སྐད་ཡིག་གཉིས་པའི་དགོས་མཁོ། དྲུག་པ།

ནོར་བསམ།

སྐད་ཡིག་གཉིས་པ་སློབ་ཁྲིད་གནང་མཁན་དགེ་རྒན་ཚོས་སློབ་ཁྲིད་མ་གནང་སྔོན་ལ་སློབ་ཕྲུག་གི་སྐད་ཡིག་གཉིས་པའི་ཤེས་ཚད་ལ་རྒྱུས་ལོན་ཡག་པོ་གནང་ཐུབ་པ་ཞིག་དགོས་སྟབས། སྐད་ཡིག་གཉིས་པ་སྦྱོང་མཁན་ལ་ཤེས་ཚད་མཐོ་དམན་བར་མ་སོགས་རིམ་པ་འདྲ་མིན་དབྱེ་སྲོལ་ཡོད་པ་ཤེས་དགོས། གལ་སྲིད་ཁྱེད་རང་སློབ་གྲྭ་ཞིག་ལ་གསར་དུ་སླེབས་པའི་སྐད་ཡིག་གཉིས་པའི་དགེ་རྒན་ཞིག་ཡིན་པ་དང་། སློབ་གྲྭ་དེར་སྐད་ཡིག་གཉིས་པའི་འཛིན་གྲྭ་མཐོ་དམན་འབྲིང་གསུམ་ཡོད་པ་ལས་ཁྱེད་རང་གིས་འཛིན་གྲྭ་ཁག་གཉིས་ལ་སློབ་ཁྲིད་བྱེད་དགོས་པ་བརྗོད་ན། ཁྱེད་རང་གིས་ག་རེ་འདེམ་གྱི་ཡིན་ནམ། གང་འདྲ་བྱས་ནས་འདེམ་གྱི་ཡིན་ནམ། ཐོག་མར་ཁྱེད་ཀྱིས་འཛིན་གྲྭ་མ་འདེམ་སྔོན་ལ་དྲན་དགོས་པ་ནི་སློབ་ཕྲུག་ཚོའི་སྐད་ཡིག་གཉིས་པའི་ཤེས་ཚད་གང་འདྲ་ཡོད་མེད་དང་། ཁྱེད་ཀྱིས་འཛིན་གྲྭའི་སྟངས་འཛིན་ཇི་ཙམ་བྱེད་ཐུབ་མིན། ད་དུང་སློབ་ཁྲིད་སྐབས་སུ་ཕན་ཚུན་སྐད་བརྡ་འཕྲོད་མིན་བཅས་དྲན་དགོས།

སྐད་ཡིག་གཉིས་པའི་ཤེས་ཚད་མཐོ་དམན་བརྩི་ཚུལ་འདྲ་མིན་མང་པོ་ཡོད། དཔེར་ན། ནུབ་ཕྱོགས་ཡུལ་ཁག་ལ་ཨིན་ཡིག་སྐད་ཡིག་གཉིས་པ་སྦྱོང་མཁན་རྣམས་ཀྱི་ཨིན་ཡིག་ཤེས་ཚད་མཐོ་དམན་བརྩི་སྟངས་ལམ་ལུགས་མི་འདྲ་བ་ཡོད། དཔེར་ན། International English Language Testing System (IELTS) ནི་ཨིན་ཡུལ་ཀེམ་བྷི་རི་ཇི་མཐོ་སློབ་དང་ཟུང་སྦྲེལ་ཐོག་གཉེར་བཞིན་པའི་ལས་གཞི་ཞིག་ཡིན་པ་དང་། ཕྱི་མི་གཞིས་སྤོ་བ་ཚོའི་ཨིན་ཡིག་སྐད་ཡིག་གཉིས་པའི་ཤེས་ཚད་གཏན་འབེབ་ཆེད་བེད་སྤྱོད་བྱེད་ཀྱི་ཡོད། དེ་བཞིན་ཁེ་ན་ཌའི་ནང་ལ་ཨིན་ཡིག་སྐད་ཡིག་གཉིས་པའི་ཐོག་ནས་སྦྱོང་མཁན་རྣམས་ལ་ཨིན་ཇིའི་སྐད་ཡིག་གི་ཤེས་ཚད་  Canadian Language Benchmark (CLB) ཞེས་པའི་ཐོག་ནས་བརྩི་སྲོལ་ཡོད། གོང་གསལ་ཨིན་ཡིག་སྐད་ཡིག་གཉིས་པའི་ཤེས་ཚད་འཇལ་བྱེད་ཁག་གཉིས་ནི་ཡིག་ཚད་བརྒྱུད་ནས་གཏན་འབེབ་བྱེད་ཀྱི་ཡོད།

