པེ་ཅིན་ལ་འབྲེལ་ལམ་བཅད་དེ་ཐའེ་པེ་ལ་སྤུན་བསྒྲིག་རྒྱུ་ཡིན།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕ་རཱ་གྷོ་གྲོང་ཁྱེར་སྲིད་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ངོས་ལེན་དགོས་པའི་གནོན་ཤུགས་ལ་ཁ་གཏད་བཅག་སྟེ་འབྲེལ་ལམ་བཅད་ཡོད་འདུགཁ་སང་ཕྱི་ཚེས་ ༤ ཉིན། ཧོང་ཀོང་རང་དབང་ཚགས་པར་གྱིས་བཏོན་པའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕ་རཱ་གྷོའི་(Prague)གྲོང་ཁྱེར་ནང་རོགས་སྐྱོར་ལས་གཞི་སྤེལ་ཞོར་དུ། རྒྱ་ནག་གཅིག་གི་སྲིད་བྱུས་ངོས་ལེན་དགོས་པ་དང་། ཕྱིའི་རྒྱལ་ཁབ་ཁག་གི་ཚོགས་འདུ་སོགས་ཀྱི་སྟེང་ཐའེ་ཝན་དང་བོད་གཉིས་མཉམ་ཞུགས་ལ་བཀག་འགོག་དགོས་པ་སོགས་ངོས་ལེན་དགོས་པའི་གནོན་ཤུགས་སྤྲད་པར་བརྟེན། ཡུལ་དེའི་གྲོང་ཁྱེར་སྲིད་གཞུང་ནས་པེ་ཅིན་དང་འབྲེལ་ལམ་བཅད་དེ་ཐའེ་ཝན་མཚོ་གླིང་ལ་མཉམ་འབྲེལ་གནང་རྒྱུ་ཡིན་པའི་ཡོངས་བསