ཧོང་ཀོང་གི་ངོ་རྒོལ་རྒྱ་ནག་ནང་འབྱུང་བར་དོགས་ཟོན་ཆེན་པོ་བྱེད་ཀྱི་འདུག

ཧོང་ཀོང་གི་ཉེ་འགྲམ་དུ་ཁེལ་བའི་རྒྱ་ནག་ཝེ་ལའོ་གྲོང་སྡེར་གཞུང་ལ་མི་མང་གིས་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་འདུགཁ་སང་ཕྱི་ཚེས་༢༩ཉིན་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་ཚགས་པར་གྱིས་བཏོན་པའི་གནས་ཚུལ་ལྟར་ན།  རྒྱ་ནག་ལྷོ་ཕྱོགས་ཀོང་ཏུང་(Guangdong )ཞིང་ཆེན་གྱི་ཝེན་ལའོ(wenlou)གྲོང་སྡེའི་ཉེ་འགྲམ་དུ།དུར་ཁང་ཆེན་པོ་ཞིག་འཛུགས་སྐྲུན་བྱ་འཆར་བྱས་པར་བརྟེན།གྲོང་མི་བརྒྱ་ཕྲག་ཁ་ཤས་ཀྱིས་ཁྲོམ་སྲང་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་།ཉེན་རྟོག་པས་མི་མང་ལ་གཅར་རྡུང་དང་མིག་ཆུ་འཐོར་བའི་དུག་རྫས་གཡུགས་པ།  ཉིན་གཅིག་རིང་མི་གྲངས་༥༠ལྷག་འཛིན་བཟུང་བཀག་སྐྱིལ་བྱས་ཡོད་འདུག

 

གནས་ཚུལ་དེའི་ནང་གསལ་བ་ལྟར་ན།མི་མང་གིས་ཞི་བའི་གོམ་བགྲོད་ཀྱིས་གྲོང་སྡེའི་གཞུང་ལས་ཁང་གི་སྒོ་ཁར་མ་སླེབ་སྔོན།མི་མང་གི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བཀག་འགོག་དང་མི་མང་ཁ་འཐོར་དུ་གཏོང་ཆེད་དྲག་པོའི་བྱེད་ཐབས་སྤྱད་པ་མ་ཟད།  མི་མང་པོ་ཞིག་ལ་རྨས་སྐྱོན་བཟོས་ཡོད་པའི་ཁྲོད་བྱིས་པ་དང་བགྲེས་སོང་ཁག་ཅིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་དང་།  མི་མང་གི་ཞི་བའི་གོམ་བགྲོད་ཚར་རྗེས།ཕྱི་དྲོ་དེར་ཉེན་རྟོག་པ་ཚོ་གྲོང་སྡེའི་ཁྱིམ་ཚང་རེ་རེའི་ཁྱིམ་དུ་འཛུལ་ནས་མི་མང་འཛིན་བཟུང་དང་རྗེས་སུ་ངོ་རྒོལ་ནང་མཉམ་ཞུགས་མི་བྱེད་པའི་མིང་ཐོ་བཙན་གྱིས་ཐོ་འགོད་བྱེད་བཅུག་གི་ཡོད་སྐོར་བཀོད་འདུག

ཝེན་ལའོ་གྲོང་སྡེ་ནི་ཧོང་ཀོང་གྲོང་ཁྱེར་ལས་སྤྱི་ལེ་༡༠༠ཙམ་གྱི་སར་ཡོད་པ་དང་།  འདས་པའི་ཟླ་ཤས་རིང་ཧོང་ཀོང་གྲོང་ཁྱེར་ནང་མི་མང་གི་གཞུང་རྒོལ་ལས་འགུལ་ཤུགས་ཆེན་བྱུང་བར་བརྟེན།  ཞི་རྒོལ་བསྐྱར་དུ་ཡོང་ཉེན་ལ་དོགས་ནས་ཡུལ་དེའི་མི་མང་ཁྲོད་དམ་དྲག་དོགས་ཟོན་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་།  ཡུལ་མི་ཞིག་གིས་ད་ལྟའི་ཆར་གྲོང་སྡེའི་ས་ཆ་གང་སར་ཉེན་རྟོག་པ་འགྲེམས་འཇོག་བྱས་ཡོད་འདུག་ལ།བསྐྱར་དུ་ངོ་རྒོལ་བྱུང་ན་ཉེན་རྟོག་པས་མི་མང་ཁྲོད་དྲག་སྤྱོད་རིགས་སྤེལ་རྒྱུ་ཡིན་ཡང་།  གྲོང་སྡེའི་མི་མང་པོ་ཞིག་གིས་གཞུང་ནས་འཛུགས་སྐྲུན་ལས་གཞི་དེ་མཚམས་མ་བཞག་པར་མུ་མཐུད་ངོ་རྒོལ་བྱ་རྒྱུར་གྲ་སྒྲིག་ཡོད་སྐོར་བརྗོད་འདུག