Canadian Language Benchmark (CLB) ཞེས་པར་རིམ་པ་ ༡༢ བར་ཡོད་པ་དང་། དེ་ནི་ཁེ་ན་ཌའི་ནང་ལ་གསར་དུ་གཞིས་སྤོས་བྱེད་མཁན་ཚོའི་ཨིན་ཇིའི་སྐད་ཡིག་ཤེས་ཚད་རྒྱུས་ལོན་ཆེད་བེད་སྤྱོད་གཏོང་གི་ཡོད། དེ་ཡང་ཨིན་ཡིག་སྐད་ཡིག་གི་རྩལ་བཞི་གང་འདྲ་ཡོད་མེད་ཡིག་ཚད་བཏང་ནས་རིམ་པ་དང་པོ་ནས་བཅུ་གཉིས་བར་གཏན་འབེབ་དང་། སྐད་ཡིག་གི་ཤེས་ཚད་རིམ་པ་འཁོད་པའི་ཡིག་ཆ་དང་མཉམ་དུ་སྐད་ཡིག་སྦྱོང་ས་ཁག་ལ་འགྲོ་རྒྱུར་ངོས་སྦྱོར་ཡི་གེ་སྤྲོད་ཀྱི་ཡོད། ཡོ་རོབ་ཡུལ་ཁག་ལ་སྐད་ཡིག་གཉིས་པའི་ཤེས་ཚད་ནི་ Common European Framework of Reference for Languages (CEFR) ཞེས་པའི་ཐོག་ནས་གཏན་འབེབས་བྱེད་ཀྱི་ཡོད། ཡིན་ནའང་། སྔ་མ་གཉིས་དང་མི་འདྲ་བ་ནི་ལམ་སྲོལ་མཐའ་མ་འདི་ལ་ཡིག་ཚད་གཏོང་སྲོལ་མེད།

སྐད་ཡིག་གཉིས་པ་སྦྱོང་མཁན་གྱི་སྐད་ཡིག་གཉིས་པའི་ཤེས་ཚད་གཏན་འབེབ་བྱེད་པར་གཟབ་ནན་བྱེད་དགོས། དེ་ཡང་སྐད་ཡིག་གཉིས་པ་ཐོག་མར་སྦྱོང་མཁན་ཚོར་མཚོན་ནའང་ནང་གསེས་འདྲ་མིན་མང་པོར་དབྱེ་རྒྱུ་ཡོད། བོད་ཡིག་སྐད་ཡིག་གཉིས་པའི་ཐོག་ནས་སྦྱོང་མཁན་ཞིག་ལ་མཚོན་ན། དབྱངས་གསལ་མི་ཤེས་པ་དང་། ཁ་ནས་བཀྲ་ཤིས་བདེ་ལེགས་ལབ་ཤེས་ཙམ་རྣམས་ལ་ཨིན་སྐད་དུ་ Absolute beginner ཡང་ན། pre-beginner ཞེས་འབོད། ཡང་ན། ལས་དང་པོའི་དང་པོ་བ་ཞེས་འབོད་ན་འགྲིག ལས་དང་པོའི་དང་པོ་བ་ཚོར་སྐད་ཡིག་སློབ་ཁྲིད་བྱེད་སྐབས་སྐད་ཡིག་མཚོན་ཐབས་སུ་རི་མོ་དང་། པར་རིས་སོགས་བེད་སྤྱོད་བྱེད་ཀྱི་ཡོད།

སྐད་ཡིག་སྦྱོང་མཁན་ལས་དང་པོ་བ་ཡིན་ལ་མིན་ལའི་རིགས་ཤིག་ཡོད། ཕྲུ་གུ་དང་མི་རྒན་པ་སྐད་ཡིག་ཐོག་མར་སྦྱོང་མཁན་ཁ་ཤས་ཀྱིས་སློབ་གྲྭར་མ་འགྲོ་སྔོན་ལ་ཁྱིམ་ཚང་དུ་རང་སྦྱོང་བྱ་མྱོང་མཁན་དང་། སློབ་གྲྭ་ལ་འཁྱུག་ཙམ་འགྲོ་མྱོང་མཁན་དེ་འདྲ་ཡོད། ཁོ་ཚོས་སྐད་ཡིག་གཉིས་པ་སྦྱོང་རྒྱུའི་འདོད་པ་ཤུགས་ཆེན་པོ་ཡོད་ནའང་ཤེས་ཚད་དམའ་པོ་རེད། དཔེར་ན། རྒྱ་གར་སོགས་ལ་ཨིན་སྐད་འཛིན་གྲྭ་ལྔ་པའི་ཤེས་ཚད་ཡོད་མཁན་ཁ་ཤས་ཕྱིས་སུ་ཨ་རི་སོགས་ནུབ་ཕྱོགས་ཡུལ་ཁག་ལ་སླེབས་ནས་ཨིན་ཇིའི་སྐད་ཡིག་སྦྱོང་མཁན་ཚོའི་ཨིན་ཡིག་ཤེས་ཚད་ནི་ལས་དང་པོ་བ་ཡིན་ལ་མིན་ལའི་དཔེ་མཚོན་རེད། ཁོ་ཚོས་ཨིན་ཡིག་སྦྱངས་མྱོང་ནའང་ཤེས་ཚད་དམའ་པོ་རེད།

