དེང་སང་ཁ་ནས་གུང་ཁྲན་ཏང་ཡོན་དང་སེམས་ནང་ཆོས་དད་ཡོད་བསྡད་མཁན་དེ་འདྲ་མང་པོ་འབྱུང་གི་ཡོད་པ་རེད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཐོག་འགྲིམ་མཁན་དགེ་འདུན་པ་ཚོར་ཁྱེད་རང་ཚོ་བོད་ནང་ལོག་པ་ཡིན་ན་ནང་ཆོས་དེ་ཆོས་སྡེ་རྐང་བའི་སྐད་ཆ་མ་ཡིན་པར་ཤེས་ཡོན་གྱི་སྡེ་ཚན་ནང་ངོ་སྤྲོད་བྱས་ནས་ཆོས་ལ་དད་པ་མེད་མཁན་ཚོར་སློབ་ཁྲིད་བྱ་རྒྱུ་ཡོད་པ་ཞིག་བཟོ་དགོས་སྐོར་གསུང་འདུག

དེ་རིང་ཕྱི་ཚེས་ ༤ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་འགྲིམ་པར་ཕེབས་པའི་དགེ་བཤེས་རྣམ་པར་གཟིམ་ཆུང་མཇལ་ཁ་དང་བཀའ་སློབ་བསྩལ་གནང་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྟགས་གསལ་གཏོང་སྐབས་ལུང་འདྲེན་ཁྱོན་ནས་མེད་པར་རིག་པས་བསྒྲུབ་ཡ་ཞིག་དགོས་པ་ལས། ལུང་དྲངས་ཏེ་ཞེས་གསུངས་བའི་ཕྱིར་ལབ་དུས་བཙན་དབང་ཏོག་ཙམ་ཡོད་པས། ལན་རྒྱག་མཁན་དེར་འགུལ་ས་མེད་པ་ཞིག་ཆགས་ཀྱི་ཡོད་སྐོར་བཀའ་སློབ་གནང་འདུག

ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་པ་ཚོར་འཚམས་འདྲི་མཛད་པ་བསྟུན་བཀའ་སློབ་སྩལ་དོན། ཁྱེད་རང་ཚོ་གྲྭ་ས་འགྲིམས་ནས་གཞུང་ཆེན་བཀའ་པོད་ལྔ་སྦྱང་། དེ་ནས་རྒྱུད་པ་གྲྭ་ཚང་ལ་ཞུགས། གསང་བ་འདུས་པ་གཙོ་བོར་གྱུར་བའི་གསང་སྔགས་ཀྱི་ཆོས་སྦྱངས་ཏེ། སོ་སོས་ཉམས་ལེན་ག་ཚོད་ཅིག་ཐུབ་ཡོད་མེད་ཙམ་མ་གཏོགས་མདོ་སྔགས་ཟུང་འབྲེལ་གྱི་ཆོས་ཚང་མར་རྒྱུས་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། དེར་བརྟེན། སོ་སོས་གང་ཤེས་པ་དེ་ཐོས་མཐོང་སྒྲུབ་ལ་ཞུགས་ནས། མཛོད་ལས། །སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ། ལུང་དང་རྟོགས་པའི་བདག་ཉིད་དོ། ། དེ་འཛིན་བྱེད་པ་སྨྲ་བྱེད་དང་། ། སྒྲུབ་པར་བྱེད་པ་ཁོ་ན་ཡིན། ཞེས་གསུངས་པ་ལྟར། ང་ཚོས་སློབ་སྦྱོང་ག་རེ་བྱས་པ་དེ་རྒྱུས་མངའ་ཡོད་པའི་ཐོག་ནས་ལག་ལེན་འཁྱེར་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད། ཇི་ཙམ་གྱིས་སོ་སོ་ཐོས་མཐོང་སྒྲུབ་ལ་ཞུགས་ནས་བསླབ་བཞག་པ་དེ་ཚོ་མྱོང་བར་སྦྱར་ནས་ཏོག་ཙམ་ཡོད་བསྡད་པ་ཡིན་ན། མི་ལ་བཤད་དུས་དེ་ཙམ་གྱི་ཕན་ཐོགས་ཆེ་བ་ཡོང་གི་རེད། ཤེས་སོང་ངམ། ཚིག་སྐམ་པོ་རྐྱང་རྐྱང་སྐོར་བ་བརྒྱབ་ནས་བསྡད་པ་ཡིན་ན་ཕན་ཐོགས་ཞེ་དྲགས་ཡོད་པ་མ་རེད། སངས་རྒྱས་པའི་ཆོས་དེ་རིག་པ་དང་ལྡན་པ་ཞིག་ཡིན་པ་གསལ་བོ་ཞེ་དྲགས་རེད། ལྷག་པར་དུ་དཔལ་ན་ལེནྜའི་ཆོས་བརྒྱུད་རིག་པ་དང་ལྡན་པ་ཡིན་དུས། ཚན་རིག་དང་མཉམ་འགྲོ་ཐུབ་ཀྱི་ཡོད་པ་དང་ཆོས་ལུགས་གཞན་པ་འགྲོ་ཐུབ་ཀྱི་ཡོད་པ་མ་རེད། ཅེས་གསུངས་འདུག

