ཨ་རིའི་གྲོས་ཚོགས་འོག་མའི་ནང་ཤིན་ཅང་གི་སྐོར་ལ་ཁྲིམས་འཆར་བཏོན།

ཨ་རིའི་གྲོས་ཚོགས་འོག་མའི་ནང་ཕྱི་ལོ་ ༢༠༡༩ ལོའི་ཡུ་གུར་ཁྲིམས་འཆར་ཞེས་པའི་གྲོས་འཆར་ཞིག་བཏོན་ཏེ་ཨ་རིས་པེ་ཅིན་ལ་བལྟས་ནས་བསྡད་ཡོད་ལ་ཁུ་སིམ་མེར་འདུག་གི་མིན་ཞེས་གསུངས་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་མར་ཁོ་རོ་བྷེའོ་(Marco Rubio)ལགས་ཀྱིས།  རྒྱ་ནག་གཞུང་ནས་ཤིན་ཅང་ཁུལ་གྱི་ཁ་ཆེ་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་ངོས་འཛིན་འོག ཕྱི་ལོ་ ༢༠༡༩ ལོའི་ཡུ་གུར་ཁྲིམས་འཆར་(UIGHUR Act)ཞེས་པའི་གྲོས་འཆར་ཞིག་བཏོན་ཡོད་པ་དང་། གྲོས་འཆར་དེ་ལ་གྲོས་ཚོགས་འཐུས་མི་ཁྱོན་  ༤༠༧ ནས་གཅིག་མ་གཏོགས་གཞན་ཚང་མས་རྒྱབ་སྐྱོར་ཐོབ་ཡོད་འདུག

ཁྲིམས་འཆར་དེའི་ནང་དུ། ཡུ་གུར་མི་མང་སྟོང་ཕྲག་མང་པོ་བཀག་སྐྱིལ་ཁང་དུ་བཙོན་འཇུག་ཉེས་ཆད་གཏོང་མཁན་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ཚོ་དང་། དམིགས་བཀར་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་ཟེར་བའི་དམར་ཤོག་དྲུང་ཆེ་ཁྲིན་ཆོན་གོ་(Chen Quanguo)སོགས་ལ་ཁྲིམས་ཀྱི་ཉེས་ཆད་འགེལ་རྩིས་ཡོད་པ་མ་ཟད། ཨ་རི་ནས་ནང་འདྲེན་བྱས་པའི་ངོ་གདོང་ངོས་འཛིན་ཐུབ་པའི་ལྟ་ཞིབ་འཕྲུལ་རིགས་སོགས་རྒྱ་ནག་གཞུང་གིས་མི་སྒེར་གྱི་གནས་ཚུལ་དང་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་། དེ་བཞིན་གཞི་རྩའི་འགྲོ་བ་མིའི་ཐོབ་ཐོང་རྡོག་རོལ་གཏོང་ཐབས་སུ་བེད་སྤྱོད་གཏོང་གི་ཡོད་པ་རྣམས་ཚོང་འདྲེན་མཚམས་འཇོག་བྱ་རྒྱུ་ཡིན་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་འཆར་དེའི་ཐད་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ཧྭ་ཁྲིན་ཡེན་(Hua Chunying)ཟེར་བ་དེས། ཁྲིམས་འཆར་དེས་རྐང་བཙུགས་ནས་ཤིན་ཅང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་གཏོང་བཞིན་ཡོད་པ་མ་ཟད། པེ་ཅིན་གྱིས་ཁུལ་དེའི་འཇིགས་སྐུལ་བ་དང་ཐལ་སྤྱོད་རིང་ལུགས་ཅན་ལ་ཁ་གཏད་གཅོག་པའི་དམིགས་འབེན་འཛིན་གྱི་ཡོད། ཅེས་བརྗོད་འདུག

ཡང་ཧྭ་ཁྲིན་ཡེན་གྱིས། ཤིན་ཅང་གི་གནད་དོན་ནི་འགྲོ་བ་མིའི་ཐོབ་ཐང་དང་གྲངས་ཉུང་མི་རིགས་སམ་ཡང་ན་ཆོས་ལུགས་ཀྱི་གནད་དོན་ཞིག་མ་ཡིན་པར། གནད་དོན་གྱི་རྩ་བ་དེ་འཇིགས་སྐུལ་རིང་ལུགས་པ་དང་ཁ་བྲལ་རིང་ལུགས་ཚར་གཅོད་བྱ་རྒྱུ་དེ་ཡིན། ཤིན་ཅང་གི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་བདེ་དོན་ཞིག་ཡིན་པས། ཕྱི་གླིང་བའི་ཐེ་གཏོགས་བྱེད་པའི་ཐོབ་ཐང་མེད་ལ། ང་ཚོས་ཨ་རིར་ཉེན་བརྡ་གཏོང་གི་ཡོད། ཅེས་བརྗོད་ཡོད་འདུག

ཁྲིམས་འཆར་དེའི་སྐོར་ལ་ཨ་རིའི་གྲོས་ཚོགས་འོག་མའི་དབུ་འཁྲིད་ལྕམ་ནན་སེ་པི་ལོ་སི་མཆོག་གིས། ང་ཚོས་ཨ་རིའི་གྲོས་ཚོགས་བརྒྱུད་པེ་ཅིན་གཞུང་ལ་བརྡ་ལན་ཞིག་བསྐུར་གྱི་ཡོད་ལ། ཨ་རིས་པེ་ཅིན་ལ་བལྟས་ནས་བསྡད་ཡོད་པ་མ་ཟད། ཨ་རི་ཁུ་སིམ་མེར་འདུག་གི་མིན། ཞེས་གསུངས་འདུག

གྲོས་ཚོགས་འོག་མའི་ཁྲིམས་འཆར་དེར་ཨ་རིའི་གྲོས་ཚོགས་གོང་མས་ངོས་ལེན་གནང་རྗེས། སྲིད་འཛིན་ཊོམ་ཕུ་མཆོག་ནས་རྒྱབ་སྐྱོར་མཚན་རྟགས་བསྐྱོན་དགོས་ཀྱི་ཡོད་སྟབས། ཁྲིམས་འཆར་དེ་གཏན་འབེབས་ཡོང་བར་མང་ན་ཟླ་བཞི་ཙམ་འགོར་གྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༢/༠༤

Leave a Reply