སྐད་ཡིག་སྦྱོང་མཁན་ལས་དང་པོ་བ་ལ་དབྱེ་བ་ཕྱེ་སྟངས་གཞན་ཞིག་ཡོད། ལོ་རྒན་པ་སྐད་ཡིག་གཉིས་པ་ཐོག་མར་སྦྱོང་མཁན་དང་། ལོ་གཞོན་པ་སྐད་ཡིག་གཉིས་པ་ཐོག་མར་སྦྱོང་མཁན་གཉིས་ལ་ཁྱད་པར་ཡོད། སྐད་ཡིག་གཉིས་པ་སྦྱོང་མཁན་ལས་དང་པོ་བ་ལོ་རྒན་པ་ཚོས་སྐད་ཡིག་གཉིས་པ་སྦྱོང་སྐབས་དམིགས་ཡུལ་ཁ་གསལ་ཡོད་པ་དང་། སྦྱོང་སྟངས་མི་འདྲ་བ་ཡོད་པ་ཤེས་ཀྱི་ཡོད། ཡིན་ནའང་། ལོ་གཞོན་པ་སྐད་ཡིག་གཉིས་པ་སྦྱོང་མཁན་ཚོར་དགེ་རྒན་དང་ཕ་མ་ཚོས་བསྐུལ་དེད་དགོས་པ་དང་། སྐད་ཡིག་སློབ་ཁྲིད་བྱེད་སྐབས་གོ་བརྡ་ཡག་པོ་འཕྲོད་དགོས་པ། སློབ་ཁྲིད་ཐབས་ལམ་ག་རེ་བསྟེན་དགོས་པ་སོགས་ལ་དགེ་རྒན་དང་ཕ་མས་དོ་སྣང་བྱེད་དགོས་ཀྱི་ཡོད། རྒྱུ་མཚན་ནི་ལོ་གཞོན་པ་ཚོའི་ཁྲོད་སྐད་ཡིག་གཉིས་པ་སྦྱོང་འདུན་ཡོད་མེད་སྣ་ཚོགས་ཡོད། སྐབས་རེར་ལོ་གཞོན་པ་སྐད་ཡིག་གཉིས་པ་སྦྱོང་མཁན་མི་ཉུང་བ་ཕ་མས་ཨུ་ཚུགས་ཀྱིས་བཏང་པའི་གནས་སྟངས་འོག་ཡོད། དེ་བཞིན་སྐད་ཡིག་གཉིས་པ་སྦྱོང་རྒྱུར་རྒྱུ་ཆ་མཁོ་སྤྲོད་བྱེད་མཁན་དགེ་རྒན་དང་ཕ་མ་ལས་གཞན་པ་ཡོད་མེད་སོགས་ལ་དགེ་རྒན་གྱིས་དོ་སྣང་དང་། སློབ་ཁྲིད་ཐབས་ལམ་འཚོལ་ཞིབ་བྱེད་དགོས།

བྱང་ཨ་རི་ཁུལ་ལ་གསར་དུ་སླེབས་མཁན་ཚོར་དགོང་དྲོའི་སྐད་ཡིག་འཛིན་གྲྭ་གཞུང་ནས་རིན་མེད་ཐོག་ཚོགས་སྲོལ་ཡོད་པ་དང་། མི་རྒན་པ་སྐད་ཡིག་གཉིས་པ་སྦྱོང་མཁན་གྱི་འཛིན་གྲྭའི་ནང་སྐད་ཡིག་གཉིས་པའི་ཤེས་ཚད་མཐོ་དམན་སྣ་ཚོགས་ཡོད་ན་སློབ་ཁྲིད་སྐབས་སུ་དགེ་རྒན་དང་སློབ་ཕྲུག་གཉིས་ཀར་དཀའ་ངལ་ཡོད་པ་དངོས་ཡོད་གནས་ཚུལ་ཆགས་ཡོད། ད་དུང་སློབ་ཕྲུག་རྒན་པ་རྣམས་འཚོ་བའི་ཆེད་དུ་ཉིན་མོ་ལས་ཀར་བསྐྱོད་དགོས་པ་དང་དགོང་དྲོ་སྐད་ཡིག་སྦྱོང་བར་ཡོང་སྐབས་ལུས་པོ་ཐང་ཆད་པ་དང་། སྦྱོང་གཞི་སྐད་ཡིག་གཉིས་པ་སྦྱོང་སྐབས་ལམ་སེང་གྲུབ་འབྲས་ཆེན་པོ་སོན་རེ་བཅངས་ནའང་། སྐད་ཡིག་ཟེར་པ་ལམ་སེང་ཤེས་རྒྱུ་ཞིག་མིན་པ་དང་ལེན་མི་ཐུབ་པར་བརྟེན་ཁོང་ཁྲོ་དང་མི་སྐྱིད་པ་བྱེད་མཁན་མང་པོ་ཡོད།