ཡང་འཛམ་གླིང་གི་ཆོས་ལུགས་ཚང་མས་མི་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དང་། ལྟ་གྲུབ་ཐོག་ནས་སངས་རྒྱས་པའི་ཆོས་དེ་རིག་པའི་བརྡར་བཤའ་བཅད་ནས་འགྲོ་ཡི་ཡོད་སྐོར་ལ་ཁོང་ཉིད་ཀྱིས། འཛམ་བུ་གླིང་འདིའི་སྒང་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་པ་རེད། ངོས་ནས་ཆོས་ལུགས་ཚང་མར་གུས་པ་བྱེད་ཀྱི་ཡོད། ལོ་ངོ་སྟོང་ཕྲག་རིང་གི་ཆོས་ལུགས་མི་འདྲ་བ་དེ་ཚོས་མི་ལ་ཕན་ཐོགས་ཡོད་པ་རེད། འོན་ཀྱང་། སྐབས་རེར་ཆོས་ལུགས་རྒྱུ་མཚན་དུ་བྱས་ནས་གསོད་རེས་ཏོག་ཙམ་ཡོང་གི་ཡོད་པ་རེད། སྤྱིར་བཏང་ཡང་ལྗིད་འདྲ་བོ་བཀྱག་པ་ཡིན་ན། ཆོས་ལུགས་ཚང་མས་མི་ལ་བྱམས་བརྩེ་དགོས་ཀྱི་ཡོད་གསུང་གི་ཡོད། དེར་བརྟེན། ཆོས་ལུགས་ཀྱིས་མི་ལ་ཕན་ཐོགས་ཤུགས་ཆེན་པོ་བྱུང་ཡོད། ཡང་ལྟ་གྲུབ་ཀྱི་ཐོག་ནས་ཕྱིན་པ་ཡིན་ན། ཆོས་ལུགས་གཞན་ཚང་མ་དད་པའི་ཐོག་ནས་འགྲོ་ཡི་ཡོད། སངས་རྒྱས་པའི་ཆོས་ལུགས་སྤྱི་དང་། དེའི་ནང་ཚན་ནས་དཔལ་ན་ལེནྜའི་ཆོས་བརྒྱུད་དེ་དག་སེམས་ཁམས་རིག་པ་གཙོ་བོ་ཞིག་རེད་འདུག དེ་དག་མར་སྒྲུབ་ཡོང་དུས་རིག་པའི་ལམ་ནས་འགྲོ་ཡི་ཡོད་པ་རེད། དེར་བརྟེན། བོད་གངས་ཅན་གྱི་ལྗོངས་ནང་ཡོད་པའི་པཎ་གྲུབ་བཅུ་བདུན་གྱི་གཞུང་དེ་ཚོ་དངོས་གནས་དྲང་གནས་བློ་གྲོས་མིག་འབྱེད་རང་རེད་འདུག ཅེས་གསུངས་འདུག