ཡང་ཡུལ་དེའི་ས་གནས་ཚོང་གཉེར་བ་ཞིག་གིས་བརྗོད་པ་ལྟར་ན།  ད་ལྟའི་ཆར་མི་མང་ཚང་མ་སོ་སོའི་ཁྱིམ་ལ་བཅུག་ནས་ཕྱི་ལ་འབུད་མི་ཐུབ་པའི་གནས་སྟངས་བྱུང་གི་ཡོད་པ་དང་།  ཐེངས་འདིའི་ལས་འགུལ་དེ་བསྟུན་མར་ཉིན་གཉིས་རིང་བྱུང་ཡོད་པ་དང་།  ཉིན་གཉིས་པ་དེར་མི་མང་ཁྲོད་ཉེན་རྟོག་པས་དྲག་སྤྱོད་ཤུགས་ཆེན་སྤེལ་ནས་མི་ཧ་ཅང་མང་པོར་རྨས་སྐྱོན་བཟོས་ཡོད་སྐོར་བརྗོད་ཡོད་པ་དང་།  དེ་བཞིན་ས་གནས་ཡུལ་མི་གཞན་ཞིག་གིས་ང་ཚོ་ཉེན་རྟོག་པ་དང་དམག་མིའི་དམ་དྲག་འོག་ཡོད་པར་བརྟེན།ཧོང་ཀོང་ལྟར་གནས་ཚུལ་མང་པོ་ཞིག་ཕྱི་ལ་བཤད་ཐུབ་ཀྱི་མེད་པ་དང་།  ཁོའི་ཁྱིམ་མཚེས་ཀྱིས་ཝེ་པོ་སྤྱི་ཚོགས་དྲ་ལམ་ལ་གནས་ཚུལ་དེ་བཀོད་པའི་རྐྱེན་གྱིས་ཉེན་རྟོག་པས་འཛིན་བཟུང་བཙོན་འཇུག་བྱས་ཡོད་སྐོར་སོགས་བརྗོད་འདུག

འཛུགས་སྐྲུན་ལས་གཞི་དེ་ཐོག་མར་རྒྱ་ནག་གཞུང་གིས་མི་མང་ཆེད་ངལ་གསོའི་གླིང་ཀ་ཆེན་པོ་ཞིག་བཟོ་རྒྱུ་ཡིན་སྐོར་བརྗོད་ཡོད་ན་ཡང་།  རྗེས་སུ་ཤེས་རྟོགས་བྱུང་སྐབས་ཕུང་པོ་བཅུག་ས་དང་སྲེག་ས་བཟོ་འཆར་ཡོད་པ་དང་།  ས་ཆ་ཡོངས་ཀྱི་རྒྱ་ཁྱོན་ལ་ཨེར་ཀ་༢༤ལྷག་ཡོད་པ་དང་།  མི་མང་གི་ས་ཞིང་མང་པོ་ཞིག་ནང་དུ་ཚུད་འགྲོ་ཡི་ཡོད་པ་མ་ཟད།  མི་མང་གི་ཞིང་ལས་འདེབས་འཛུགས་ཀྱི་ལྟེ་བར་འཁེལ་བའི་ཞིང་ས་མང་པོ་ཞིག་གཞུང་བཞེས་གཏོང་དགོས་པ་ཆགས་ཀྱི་ཡོད་སྟབས།མི་མང་ལ་མགོ་སྐོར་གཏོང་ཐབས་བྱས་སོང་ཞེས་མི་མང་ཁོང་ཁྲོ་ཆེན་པོ་ལངས་བཞིན་ཡོད་འདུག