སྐད་ཡིག་ཐོག་མར་སྦྱོང་མཁན་ནམ། ལས་དང་པོ་བ་རྣམས་ལ་སློབ་ཁྲིད་བྱེད་སྐབས་སློབ་གཞི་གཏན་འབེབ་ཀྱིས་སློབ་དེབ་སོགས་ཡོད་ན་ལེགས་པ་ཡོད། སློབ་དེབ་ཡོད་ཚེ་སློབ་ཁྲིད་ཡོ་ཆས་གྲ་སྒྲིག་བྱེད་རྒྱུར་སྟབས་བདེ་བ་དང་། སློབ་ཁྲིད་སྐབས་སུ་ཕན་ཐོགས་ཆེན་པོ་ཡོད། ལས་དང་པོ་བ་ཚོའི་ཆེད་དུ་སློབ་དེབ་གཏན་འབེབས་སྐབས་སུ་དགེ་རྒན་མཉམ་ཞུགས་ཐུབ་ན་དོན་དང་ལྡན་པའི་སློབ་དེབ་ཅིག་ཡོང་རྒྱུར་རེ་བ་ཆེ་བ་ཡོད། དེ་བཞིན་དྲ་ཐོག་ནས་སློབ་དེབ་དང་སློབ་ཁྲིད་ཡོ་ཆས་ཐབས་འཚོལ་གནང་ཐུབ་ནའང་། སློབ་ཁྲིད་ཆེད་བེད་སྤྱོད་མ་བཏང་སྔོན་ལ་དགེ་རྒན་དང་ཕ་མ་ཚོས་སྐད་ཡིག་ཐོག་མར་སྦྱོང་མཁན་གྱི་ཤེས་ཚད་དང་། སེམས་ཁམས། ལོ་ཚད་ལ་བསམ་གཞིགས་ཀྱིས་བེད་སྤྱོད་འོས་མིན་བལྟ་དགོས། དཔེར་ན། གལ་སྲིད་དགེ་རྒན་ཞིག་གིས་དྲ་ཐོག་ནས་སློབ་ཁྲིད་ཆེད་དུ་ཀློག་དེབ་གཅིག་འཚོལ་དགོས་ཀྱི་ཡོད་ན། དགེ་རྒན་དེས་དུས་ཚོད་བཏང་ནས་ཀློག་དེབ་གསུམ་ཉུང་མཐར་འཚོལ་དགོས་པ་དང་། གསུམ་གྱི་ཁྲོད་ནས་ལེགས་ཤོས་གཅིག་འདེམས་དགོས། དེ་ཡང་དེབ་གསུམ་གྱི་ནང་ནས་གཙོ་བོ་སྒྲ་གདངས་སློབ་འཁྲིད་དང་། ཡང་ན་བརྡ་སྤྲོད་སློབ་ཁྲིད། ཡང་ན་སྤྱིར་བཏང་ཤེས་བྱའམ་ཐ་སྙད་གསར་པ་སློབ་ཁྲིད་སོགས་ནང་དོན་གང་ཡོད་པ་རྟོགས་པའི་ཐོག་ནས་འདྲ་བ་དང་མི་འདྲ་བ་གང་ཡོད་བལྟ་དགོས་ལ། སློབ་ཕྲུག་གི་ཤེས་ཚད་དང་། སེམས་ཁམས། ལོ་ཚད་ལ་གཞི་བཞག་ནས་ལེགས་ཉེས་བལྟ་རྒྱུ་གལ་ཆེ།

