ནང་སོག་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་པ་ཞིག་ལ་ནག་ཉེས་གཡོགས།

རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་པ་ཞིག་གིས་ཏང་ལ་ལྷག་བསམ་རྣམ་དག་མིན་པས་དམར་ཤོག་ཚོགས་པ་ནས་ཕྱིར་འབུད་བཏང་ཡོད་འདུགཁ་སང་ཕྱི་ཚེས་ ༣ ཉིན། རྒྱ་ནག་གཞུང་འབྲེལ་མི་དམངས་དྲ་བ་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཟུར་པ་དང་། ནང་སོག་ཧོ་ཧའོ་ཐི(Hohhot)གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཡེན་ཀང་ཀྲོང་(Yun Guangzhong)གིས་ཏང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་འགན་མི་འཁུར་བ་དང་ལས་དོན་མི་སྒྲུབ་པ་མ་ཟད། ཏང་ལ་ལྷག་བསམ་རྣམ་དག་མི་བྱེད་པ་དང་། ཏང་གི་རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྐྱེན་བཟོ་བ་སོགས་ཀྱིས་ཁོང་གི་རྒྱ་ནག་དམར་ཤོག་ཚོགས་པ་ནས་ཕྱིར་འབུད་བཏང་ཡོད་སྐོར་བསྒྲགས་འདུག

གནད་དོན་དེའི་ཐད་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས། ཡེན་ཀང་ཀྲོང་གིས་ཉེས་པ་ཆེན་པོ་བསགས་ཡོད་སྟབས། ཏང་གི་སྐྱིད་སྡུག་ལས་ཕྱིར་འབུད་དང་ད་ལྟའི་ལས་གནས་ནས་གནས་དབྱུང་གཏོང་རྒྱུ། ཚོགས་ཆེན་བཅུ་དགུ་པའི་འཐུས་མི་དང་ནང་སོག་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་དགོས་པ་མ་ཟད། སྒྲིག་འགལ་ཁྲིམས་འགལ་ལས་ཐོབ་པའི་རྒྱུ་དངོས་ཆ་ཚང་རྩིས་ལེན་བྱ་རྒྱུ་དང་། ཁོ་པའི་ཉེས་གསོག་དོགས་གཞི་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲོད་བྱ་རྒྱུ་དང་གྱོད་འབྲེལ་རྒྱུ་ནོར་མཉམ་དུ་རྩིས་སྤྲོད་བྱ་རྒྱུའི་ཉེས་ཁྲིམས་བཅད་ཡོད་སྐོར་བརྗོད་འདུག

ཡང་རྒྱ་ནག་གཞུང་འབྲེལ་ཉིན་རེའི་ཚགས་པར་ཁང་གི་གནས་ཚུལ་ནང་། ཡེན་ཀང་ཀྲོང་རྒྱ་ནག་དམར་ཤོག་ཚོགས་པའི་གཏན་འབེབ་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ཏེ་སྒྲིག་འགལ་ངང་ལྐོག་རྔན་བླངས་པ་དང་རྒྱུ་ནོར་བསྡུ་ལེན་བྱས་པ་མ་ཟད། རྒྱུ་ནོར་དབང་ཆ་དང་ཆགས་སྲེད་བརྗེ་རེས་བྱས་པ་མ་ཟད། ས་གནས་དེ་གའི་ཆབ་སྲིད་ཀྱི་ཁོར་ཡུག་དང་ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་ཐད་གཏོར་བཤིག་ཚབས་ཆེན་བཏང་ཡོད་སྐོར་སོགས་བརྗོད་འདུག

ཡེན་ཀང་ཀྲོང་ལ་འདི་ལོའི་ཕྱི་ཟླ་ ༡ པོ་ནས་བཟུང་ཞིབ་བཤེར་བྱེད་མགོ་བཙུགས་ཡོད་པ་དང་། ཁོང་ནི་འདི་ལོའི་ལོ་མགོ་ཚུགས་པ་ནས་རྒྱ་ནག་གི་སྟག་དང་སྦྲང་མ་མཉམ་རྡུང་གི་ལས་འགུལ་ཁྲོད་ཚུད་པའི་སྟག་རྒན་གསུམ་པ་དེ་ཡིན་པ་དང་། ཁོང་ལ་འཛིན་བཟུང་ཞིབ་བཤེར་བྱེད་སྐབས་ཏང་གི་ཁ་ལ་མི་ཉན་པ་དང་ཞི་ཅིན་ཕིན་གྱི་དགོངས་དོན་ལ་བརྩི་བཀུར་མི་བྱེད་སྐོར་སོགས་བརྗོད་ཡོད་ན་ཡང་། ཁོང་ལ་གློ་བུར་ཞིབ་བཤེར་བྱས་པ་དེས་ནང་སོག་གི་མགོ་འཁྲིད་ཚོའི་ཁྲོད་བསམ་ཚུལ་མང་པོ་ཡོང་གི་ཡོད་པ་མ་ཟད། ཡེན་ཀང་ཀྲོང་ནི་མི་མང་ལ་ལྷག་བསམ་རྣམ་དག་དང་ལས་དོན་ཧུར་ཐག་བྱེད་མཁན་ཞིག་ཡིན་སྐོར་སོགས་བརྗོད་ཡོད་འདུག

ཡེན་ཀང་ཀྲོང་ནི་ཕྱི་ལོ་ ༡༩༦༠ ལོར་ནང་སོག་ཐུའུ་ཙོ་གྲོང་སྡེ་ནས་སྐྱེས་ཤིང་ས་སྐྱེས་རྡོ་སྐྱེས་ཀྱི་སོག་རིགས་ཤིག་ཡིན་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ཏང་གི་སློབ་གྲྭར་ཞུགས་ཏེ། ཕྱི་ལོ་ ༡༩༧༩ ལོར་དམར་ཤོག་ཚོགས་པའི་ནང་ཞུགས་ཡོད་འདུག ཕྱི་ལོ་ ༡༩༨༠ ལོ་ནས་ནང་སོག་རང་སྐྱོང་ལྗོངས་ཐུའུ་ཙོ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཁྲིད་གཞོན་པའི་འགན་ཁུར་ཏེ། རིམ་པར་ནང་སོག་རང་སྐྱོང་ལྗོངས་ནང་ལས་གཉེར་གྱིས་ནང་སོག་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་དང་ཏང་གི་ཚོགས་ཆེན་ཁག་གི་རྒྱུན་ལས་བཅས་བྱས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༡༢/༠༣

Leave a Reply