྱི་ཛ་དྲག་ཆེ་བའི་འབྲེལ་བ་ཞིག་ཡིན་འདུག་པ་དང་། མི་སྣ་གཙོ་བོ་དར་རྒྱས་ཀྱི་ཁྱིམ་མི་གང་བོར་སྤྱིར་བཏང་གི་སྦྲུམ་འགོག་སྲུང་ཤུབས་ཤིག་གི་དབང་གིས་ཅི་བྱ་གཏོལ་བྲལ་དང་། དངོས་ཡོད་ཀྱིས་རྣམ་ཤེས་ལ་འགྲན་སློང་དུས། གདམ་ཀ་བྱེད་དཀའ་བའི་དོན་དག་རབ་དང་རིམ་པར་འཕྲད་པར་བརྟེན། སྤྱིར་ན་ལྷིང་འཇགས་སུ་གནས་པའི་ཁོ་ཚོའི་འཚོ་བ་རྦད་དེ་དཀྲོགས་པ་ཞིག་ཡིན་པ་རེད།

རྒྱལ་སྤྱིའི་རྒྱ་གར་གྱི་གློག་བརྙན་དུས་སྟོན་འདི་ནི་ཕྱི་ལོ་ ༡༩༥༢ ལོར་དབུ་འཛུགས་བྱས་པའི་ཨེ་ཤ་ཡའི་ཁུལ་གྱི་གློག་བརྙན་དུས་སྟོན་ཆེ་གྲས་ཤིག་ཡིན་པ་དང་། འདི་ལོའི་དུས་སྟོན་གྱི་རྩེ་ཕུད་གློག་བརྙན་དེ་བྷེ་ལི་སི་ཧ་རི་སོན་ (Blaise Harrison) གྱིས་འཁྲབ་འཁྲིད་བྱས་པའི་རྡུལ་ཕྲན་ (Particles) ལ་ཐོབ་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར་དང་པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༡/༢༩

Leave a Reply