སྐད་ཡིག་ཐོག་མར་སྦྱོང་མཁན་ལ་སློབ་ཁྲིད་བྱེད་སྐབས་སུ་དགེ་རྒན་མང་པོ་ཞིག་གིས་སྐད་ཡིག་གི་སྒྲོམ་གཞིའམ་བརྡ་སྤྲོད་ཀྱི་འགྲོ་སྟངས་སློབ་ཁྲིད་གཙོ་བོ་བྱེད་ཀྱི་ཡོད། འོན་ཀྱང་། བརྡ་སྤྲོད་ཀྱི་འགྲོ་སྟངས་དམིགས་སུ་སློབ་ཁྲིད་བྱེད་མི་དགོས་པར་སྐད་ཡིག་གི་རྩལ་བཞི་ཡར་རྒྱས་གཏོང་རྒྱུར་གཞས་དང་། གློག་བརྙན། སྒྲུང་དེབ་སོགས་བརྒྱུད་ནས་སློབ་ཁྲིད་བྱེད་དགོས་པར་བརྗོད་མཁན་ཡང་ཡོད། བརྗོད་སྟངས་ཕྱི་མས་ཀློག་རྩལ་དང་ཉན་རྩལ་བརྒྱུད་ནས་བརྡ་སྤྲོད་ཀྱི་འགྲོ་སྟངས་ཡར་རྒྱས་འགྲོ་ཐུབ་པར་འདོད་ཀྱི་ཡོད། དཔེར་ན། སློབ་ཕྲུག་གཅིག་གིས་སོ་སོའི་གནས་ཚད་ལ་མཚམས་པའི་སྒྲུང་དེབ་བམ་དེབ་མང་པོ་ཀློག་ན་བརྡ་སྤྲོད་ཀྱི་འགྲོ་སྟངས་རང་བཞིན་གྱིས་ཡར་རྒྱས་ཡོང་ཐུབ་པར་བརྗོད་མཁན་ཡོད། བརྗོད་སྟངས་ཕྱི་མ་འདིར་ཕྲན་རང་ཉིད་ཀྱིས་མོས་མཐུན་བྱེད་ཐུབ་པ་འདུག ཕྲན་ཆུང་དུས་སློབ་གྲྭར་འགྲོ་སྐབས་ཕྲན་གྱི་སློབ་གྲོགས་དང་། འཛིན་གྲོགས་ཁ་ཤས་སྒྲུང་དེབ་སོགས་དེབ་ཀློག་རྒྱུར་དགའ་པོ་ཡོད། རྗེས་སུ་མཐོ་སློབ་ཐོན་སྐབས་དེབ་ཀློག་མཁན་གྱི་སློབ་གྲོགས་ཚོ་སྐད་ཡིག་གི་ཤེས་ཚད་ལེགས་པ་ཡོད་པ་མངོན་སུམ་ཆགས་འདུག ཉེ་དུས་ཕྲན་གྱིས་བོད་ནང་གི་སློབ་གསོའི་སྐོར་ལ་རྒྱུས་མངའ་ཡོང་ཐབས་སུ་བོད་ནང་ནས་འདོན་སྤེལ་གནང་བའི་དེབ་མི་ཉུང་བ་བཀླགས་པ་ཡིན། བོད་ནང་གི་རྩོམ་པ་པོ་གྲགས་ཅན་ཚེ་རིང་དོན་གྲུབ་ལགས་ཀྱིས་བརྩམས་པའི་སྒྲུང་དེབ་ (ང་ཡི་ཨ་ཕ་གཉིས།) བོད་ཀྱི་དཔེ་མཛོད་ཁང་ནས་བསྐྱར་པར་གནང་བའི་དེབ་ཤོག་གྲངས་ ༣༧༠ ཡོད་པ་ཆ་ཚང་བཀླགས་པ་ཡིན། སྒྲུང་འདིའི་ནང་གི་མི་སྣས་སློབ་སེང་ལ་དེབ་ཁ་ཤས་བཀླགས་པ་དེས་སྐད་ཡིག་འཛིན་གྲྭར་ལོ་གཅིག་སློབ་སྦྱོང་བྱས་པ་ལས་སྐད་ཡིག་ཡར་རྒྱས་ལ་ཕན་ཐོགས་ཆེ་བ་བྱུང་སྐོར་བྲིས་པ་དེ་ནི་དངོས་བདེན་རེད་ཨང་བསམ། ཕྲན་མཐོ་སློབ་ལ་བསྐྱོད་སྐབས། ཨིན་ཡིག་དགེ་རྒན་མི་རིགས་ཨི་ཀྲ་ལི་ནས་ཡིན་པ་དང་། ཆུང་དུས་ནས་ཁེ་ན་ཌར་སླེབས་པ་ཞིག་གིས། གལ་སྲིད་རྩོམ་པ་པོ་བྱེད་རྒྱུའི་དམིགས་ཡུལ་ཡོད་ན། དེབ་ཀློག་པ་པོ་ཡག་པོ་ཞིག་བྱེད་རྒྱུ་ནི་ཐོག་མའི་རྨང་གཞི་རེད། ཅེས་གསུངས་བྱུང་། རྒན་ལགས་ཁོ་རང་དེབ་འབྲི་མཁན་ཞིག་རེད། ཁོང་གི་དེབ་མང་པོ་ཞིག་འཕྲུལ་དེབ་ཐོག་ནས་ཚོང་འགྲེམས་གནང་བཞིན་ཡོད་ལ། ཉོ་མཁན་མང་པོ་ཡོད།

