ཧྥ་རན་སིའི་སྐྱབས་བཅོལ་བར་གནས་སྐབས་སྡོད་གནས་སྤྲོད་ཀྱི་ཡོད་འདུག

ཧྥ་རན་སིའི་ཨ་ཤེར་ (Achères) ས་གནས་ཉེན་རྟོག་པས་ཡུལ་དེའི་རྒྱལ་སའི་ཉེ་འགྲམ་གྱི་བོད་མི་སྐྱབས་བཅོལ་བའི་སྡོད་གུར་ནང་འདུག་མཁན་མི་གྲངས་ ༦༠༠ ཙམ་ལ་གནས་སྐབས་ཀྱི་སྡོད་གནས་གོ་སྒྲིག་གནང་གི་ཡོད་འདུགལོ་རེའི་དགུན་དུས་སུ་ཧྥ་རན་སིའི་ནང་གནམ་གཤིས་ཧ་ཅང་གྲང་མོ་ཡིན་སྟབས། ལོ་ལྟར་ས་གནས་སྲིད་གཞུང་དང་སྐྱབས་བཅོལ་བའི་རོགས་ཚོགས་ཁག་གི་རོགས་སྐྱོར་འོག སྡོད་གུར་ནང་ཡོད་པའི་སྐྱབས་བཅོལ་བ་ཚོར་གནས་སྐབས་ཀྱི་སྡོད་གནས་གོ་སྒྲིག་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༣ ཉིན་ཨིབ་ལིན་ (Yvelines) ཞིང་ཆེན་གྱི་གཞུང་འབྲེལ་སྤྱི་ཚོགས་དྲ་ལམ་ཊུ་ཝེ་ཊར་ནང་། དེ་རིང་སྔ་དྲོར་ཨ་ཤེར་ (Achères) ས་གནས་སུ་སྡོད་གུར་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་གྲངས་ ༦༠༠ ལ་གནས་སྐབས་སྡོད་གནས་སྤྲོད་པའི་ལས་མགོ་བཙུགས་ཡོད་པ་དང་། ཚོགས་སྡེ་ཁག་དང་དྭང་བླངས་བས་གཞུང་ལས་མི་སྣར་རྒྱབ་སྐྱོར་བྱས་ཏེ་བྱ་འགུལ་དེ་སྤེལ་བ་ཞིག་ཡིན་སྐོར་བཀོད་འདུག

ཡང་ཞིང་ཆེན་སྲིད་གཞུང་གིས་སྤེལ་བའི་གནས་ཚུལ་ནང་། འདས་པའི་ལོ་ཤས་ནས་བཟུང་བོད་མི་སྐྱབས་བཅོལ་བ་ཨིབ་ལིན་ནང་འབྱོར་གྲངས་མང་ནས་མང་དུ་འགྲོ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ཙམ་ནས་སྐྱབས་བཅོལ་བ་གྲངས་ ༨༠༠ མ་ཟིན་ཙམ་ལ་སྡོད་གནས་སྤྲད་ཡོད་ནའང་། ཨིབ་ལིན་ནང་སྡོད་ཁང་གི་མཐུན་རྐྱེན་ཕྲན་བུ་ཡོད་པ་དེས། མི་གྲངས་དེ་འདྲའི་མང་པོ་ཞིག་ལ་སྡོད་གནས་འོས་འཚམ་ཞིག་སྤྲོད་ཐུབ་ཐབས་མེད་པ་རེད།  ཅེས་དང་། ས་གནས་གཞན་གས་སྤོས་རྗེས་རོགས་ཚོགས་ཁག་ནས་སྡོད་གནས་དང་སྐྱབས་བཅོལ་ཞུ་ཕྱོགས་ཐད་རོགས་རམ་བྱེད་ཀྱི་ཡོད་སྐོར་སོགས་བཀོད་འདུགཡང་གནས་སྤོར་སྐབས་ཡུལ་དེའི་གྲོང་སྡེའི་སྤྱི་ཁྱབ་མག་ཧོ་ནོར་ (Marc Honore) ལགས་ཀྱིས། འཕྲོད་བསྟེན་དང་བདེ་འཇགས་ཀྱི་ཐད་ནས་ཁོང་ཚོ་གནས་སྟངས་འདི་འདྲ་ཞིག་གི་འོག་འཚོ་གནས་བྱེད་དུ་འཇུག་པ་ནི་འགྲིག་པ་ཞིག་མིན་པ་དང་། སྐྱབས་བཅོལ་བའི་གྲངས་འབོར་ལོ་རེ་བཞིན་འཕར་གྱི་ཡོད་པ་དང་། འདིར་ཡོང་མཚམས་གང་མགྱོགས་ཤེས་རྟོགས་དཀའ་ཚུལ་བརྗོད་འདུག

