གནས་མཆོག་རྡོ་རྗེ་གདན་གྱི་མཛད་འཆར་ཟླ་གཅིག་སྔ་ནུར་གནང་འདུག

ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢ ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་མཛད་འཕྲིན་བསྐྱང་རྒྱུ་ཐུགས་གཏན་འཁེལ་འདུགཉེ་སྔོན་དགའ་ལྡན་ཕོ་བྲང་གི་དྲ་བའི་ཐོག་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༢ ཚེས་ ༢ ཉིན་ནས་ཉིན་ ༥ རིང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་མཛད་འཕྲིན་བསྐྱང་རྒྱུ་ཡིན་པའི་གནས་ཚུལ་བཀོད་ཡོད་ཀྱང་། རྒྱ་གར་ལྷོ་ཕྱོགས་ཀྱི་མཛད་འཆར་ཁག་གིས་ཟླ་གཅིག་སྔ་ནུར་གནང་སྟེ། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢ ནས་རྡོ་རྗེ་གདན་གྱི་མཛད་འཕྲིན་ཁག་དབུ་འཛུགས་མཛད་རྒྱུ་ཐུགས་གཏན་འཁེལ་འདུག

དགའ་ལྡན་ཕོ་བྲང་གི་དྲ་བའི་ཐོག་བཀོད་པའི་ཕྱི་ཟླ་ ༡༢ པའི་མཛད་འཆར་ལྟར་ན།  འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༧ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟིའི་བྱེས་པ་གྲྭ་ཚང་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་མཛད་སྒོའི་ཐོག་དབུ་བཞུགས་མཛད་རྒྱུ་དང་། ཕྱི་ཚེས་ ༡༡ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་ལྷོ་ནུབ་གྷོ་བ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་གྷོ་བ་གཙུག་ལག་སློབ་གྲྭ་ཆེན་མོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཁུལ་དེར་དེང་རབས་ཀྱི་དུས་ཚོད་འདིར་དཔལ་ནཱ་ལེནྡཱའི་རིག་གནས་ཀྱི་འབྲེལ་བ་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་བསྩལ་རྒྱུ་དང་། ཕྱི་ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོར་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་དང་། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་ཚུགས་ནས་ལོ་དྲུག་འཁོར་བའི་མཛད་སྒོར་དབུ་བཞུགས་ཀྱིས་བཀའ་སློབ་བསྩལ་རྒྱུ་ཡིན་འདུག

དེ་བཞིན་ཕྱི་ཚེས་ ༡༦  དང་༡༧ ཉིན་ ༢ རིང་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་དུ། ཚེ་དབང་གི་ཆོས་འབྲེལ་དང་དབུ་མ་བཞི་བརྒྱ་བའི་བགྲོ་གླེང་ལ་དབུ་བཞུགས་མཛད་རྒྱུ། དེ་བཞིན། ཕྱི་ཚེས་ ༢༠ དང་ ༢༡ ཉིན་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བླ་སྤྱི་རུ་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱས་ནས་ལོ་ངོ་ ༦༠༠ འཁོར་བའི་༸རྗེ་ཙོང་ཁ་པའི་རྗེས་དྲན་གྱི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཆེན་མོ་དང་། ༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་༸སྐུ་ཞི་བར་གཤེགས་ནས་མི་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོར་ཆིབས་བསྒྱུར་བཀའ་དྲིན་བསྐྱང་གནང་མཛད་རྒྱུ་ཡིན་པ་མ་ཟད། ཕྱི་ཚེས་ ༢༢ ཉིན་དགའ་ལྡན་དགོན་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་འབྲས་སྤུངས། དགའ་ལྡན་དགོན་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་སོགས་ཀྱི་མཛད་འཆར་ཐུགས་གཏན་འཁེལ་གནང་འདུག

འཆར་ལོའི་མཛད་འཆར་ནང་ཕྱི་ལོ་ ༢༠༢༠ ་ཟླ་ ༡ ཚེས་ ༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་བསྩལ་རྒྱུ་དང་། ཕྱི་ཚེས་ ༣ ཉིན་དད་ལྡན་མང་ཚོགས་ཡོངས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་རྒྱུ། དེ་བཞིན། ཕྱི་ཚེས་ ༤ ནས་ ༦ བར་གྱི་ཉིན་གྲངས་གསུམ་རིང་ཕྱི་ལོ་ ༢༠༡༨ ལོར་རྡོ་རྗེ་གདན་དུ་བསྩལ་བའི་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་རྒྱུ་བཅས་ཐུགས་གཏན་ཁེལ་ཡོད་འདུག

གཞན་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༤ ནས་ ༥ བར་གྱི་ཉིན་གྲངས་གཉིས་རིང་བྷེ་ཧར་མངའ་སྡེའི་རཱ་ཇི་གྷར་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ། རཱ་ཇི་གྷར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ནས་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར། རྒྱལ་སྤྱིའི་ནང་པའི་ཚོགས་འདུར་དབུ་བཞུགས་བཀའ་དྲིན་བསྐྱང་གཏན་འཁེལ་ཡོད་པ་དང་། ཕྱི་ཟླ་ ༣ ཚེས་ ༩ བོད་ལུགས་ལོ་གསར་གྱི་ཚེས་པ་ ༡༥ སྟེ་ཆོ་འཕྲུལ་དུས་ཆེན་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་སོ་བཞི་བའི་བཀའ་ཆོས་བཀའ་དྲིན་བསྩལ་གནང་མཛད་རྒྱུ་བཅས་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༢/༠༢

Leave a Reply