ནུབ་ཕྱོགས་ཡུལ་ཁག་ལ་སྐད་ཡིག་སློབ་ཁྲིད་སྐབས་སུ་སློབ་དེབ་ནང་ལ་ཡོད་པའི་སྒྲུང་དང་། གླེང་མོལ་གང་ཡོད་པ་སློབ་ཁྲིད་བྱེད་པ་ལས་དགེ་རྒན་དང་སློབ་ཕྲུག་ཕན་ཚུན་དབར་དང་། ཡང་ན་སློབ་ཕྲུག་ནང་ཁུལ་ཐད་ཀར་ཉིན་རེའི་འཚོ་བའི་ནང་དངོས་སུ་མཐོང་ཐོས་མྱོང་གསུམ་ཡོད་པའི་བརྗོད་གཞི་གཅིག་གི་ཐོག་ལ་སྐད་ཆ་ཤོད་དུ་འཇུག་གི་ཡོད། ད་དུང་གསར་འགྱུར་ཉན་དུ་འཇུག་པ་སོགས་བྱེད་སྒོ་བརྒྱུད་བཤད་རྩལ་དང་ཉན་རྩལ་ཡར་རྒྱས་ཡོང་ཐབས་སུ་སློབ་ཁྲིད་བྱེད་ཀྱི་ཡོད། རྒྱུ་མཚན་ནི། སྐད་ཡིག་ནི་འཚོ་བ་དངོས་ཀྱི་ནང་ལ་བེད་སྤྱོད་གཏོང་རྒྱུ་ཡིན་པ་དང་། སློབ་དེབ་ནང་ལ་གང་ཡོད་པ་རྣམས་སྔོན་ནས་རྩོམ་སྒྲིག་པ་ཁ་ཤས་ཀྱི་བསམ་བློ་ལ་བརྟེན་ནས་གཏན་ལ་ཕབ་ཟིན་པ་ཞིག་ཡིན་སྟབས་གནས་དོན་དེ་ཡང་འཚོ་བའི་ནང་ཡོང་སྲིད་པ་དང་། མི་སྲིད་པ་གཉིས་ཀ་ཆགས་ཡོད། དེ་བས་སློབ་ཕྲུག་གི་འཚོ་བ་དངོས་བརྗོད་གཞི་ལ་བཞག་ནས་སྐད་ཡིག་ཡར་རྒྱས་གཏོང་དགོས་པ་དང་། སྐད་ཡིག་སྦྱོང་ཟིན་པ་དང་སློབ་ཕྲུག་གིས་སེམས་ནང་ལ་གང་བསམ་པ་སྐད་ཆ་ཤོད་ཐུབ་པ་དང་། ཉིན་རེའི་གསར་འགྱུར་གང་ལ་བལྟ་ཉན་བྱས་པ་ཙམ་གོ་བ་ལོན་ཐུབ་པ་ཡོང་བ་བྱེད་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད། ད་དུང་། སྐད་ཡིག་འཛིན་གྲྭ་ཚོགས་སྐབས་འཛིན་ཁང་ནང་སྐད་ཅོར་རམ། སློབ་ཕྲུག་ཕན་ཚུན་དབར་ལ་སྐད་ཆ་ཤོད་རེས་ག་ཚོད་ཀྱིས་མང་བ་ཡོད་ན་ལེགས་པར་ངོས་འཛིན་བྱེད་མཁན་ཡོད། རྒྱུ་མཚན་ནི། སྐད་ཡིག་ནི་གཅིག་གིས་བཤད་པ་དང་གཞན་གྱིས་ཉན་ནས་གོ་ཐུབ་པ་དང་། རང་ཉིད་ཀྱིས་ཀློག་པ་དེ་གཞན་གྱིས་གོ་ཐུབ་པ། གང་བསམ་པ་འབྲི་ཐུབ་པ་དགོས་སྟབས་ཕན་ཚུན་བཤད་རེས་དང་ཀློག་རེས་བྱ་དགོས་པ་ལས། ཚན་རིག་དང་ཨང་རྩིས་སློབ་ཚན་ལྟ་བུ་སོ་སོ་གཅིག་པུར་ཁུ་སིམ་མིར་སྦྱང་ནས་སྐད་ཡིག་གི་བཤད་རྩལ་དང་ཀློག་རྩལ་ཡར་རྒྱས་ཡོང་ཐུབ་རྒྱུ་མེད་པ་གསལ་པོ་རེད། སྲོལ་རྒྱུན་གྱི་བསམ་བློ་ཡོད་མཁན་དགེ་རྒན་དང་ཕ་མ་ཁ་ཤས་ཀྱིས་སྐད་ཡིག་འཛིན་གྲྭའི་ནང་ལ་ཕྲུ་གུས་ཁུ་སིམ་མིར་ཉན་ནས་བསྡད་ན་ལེགས་པར་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། སྐད་ཡིག་གི་རྩལ་བཞི་ཡར་རྒྱས་གཏོང་དགོས་ན་དགེ་རྒན་གྱིས་ཉུང་ཙམ་བཤད་པ་དང་། སློབ་ཕྲུག་ཚོར་བཤད་ཀློག་འབྲི་ཉན་གྱི་གོ་སྐབས་གང་མང་སྤྲོད་དགོས་པ་ལས་དགེ་རྒན་གྱིས་དུས་ཚོད་མང་ཆེ་བ་བླངས་ན་མི་འགྲིག