ཁོང་ཉིད་ཀྱིས་མུ་མཐུད་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཡོད་པ་དེའི་ནང་བརྗོད་བྱའི་ཐོག་ནས་དབྱེ་བ་ཕྱེས་ན། ཚན་རིག་གི་སྡེ་ཚན་དང་། ལྟ་གྲུབ་ཀྱི་སྡེ་ཚན། ཆོས་ཀྱི་སྡེ་ཚན་བཅས་ལས་ཆོས་ཀྱི་སྡེ་ཚན་དེ་ནང་པ་ལ་མ་གཏོགས་འབྲེལ་བ་མེད་པ་རེད། སེམས་ཁམས་རིག་པ་གཙོ་བོར་བྱས་པའི་ཚན་རིག་གི་སྡེ་ཚན་དང་རྟེན་བྱུང་ཚུད་པའི་ལྟ་གྲུབ་ཀྱི་སྡེ་ཚན་དེར་ཚན་རིག་པ་རྣམས་ཀྱི་དགའ་པོ་ཞེ་དྲགས་བྱེད་ཀྱི་འདུག ངོས་ཀྱིས་བཀའ་འགྱུར་བསྟན་འགྱུར་གྱི་བརྗོད་བྱ་དེ་ཆོས་ཕྱོགས་འབྲེལ་བའི་རིགས་གཅིག དེ་ནས་གཞུང་དེ་ནང་པའི་གཞུང་བཞག་གི་ཡོད་ན་ཡང་བརྗོད་བྱ་དེ་ཤེས་ཡོན་གྱི་སྡེ་ཚན་ནང་བཞག་ནས་སློབ་ཁྲིད་བྱེད་ཐུབ་པ་ཞིག་བཅས་སྡེ་གཉིས་ལ་འབྱེད་ཀྱི་ཡོད། དཔེར་ན་གུང་ཁྲན་ཏང་གི་ཏང་མི་ཆོས་ལ་ངོ་རྒོལ་བྱེད་མཁན་དེ་ཚོས་གྲས་ཀྱིས། དངོས་གནས་སེམས་ཁམས་རིག་པ་དེ་འདྲ་བཤད་པ་ཡིན་ན་དགག་པ་རྒྱག་རྒྱུ་གང་ཡང་ཡོད་པ་མ་རེད། དེ་ནས་ཆོད་དད་ཡོད་པ་ཡིན་ན་ཡང་ཆོས་ལུགས་འདྲ་མིན་ཡོད་པ་དེ་ཚོས་སེམས་ཁམས་རིག་པའི་གྲལ་དེ་ཚང་མར་ཕན་ཐོགས་ཡོད་པ་ཞིག་རེད། དེར་བརྟེན་ང་ཚོས་བཀའ་འགྱུར་བསྟན་འགྱུར་སྡེ་ཚན་གསུམ་དུ་ཕྱེས་ནས། སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་ཚན་རིག་གི་སྡེ་ཚན་དེ་ཕྱོགས་བསྒྲིགས་བྱས་ཏེ་ཚན་རིག་ཀུན་བཏུས་ཞེས་དེབ་ཅིག་བཏོན་ཚར་ཡོད། ད་ལྟ་གྲུབ་ཀུན་བཏུས་ཟེར་བ་ཞིག་མགྱོགས་པོ་འཐོན་ཡོང་གི་ཡོད། ཅེས་གསུངས་སོང་།

གཞན་ནང་པའི་གཞུང་ཆེན་ཁག་ཆོས་ཀྱི་སྡེ་ཚན་གཅིག་པུ་ཙམ་མ་ཡིན་པར་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་སློབ་གཉེར་བྱེད་ཐུབ་པ་ཡིན་མི་མང་པོ་ཞིག་ལ་ཕན་ཐོགས་ཡོད་པའི་སྐོར་ལ་ཁོང་ཉིད་ཀྱིས། ང་རང་ཚོས་ཆོས་ཀྱི་སྡེ་ཚན་རྐྱང་རྐྱང་ནང་མ་བཞག་པར། མི་མང་པོ་ཞིག་ལ་ཕན་ཐོགས་ཡོང་ཆེད་སེམས་ཁམས་རིག་པ་དང་། སེམས་ཁམས་རིག་པ་དང་འབྲེལ་ནས་སྤྱོད་འཇུག་དེ་ཚོའི་ནང་གསུངས་པའི་རང་གཅེས་འཛིན་དང་། དབུ་མའི་གཞུང་ནས་བདེན་འཛིན་གྱིས་ཉོན་མོངས་ཀྱི་རྩ་བ་བྱེད་ཀྱི་ཡོད་པ། སེམས་མ་སྐྱིད་པ་དེ་ཉོན་མོངས་ཀྱིས་བྱེད་ཀྱི་ཡོད་པ་དེ་ཚོའི་གྲལ་དེ་དམིགས་བསལ་ཆོས་དང་མ་སྦྲེལ་ནས། སེམས་ཁམས་རིག་པ་གཙོ་བོར་བྱས་ནས་སེམས་ལ་ཞི་བདེ་ཡོང་རྒྱུ། སེདང་མས་ཀྱི་ཞི་བདེ་དཀྲུག་མཁན་དེ་ཆགས་སྡང་དེ་ཚོ་ཡིན་སྟབས། དེའི་གཉེན་པོ་ང་རང་ཚོའི་གཞུང་ནང་མ་གཏོགས་གཞན་ཡེ་ཤུའི་ཆོས་ནང་ཡོད་པ་མ་རེད། དེ་བཞིན་ཁ་ཆེ་ཆོས་དང་ཆོས་ལུགས་མང་པོ་ཞིག་ནང་ཁྱོན་ནས་ཡོད་པ་མ་རེད། དཀོན་མཆོག་ལ་གསོལ་བ་འདེབས་རྒྱུ་མ་གཏོགས་གང་ཡང་མི་འདུག་གཱ། ད་ང་ཚོའི་ནང་པའི་གཞུང་སྤྱི་དང་ལྷག་པར་ན་ལེནྜའི་སེམས་ཁམས་རིག་པ་དང་འབྲེལ་ནས་གསུངས་བཞག་པ་དེ་ཚོ་དངོས་གནས་དྲང་གནས་ཧ་ལས་པ་རེད་བཞག དེ་དག་ང་ཚོས་ཆོས་ཀྱི་སྡེ་ཚན་ནང་བཞག་པ་ཡིན་ན་ནང་པ་ཚོ་ལ་མ་གཏོགས་འབྲེལ་བ་མེད་བསྡད་པ་བཟོ་ལྟ་བུ་འདུག ཁོ་ཚོར་སྡེ་ཚན་ཞིག་ཟུར་དུ་ཕྱེས་ནས་ཤེས་ཡོན་གྱི་སྡེ་ཚན་ནང་བཞག་ནས་སློབ་འཁྲིད་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཅེས་གསུངས་འདུག

