ཡཱང་ཧིན་ཅིན་འཕྲལ་དུ་ཀློད་དགོས་པའི་འབོད་སྐུལ་བྱས།

རྒྱ་རིགས་རྩོམ་པ་པོ་ཡཱང་ཧིན་ཅིན་ལགས་ཀྱི་ཁྲིམས་རྩོད་པས་རྒྱ་ནག་གཞུང་གིས་ཡཱང་ལ་འདྲི་རྩད་སུན་གཙེར་ཆེ་རུ་ཕྱིན་ཡོད་སྐོར་བརྗོད་འདུགའདས་པའི་བདུན་ཕྲག་གཉིས་ནང་རྒྱ་ནག་གཞུང་གིས་ཨོ་གླིང་ནང་གསང་མྱུལ་བ་མངགས་གཏོང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཞིག་ཕྱི་ལ་ཤོར་བའི་རྐྱེན་གྱིས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཅུང་ཛ་དྲག་ཡིན་པ་དང་བསྟུན། དེ་རིང་ཨོ་གླིང་གི་ཕྱི་སྲིད་བློན་ཆེན་མེ་རི་སི་པེན་ (Marise Payne) གྱིས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་དོགས་གཞིའི་འོག རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༡ པོ་ནས་བཟུང་ཨོ་གླིང་གི་རྒྱ་རིགས་རྩོམ་པ་པོ་དང་སློབ་དཔོན་ཆེན་མོ་ཡཱང་ཧིན་ཅིན་ (Yang Hengjun) ལགས་འཛིན་བཟུང་བཀག་ཉར་བྱེད་བཞིན་པ་དེར་ངོས་ལེན་བྱེད་ཐབས་མེད་སྐོར་དང་། ཁོང་བཀག་ཉར་བྱེད་རིང་མི་ཚུལ་དང་མཐུན་པའི་སྒོ་ནས་ལྟ་རྟོག་བྱས་ཏེ་གང་མགྱོགས་ཀློད་གྲོལ་དགོས་སྐོར་འབོད་སྐུལ་བྱས་འདུག

རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༨ པའི་ནང་སྐུ་ཞབས་ཡཱང་ལ་གཞུང་འབྲེལ་གྱི་ཐོག་ནས་ཉེས་མིང་བཙུགས་ཡོད་པ་དང་། ཁོང་གི་ཁྲིམས་རྩོད་པས་བརྗོད་པ་ལྟར་ན། སྐུ་ཞབས་ཡཱང་ལོ་རྗེས་མའི་ཕྱི་ཟླ་ ༣ ནང་ཚུད་ཁྲིམས་ཁང་ཞིག་ལ་འཁྲིད་དགོས་ཀྱི་ཡོད་པར་བརྟེན། རྒྱ་ནག་གི་འབྲེལ་ཡོད་གཞུང་འབྲེལ་མི་སྣས་ཉེས་པ་ངོས་ལེན་ཡོང་ཆེད་ཁོང་ལ་འདྲི་རྩད་སུན་གཙེར་ཆེ་རུ་ཕྱིན་ཡོད་འདུག