ཡུལ་དངོས་སུ་ཡོད་པའི་ཧྥ་རན་སའི་ (AFP) གསར་ཁང་གི་གསར་འགོད་པ་ཞིག་གིས།  ཁྱིམ་ཚང་ཕྲུ་གུ་ཡོད་མཁན་ཚོ་མ་གཏོགས་གཞན་ཚང་མ་སྤྱི་སྤྱོད་རླངས་འཁོར་འདྲ་མིན་ནང་ནང་སྡོད་དུ་བཅུག་ཏེ་སྡོད་གུར་རྣམས་གཙང་བཟོ་བྱས་ཡོད་སྐོར་བརྗོད་འདུགཡུལ་དེའི་གསར་ཁང་ (FRANCE BLEU) ཟེར་བའི་གནས་ཚུལ་ནང་། བཙན་བྱོལ་བ་དེ་དག་གནས་སྤོ་བ་དང་སྐྱབས་བཅོལ་བའི་སྣེ་ལེན་ཁང་ཁག་དང་། སྤྱི་དམངས་ཀྱི་ཐོག་ཁང་སྟེ་ལུས་སྦྱོང་ཁང་དང་སློབ་གྲྭ་ཁག་སོགས་སུ་གནས་སྐབས་རིང་བསྡད་དེ་རིམ་པར་སྡོད་གནས་སོགས་སྤྲོད་འཆར་ཡོད་སྐོར་བཀོད་འདུག

ས་གནས་ཀྱི་བོད་མི་རྒྱུས་ཡོད་ཅིག་གིས་འདི་གའི་གསར་འགོད་པར། ས་གནས་དེའི་རོགས་ཚོགས་ཤིག་གིས་བོད་མི་བཙན་བྱོལ་བ་ཡིན་ཟེར་མཁན་རྣམས་ལ་ཟ་མ་དང་འཁྲུས་བྱེད་པའི་མཐུན་རྐྱེན་དང་། སྐྱབས་བཅོལ་ཞུ་ཕྱོགས་ཐད་ལ་རོགས་རམ་བྱེད་ཀྱི་ཡོད་པ་དང་། ས་གནས་དེའི་ནགས་གསེང་དུ་གུར་ནང་སྡོད་མཁན་བོད་མི་གཅིག་པུ་མིན་པར་བལ་བོ་དང་འབྲུག་པ་སོགས་ཡོད་པས། གནས་ཚུལ་ནང་བོད་མི་གྲངས་ ༦༠༠ བཀོད་པ་དེའང་ཆ་ཚང་བོད་མི་མིན་སྐོར་དང་། དེ་བཞིན་བོད་མི་ཚོ་ས་ཐག་རིང་པོར་སྡོད་གནས་སྤྲད་ཚེ་ལེན་རྒྱུར་འདོད་མོས་བྱེད་ཀྱི་མེད་སྐོར་འགྲེལ་བརྗོད་གནང་བྱུང་།ད་ལྟའི་ཆར་ཧྥ་རན་སིའི་ནང་དེབ་ལྗང་ཁུ་ཐོ་འགོད་ཡོད་མཁན་གཞིར་བཟུང་བོད་མི་གྲངས་ ༥༠༠༠ ཡས་མས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། ཧྥ་རན་སིའི་བོད་སྐད་ཡིག་དང་རྩོམ་རིག་གི་དགེ་རྒན་ཆེན་མོ་ཆོས་ཉིད་དབང་མོ་ (Francoise Robin) ལགས་ཀྱིས་ཚོད་རྩིས་གནང་བ་ལྟར་ན། ད་ལྟ་ཧྥ་རན་སིའི་ནང་བོད་མི་ ༨༠༠༠ ཙམ་ཡོད་འདུག་ལ། ཡུལ་དེའི་བོད་མི་བཙན་བྱོལ་བ་ཕལ་ཆེ་བ་རྒྱལ་ས་པེ་རི་སིའི་ཉེ་འཁོར་དུ་གནས་སྡོད་བྱེད་ཀྱི་ཡོད་པ་དང་། དེ་བཞིན་སི་ཊ་སི་བྷག་སོགས་སུའང་གནས་སྡོད་བྱེད་མཁན་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༢/༠༤

Leave a Reply

One thought on “ཧྥ་རན་སིའི་སྐྱབས་བཅོལ་བར་གནས་སྐབས་སྡོད་གནས་སྤྲོད་ཀྱི་ཡོད་འདུག

  1. གཞུང་པ་ཚེ་དབང་བསོད་ནམས།

    བོད་མིའི་དཀའ་སྡུག་བོད་མིའི་འཐབ་རྩོད།
    བོད་མིའི་ལས་དབང་བོད་མིའི་འདོད་པ།
    བོད་མིའི་རེ་བ་བོད་མིའི་བསམ་བློ།
    བོད་མིའི་ཁ་ཕྱོགས་བོད་མིའི་མགོ་བདེ།