ཡང་དགེན་འདུན་པ་ཚོའི་ཁྲོད་བོད་ནང་ལོག་མཁན་མེད་ཡོད་དང་འབྲེལ་བོད་ནང་ཆོས་སྡེ་ཙམ་མ་ཡིན་པར་ནང་ཆོས་དེ་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་སློབ་ཀྲིད་དང་ལམ་སྟོན་དགོས་པའི་སྐོར་ལ་ཁོང་ཉིད་ཀྱིས།  རྒྱུད་སྟོད་ཆོས་ཚོགས་སྐོར་ཚར་རྗེས་ཁྱེད་རང་ཚོའི་ནང་བོད་ལ་ལོག་རྒྱུའི་རེ་བ་རྒྱག་མཁན་དེ་འདྲ་གང་འཚམ་ཡོད་དམ། ད་རྒྱ་མིས་ལག་འཁྱེར་སྤྲད་ཀྱི་ཡོད་ན་མེད་ན། གང་ལྟར་བོད་ནང་ཆ་བཞག་ན་ཡང་ང་རང་ཚོས་ཆོས་སྡེ་རྐྱང་རྐྱང་སྐད་ཆ་མ་ཡིན་པར། ཤེས་ཡོན་གྱི་སྡེ་ཚན་ནང་ངོ་སྤྲོད་བྱས་ནས་ཆོས་ལ་དད་པ་མེད་མཁན་ཤེས་ཡོན་རྐྱང་རྐྱང་ལ་འདུ་ཤེས་འཇོག་མཁན་དེ་ཚོར་ཡང་སློབ་ཁྲིད་བྱ་རྒྱུ་ཡོད་པ་ཞིག་བཟོ་དགོས་ཀྱི་འདུག དེ་ལྟར་བྱས་ན་ཁྱབ་ཆེན་པོ་ཡོང་གི་རེད། གང་ལྟར་འཛམ་གླིང་ནང་ཆོས་དད་མེད་མཁན་གྱི་མི་ཕལ་ཆེར་དུང་ཕྱུར་བཅུ་ཙམ་བཤད་ཀྱི་འདུག ད་ཁ་ཞེ་གཉིས་མེད་ཀྱི་གུང་ཁྲན་དེ་ཚོས་ཆོས་དད་ཡོད་མ་རེད་དེ། དེང་སང་ཁ་ནས་གུང་ཁྲན་ཏང་ཡོན་སེམས་ནང་ཆོས་དད་ཡོད་བསྡད་མཁན་དེ་འདྲ་མང་པོ་འབྱུང་གི་ཡོད་པ་རེད། དེར་བརྟེན། དཔེར་ན་ཆོས་ལ་དད་པ་མེད་མཁན་གུང་ཁྲན་ཏང་ཡོན་ཞིག་ལ་སེམས་ཁམས་རིག་པ་དང་། དེ་ནས་སུ་ཡིན་ན་ཡང་བྱམས་བརྩེ་ལ་དགའ་པོ་བྱེད་ཀྱི་རེད། ཁོང་ཁྲོ་ལ་གུང་ཁྲན་ཏང་ཡོན་ཡིན་ན་ཡང་དགའ་པོ་བྱེད་ཀྱི་མ་རེད། དེར་བརྟེན་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་སྐོར་ནས་སྐད་ཆ་བཤད་ཡོང་དུས་ང་ཚོས་ལབ་བཞག་པ་དེ་དག་ཡག་ཤོས་ཆགས་བསྡད་ཡོད། དེ་དག་བཤད་དུས་ཆོས་བཤད་ཀྱི་ཡོད་པ་ལྟ་བུ་མིན་པར། སྤྱིར་བཏང་གི་ཤེས་ཡོན་གྱི་སྡེ་ཚན་ནང་བཞག་ནས་དེ་ལྟར་བཤད་ཐུབ་པ་བྱུང་ན་ཡག་པོ་ཡོང་གི་རེད། ཅེས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༢/༠༤

Leave a Reply