སྐད་ཡིག་གང་འདྲ་ཞིག་སྦྱོང་བ་ཡིན་ནའང་། སྐད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་ཡག་པོ་ཡོད་ན་མགྱོགས་པ་དང་སྤུས་ཚད་ལྡན་པ་ཤེས་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། དཔེར་ན། ཨིན་སྐད་སྦྱོང་གི་ཡོད་ན་ཨིན་ཇི་རྒྱག་སའི་ཁོར་ཡུག་ནང་ལ་བསྐྱོད་ནས་སྦྱོང་བ་དང་། བོད་སྐད་སྦྱོང་གི་ཡོད་ན་བོད་པའི་སྤྱི་ཚོགས་ནང་ལ་དངོས་སུ་བསྐྱོད་ནས་སྦྱོང་བ་ཡིན་ན་སྐད་ཡིག་སྤུས་ཚད་ལྡན་པ་དང་། མགྱོགས་པོ་ཤེས་རྒྱུར་ཕན་ཐོགས་ཡོད་པ་མཐོང་ཆོས་མྱོང་སྒྲུབ་རེད། དེ་སྔ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ལ་བོད་ཀྱི་སྐད་ཡིག་སློབ་ཚན་ཕུད་སློབ་ཚན་གཞན་ཚང་མ་ཨིན་ཇིའི་སྐད་ཡིག་ཐོག་ནས་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང་། སློབ་ཕྲུག་མང་པོ་ཞིག་གི་ཨིན་ཇིའི་སྐད་ཡིག་གི་ཤེས་ཚད་ཡག་པོ་ཡོད་པ་བརྗོད་ཀྱི་ཡོད་ནའང་། བོད་ཕྲུག་ཚོ་རྒྱ་གར་མཐོ་སློབ་ཁག་ལ་བསྐྱོད་སྐབས་ཨིན་ཡིག་འབྲི་རྩལ་ཅུང་ལེགས་པ་ལས་ཨིན་སྐད་བཤད་རྩལ་དང་ཉན་རྩལ་རྒྱ་གར་སློབ་ཕྲུག་ཚོ་ལས་རྗེས་སུ་ལུས་ཡོད་པའི་རྣམ་པ་གསལ་པོ་མངོན་གྱི་ཡོད། རྒྱུ་མཚན་ནི་བོད་ཕྲུག་ཚོ་གཞི་རིམ་སློབ་གྲྭའི་ནང་ལ་ཡོད་སྐབས་ཨིན་ཇིའི་སྐད་ཡིག་སྦྱོང་གི་ཡོད་ནའང་། བཤད་རྩལ་དང་ཉན་རྩལ་གྱི་སྦྱོང་བརྡར་ཐོབ་ཀྱི་མེད་པ་ལས་བྱུང་བ་གསལ་པོ་རེད།

སྐད་ཡིག་དང་པོ་སྦྱོང་མཁན་ལ་སློབ་དེབ་ལས་གལ་ཆེ་བ་སློབ་ཁྲིད་ཡོ་ཆས་རེད། སློབ་དེབ་ཀྱི་ནང་དོན་དང་། དགེ་རྒན་གྱིས་གང་འཁྲིད་ནའང་། མགྱོགས་པོ་དང་ངེས་པོ་ཡོང་རྒྱུར་སློབ་ཁྲིད་ཡོ་ཆས་ཀྱིས་ཕན་རོགས་བྱེད་ཀྱི་ཡོད། དཔེར་ན། སྐད་ཡིག་སློབ་ཁྲིད་སྐབས་སུ་དུས་རྒྱུན་འཚོ་བའི་ནང་ལ་དངོས་སུ་མཐོང་ཐོས་མྱོང་རྒྱུ་ཡོད་པ་དང་སྦྱར་ནས་སློབ་ཁྲིད་བྱེད་རྒྱུ་གལ་ཆེན་པོ་རེད། དེ་བས་སྐད་ཡིག་ཐོག་མར་སྦྱོང་མཁན་རྣམས་ལ་ཅ་དངོས་ཀྱི་མིང་སློབ་ཁྲིད་བྱེད་སྐབས་སུ་ཅ་དངོས་ངོ་མའམ། ཡང་ན་པར་དང་འདྲ་གཟུགས་མིག་ལ་བསྟན་ན་ཤེས་སླ་བ་ཡོད། ནུབ་ཕྱོགས་ལ་གསར་དུ་གཞིས་སྤོས་ལ་སླེབས་མཁན་རྣམས་ལ་ཨིན་ཇིའི་སྐད་ཡིག་ཐོག་མར་སློབ་ཁྲིད་སྐབས་སུ་ཅ་དངོས་ཀྱི་མིང་བསླབ་ནའང་། ཅ་དངོས་གང་འདྲ་ཞིག་ཡོད་དམ་བསམ་མཁན་མང་པོ་ཡོད། རྒྱུ་མཚན་ནི་ཅ་དངོས་དེ་དག་བེད་སྤྱོད་བྱེད་མྱོང་མེད་ལ། མང་པོ་ཞིག་གིས་མཐོང་མྱོང་ཡང་མེད། གལ་སྲིད་དགེ་རྒན་གྱིས་ཅ་དངོས་ངོ་མ་མིག་ལ་བསྟན་པ་ཡིན་ན་སློབ་ཕྲུག་གིས་ཤེས་རྟོགས་སླ་བ་དངོས་ཡོད་རེད། དཔེ་མཚོན་གཞན་ཞིག་བརྗོད་ན། ཉེ་ལམ་ཕྲན་གྱིས་བོད་ནང་གི་བོད་ཡིག་སྒྲུང་དེབ་ (བོད་ཀྱི་གཅེས་ཕྲུག་)ཞེས་པ་ཆ་ཚང་བཀླགས་པ་ཡིན། སྒྲུང་དེབ་དེ་ཐོག་མར་ཀློག་སྐབས་བོད་ནང་གི་ཕྲུ་གུའི་སེམས་ཁམས་ལ་གོ་རྟོགས་ཕྲན་བུ་བྱུང་། རྩོམ་པ་པོས་བྱིས་པའི་སེམས་ཁམས་དང་། བསམ་བློ་གཏོང་སྟངས་ཧ་ལས་པའི་ཡག་པོ་བྲིས་འདུག གྲོང་ཁྱེར་ནས་འབྲོག་ཁུལ་ལ་སླེབས་པའི་དགེ་རྒན་གཅིག་གིས་བོད་ཀྱི་འབྲོག་ཕྲུག་ཆུང་ཆུང་ཚོར་སློབ་ཁྲིད་བྱེད་སྐབས། མི་འགྲོའི་ལམ། ཞེས་པའི་ཚིག་གསར་སློབ་ཁྲིད་སྐབས་སློབ་ཕྲུག་ཚོ་འབྲོག་པའི་ས་ཁུལ་ལ་བསྡད་པ་ལས་ཕྱི་ལ་འགྲོ་མྱོང་མེད་སྟབས་དགེ་རྒན་གྱིས། མི་འགྲོའི་ལམ། ཞེས་པ་ནི་གྲོང་ཁྱེར་ནང་སྣུམ་འཁོར་འགྲོ་སའི་ལམ་ཟུར་དུ་སྣུམ་འཁོར་གློག་འོད་དམར་པོས་བཀག་རྗེས་མི་འགྲོ་སའི་ལམ་ཁ་ཡིན་པ་འགྲེལ་བརྗོད་ཇི་ཙམ་བྱས་ནའང་། སློབ་ཕྲུག་ཚོ་ཡ་མཚན་གྱིས་སེམས་ནང་འཆར་སྣང་འདྲ་མིན་སྣ་ཚོགས་དྲན་པ་ལས་དངོས་ར་མི་འཕྲོད་པ་ལྟ་བུ་རེད། ནུབ་ཕྱོགས་ཡུལ་ཁག་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་ཕྲུག་རྣམས་ལ་སྦྲ་གུར་དང་། ཀ་བ་ཞེས་སློབ་ཁྲིད་བྱེད་སྐབས་དངོས་སུ་མཐོང་རྒྱུ་དང་བསྟན་རྒྱུ་མེད་སྟབས་དཀའ་ངལ་ཡོད་པ་དགེ་རྒན་དང་ཕ་མ་རེ་ཟུང་གིས་བརྗོད་པ་ཐོས།