ཡང་ཨོ་གླིང་ཕྱི་སྲིད་བློན་ཆེན་མེ་རི་སི་པེན་ལགས་ཀྱིས། ང་ཚོས་རྒྱ་ནག་གཞུང་ལ་ཡང་དང་བསྐྱར་དུ་སློབ་དཔོན་ཡཱང་གིས་ཁྲིམས་འགལ་ག་རེ་བྱས་མིན་གསལ་བཤད་བྱ་རྒྱུའི་འབོད་སྐུལ་ཞུས་ཡོད་ལ། རྒྱལ་སྤྱིའི་ཁྲིམས་སྒྲིག་གཞིར་བཟུང་ཁོང་ལ་གཞི་རྩའི་དྲང་བདེན་ཡོང་རྒྱུ་དང་། ཁྲིམས་བཤེར་དྲང་པོ། ཚུལ་མཐུན་གྱི་སྒོ་ནས་ལྟ་རྟོག་བྱ་དགོས་པ་མ་ཟད། ཁོང་ལ་རང་གི་ཁྲིམས་རྩོད་པ་དང་གཉེན་ཉེ་གྲོགས་པོར་ཐུག་འཕྲད་བྱ་རུ་འཇུག་རྒྱུའི་འབོད་སྐུལ་བསྟུན་མར་ཞུས་ཀྱང་། ད་བར་དེའི་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་མེད་ཅེས་བརྗོད་འདུག དེའི་ཐད་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། ཨོ་གླིང་གཞུང་གིས་གནད་དོན་འདིའི་ཐོག་ཐེ་བྱུས་བྱ་རྒྱུ་མེད་པར། རྒྱལ་ཁབ་ཀྱི་ཁྲིམས་བཤེར་བདག་དབང་ལ་བརྩི་བཀུར་བྱེད་དགོས་སྐོར་བརྗོད་ཡོད་འདུགཨོ་གླིང་ནང་ཆབ་སྲིད་དང་ཚོང་འབྲེལ། ཤེས་ཡོན་བཅས་པར་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་སླེབ་བཞིན་པ་དེར་རྒྱལ་ཡོངས་རང་བཞིན་གྱི་གླེང་སློང་བྱེད་མགོ་བཙུགས་པ་མ་ཟད། ཉེ་ཆར་ཞིག་ལ་རྒྱ་ནག་གཞུང་གི་གསང་མྱུལ་བ་ཡིན་སྐོར་བརྗོད་པའི་རྒྱ་རིགས་སྐྱེས་པ་ཞིག་གིས། རྒྱ་ནག་གཞུང་གི་གསང་མྱུལ་བའི་བྱ་འགུལ་དང་འབྲེལ་བའི་ཚད་མཐོའི་གནས་ཚུལ་ཕོན་ཆེན་ཕྱིར་བསྒྲགས་བྱས་ཡོད་པ་མ་ཟད། གསར་ཁང་འགས་རྟོག་ཞིབ་བྱས་པ་བརྒྱུད་རྒྱ་ནག་གིས་ཨོ་གླིང་ནང་རྒྱ་རིགས་མི་སེར་རྣམས་ཡུལ་དེའི་གྲོས་ཚོགས་འཐུས་མིར་ཞུགས་རྒྱུའི་སྐུལ་སློང་བྱས་ཏེ། ཨོ་གླིང་གི་ཆེས་མཐོའི་ཆབ་སྲིད་མི་སྣའི་གྲས་སུ་རང་གི་ཤུགས་རྐྱེན་འཇོག་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་དེས། ཨོ་གླིང་གི་གཞུང་དམངས་གཉིས་ལ་བློ་འཚབ་སྐྱེ་རུ་བཅུག་ཡོད་པ་རེད།

དེ་རིང་ཨོ་གླིང་གཞུང་གིས་རྒྱལ་ཕྱིའི་ཤུགས་རྐྱེན་འགོག་ཐབས་སུ་ཨ་སྒོར་ས་ཡ་ ༥༩ ཡི་ཟུར་བཅད་ལས་འགུལ་ཞིག་སྤེལ་རྒྱུའི་གསལ་བསྒྲགས་བྱས་ཏེ། ཡུལ་དེའི་སྲིད་བློན་སི་ཁོ་ཊི་མོ་རི་སོན་ (Scott Morrison)ལགས་ཀྱིས། ལས་འགུལ་དེ་ནི་ཨོ་གླིང་ནང་ཕྱིའི་རྒྱལ་ཁབ་ཀྱི་ཤུགས་རྐྱེན་འཚོལ་ཞིབ་དང་། རྗེས་འདེད། གཏོར་བཤིག་གཏོང་ཆེད་དང་། འཛམ་གླིང་ཁྱོན་ཡོངས་ནང་དམངས་གཙོའི་བྱ་རིམ་དང་འོས་བསྡུར་དོ་ཕོག་གཏོང་བ་སོགས་ཀྱི་གསང་བའི་གནས་ཚུལ་རིགས་ལ་རྟོག་ཞིབ་སྔར་བས་ཤུགས་ཆེར་ཡོང་ཆེད་ཡིན་སྐོར་བརྗོད་ཡོད་པ་དང་། ཨོ་གླིང་གི་ཕྱིའི་ཤུགས་རྐྱེན་འགོག་ཐབས་ཀྱི་ལས་འགུལ་དེ་ཉིད་ཡུལ་དེའི་བདེ་འཇགས་གསང་བའི་ལས་ཁུངས་དང་། དབུང་གཞུང་གི་ཉེན་རྟོག་རུ་ཁག དཔལ་འབྱོར་ཁྲིམས་བཤེར་ལས་ཁང་། དྲ་ལམ་རྟོག་ཞིབ་ལས་ཁང་བཅས་ཀྱི་དཔོན་རིགས་ཚོའི་སྣེ་འཁྲིད་འོག་སྤེལ་རྒྱུ་ཡིན་འདུག