ཡུལ་དེའི་ནང་མི་མང་གིས་གཞུང་ལ་ངོ་རྒོལ་བྱས་པ་ད་ཐེངས་གཅིག་པུ་ཙམ་མ་ཡིན་པར་འདི་ལོའི་ཕྱི་ཟླ་པའི་ནང་ས་ཞིང་གི་གནད་དོན་ཞིག་གིས་མི་མང་སྟོང་ཕྲག་མང་པོས་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་བྱས་ཡོད་ཀྱང་།  རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོ་བྱས་པར་བརྟེན་གནས་ཚུལ་དེ་རིགས་ཕྱི་ལོགས་སུ་འབྱོར་མེད་པ་དང་།  གནས་ཚུལ་དབྱེ་ཞིབ་པ་ཚོས་འདས་པའི་ཟླ་ཤས་རིང་ཧོང་ཀོང་ནང་ངོ་རྒོལ་བྱུང་བར་མི་མང་རང་བཞིན་གྱིས་རྒྱབ་སྐྱོར་སོགས་བྱས་ཡོད་པར་བརྟེན།  རྒྱ་ནག་གི་ས་ཆ་མང་པོའི་ནང་ངོ་རྒོལ་མུ་མཐུད་བྱུང་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

གསར་འགོད་པ།  སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༡༢/༠༢

Leave a Reply

3 thoughts on “ཧོང་ཀོང་གི་ངོ་རྒོལ་རྒྱ་ནག་ནང་འབྱུང་བར་དོགས་ཟོན་ཆེན་པོ་བྱེད་ཀྱི་འདུག

  1. བུད་དབང་ངག་དབང་བྱང་ཆུབ།

    རྒྱ་ནག་རྒྱ་ཆེའི་མི་མང་གཉིད་སད་རན། མི་ལོ་དྲུག་བཅུའི་ནང་གི་དེ་རིང་གི་གཏམ་བཟང་ཐོས་པས་ཤིན་ཏུ་དགའ།
    ཐུག་ཁོག་རྡོ་ཁོག་ཡིན་ཀྱང་ཁོལ་ཚོད་དང་བ་ཚ་ཨར་གོང་ཡིན་ཀྱང་ཚོས་ཚོད་ཡིན། ཁོང་ཚོའི་བསམ་དོན་མྱུར་དུ་འགྲུབ་པར་ཤོག སླུ་མེད་དཀོན་མཆོག་ཐུགས་རྗེས་གཟིགས་པའི་དུས་བབ། ལྷ་དང་སྲུང་མར་མཐུ་ནུས་ཡོད་ན་འཕྲིན་ལས་ད་ལྟ་ཉིད་དུ་གྲུབ་པར་མཛོད། སྨོན་ལམ་དང་འཕྲིན་བསྐུལ་དྲ་ཏུ་ཞུ་གྱུ་ཡིན། ལྷ་རྒྱལ་ལོ། ལྷ་རྒྱལ་ལོ། ལྷ་རྒྱལ་ལོ།། །།

  2. བུད་དབང་ངག་དབང་བྱང་ཆུབ་

    རྒྱ་ནག་རྒྱ་ཆེའི་མི་མང་གཉིད་སད་རན། མི་ལོ་དྲུག་བཅུའི་ནང་གི་དེ་རིང་གཏམ་བཟང་དང་པོ་ཐོས་པ་ཤིན་ཏུ་དགའ། མི་མང་ཁོང་ཚོའི་བསམ་དོན་འགྲུབ་པ་དང་རྒྱལ་ཁ་མྱུར་དུ་ལོན་པའི་སྨོན་ལམ་ཤུག་དྲག་རྒྱག་གི་ཡོད། ཐུག་ཁོག་རྡོ་ཁོག་ཡིན་ཀྱང་ཁོལ་ཚོད་དང་བ་ཚ་ཨར་ཀོང་ཡིན་ཀྱང་ཚོས་ཚོད་ཡིན། ལས་དང་རྒྱུ་འབྲས་ཡོད་ན་འཁོར་ཚོད་ཡིན། སླུ་མེད་དཀོན་ཆོག་བྱིན་རླབས་ད་ལྟ་ཉིད་དུ་འཇུག་པར་ཤོག། ལྷ་རྒྱལ་ལོ།།