སྐད་ཡིག་ཐོག་མར་སྦྱོང་མཁན་ལ་སློབ་ཁྲིད་སྐབས་སུ་དགེ་རྒན་དང་ཕ་མ་ཚོས་སྒྲ་གདངས་གསལ་པོ་དང་ཡག་པོ་འདོན་རྒྱུར་དོ་སྣང་དང་སྦྱོང་བརྡར་སྤྲོད་དགོས་ལ། ཚིག་གསར་སློབ་ཁྲིད་སྐབས་སུ་ཚིག་གི་གྲུབ་སྟངས་ངོ་སྤྲོད་གནང་ཐུབ་ན་ཕན་ཐོགས་ཡོད། སྐད་ཡིག་ཐོག་མར་སྦྱོང་མཁན་ཚོས་དོ་སྣང་དགོས་པ་གཙོ་བོ་ཀློག་རྩལ་དང་། ཉན་རྩལ་ཡར་རྒྱས་གཏོང་རྒྱུ་ཡིན་ནའང་། འབྲི་རྩལ་ཡར་རྒྱས་གཏོང་རྒྱུའམ་འབྲི་རྩལ་སྦྱོང་རྒྱུ་སྣང་མེད་དུ་གཏོང་རྒྱུ་མེད། མདོར་ན། སྐད་ཡིག་གི་རྩལ་བཞི་འབྲི་ཀློག་བཤད་ཉན་ཡར་རྒྱས་གཏོང་རྒྱུར་དགེ་རྒན་དང་། སློབ་ཕྲུག་གཉིས་ཀས་མི་བརྗེད་པར་སྦྱོང་བརྡར་གནང་གལ་ཆེའོ། །

འབྲེལ་ཡོད་རྩོམ་ཡིག

སྐད་ཡིག་གཉིས་པའི་དགོས་མཁོ། དང་པོ།

སྐད་ཡིག་གཉིས་པའི་དགོས་མཁོ། གཉིས་པ།

སྐད་ཡིག་གཉིས་པའི་དགོས་མཁོ། གསུམ་པ།

སྐད་ཡིག་གཉིས་པའི་དགོས་མཁོ། བཞི་པ།

སྐད་ཡིག་གཉིས་པའི་དགོས་མཁོ། ལྔ་པ།

མུ་འགོད།

བསྐྱར་བཅོས།: ༢༠༡༩/༡༡/༢༩

Leave a Reply

One thought on “སྐད་ཡིག་གཉིས་པའི་དགོས་མཁོ། དྲུག་པ།

  1. ནོར་བསམ་ལགས་ཀྱིས་མུ་འགོད་རྩོམ་ཡིག་དཔེ་ཡག་པོ་བྲིས་འདུག མུ་མཐུད་ནས་འབྲི་རོགས། ཕྱི་རྒྱལ་ཡུལ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་རྒན་དང་འབྲེལ་ཡོད་ལས་བྱེད་ཚོས་དོ་སྣང་གིས་ཀློག་དགོས་པ་ཞིག་ལ་མཐོང་སོང་། ང་རང་བོད་དགེ་དང་ཕ་མའི་འཐུས་ཚབ་བྱས་མྱོང་།