བཀག་ཉར་འོག་ཡོད་པའི་རྩོམ་པ་པོ་ཡཱང་ཧིན་ཅིན་ལགས་ནི་ཕྱི་ལོ་ ༡༩༦༥ ལོར་རྒྱ་ནག་ཧུའུ་པའེ་ཞིང་ཆེན་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༨༧ ལོར་རྒྱ་ནག་ཧྥུ་ཏན་གཙུག་ལག་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན། དེ་ནས་རྒྱ་ནག་ཕྱི་སྲིད་ལྷན་ཁང་དུ་ལས་ཀ་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༩༢ ནས་ ༡༩༩༧ བར་ཧོང་ཀོང་དུ་རྒྱ་ནག་གི་བཟོ་ཚོང་ཁང་ཆེན་པོ་ཞིག་གི་འགན་འཛིན་བྱས། ཕྱིས་སུ་ནུབ་རྒྱ་མཚོའི་མནའ་མཐུན་ཚོགས་པའི་རྩ་འཛུགས་འོག རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར། མགོ་འཁྲིད་བཅས་ཀྱི་བདེ་འཇགས་གནས་བབ་ལ་འགན་འཁུར་གྱི་ལས་ཀ་བྱས་ཏེ། ཨ་རི་དང་ཨོ་གླིང་སོགས་སུ་ཕྱིན་ནས་ཨོ་གླིང་གི་མི་སེར་ཆགས་ཡོད་འདུག ཁོང་གིས་དེ་སྔོན་བརྩམས་སྒྲུང་དེབ་གཉིས་བྲིས་ཡོད་པ་མ་ཟད། རྒྱུན་དུ་སྒེར་གཉེར་བའི་དྲ་རྒྱའི་ཐོག་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ཁ་གཏད་ཀྱི་རྩོམ་ཡིག་མང་པོ་སྤེལ་བར་བརྟེན། ཕྱི་ལོ་ ༢༠༡༡ ལོར་ཁོང་རྒྱ་ནག་ཏུ་སྐྱོད་སྐབས་འཛིན་བཟུང་བྱས་ཏེ་འདྲི་ཞིབ་བྱས་ཡོད་ཀྱང་། ཕྱིས་སུ་མི་ངོས་མ་ཟིན་པར་ནོར་ནས་འཛིན་བཟུང་བྱས་ཡོད་སྐོར་བརྗོད་དེ་ཀློད་ཡོད་པ་རེད། འོན་ཀྱང་། འདི་ལོའི་ཕྱི་ཟླ་ ༡ ནང་སྐུ་ཞབས་ཡཱང་བཟའ་ཟླ་དང་བུ་མོའི་མཉམ་དུ་རྒྱ་ནག་ནང་སྐྱོད་སྐབས། པེ་ཅིན་གནམ་ཐང་ནས་འཛིན་བཟུང་བྱས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༢/༠༢

Leave a Reply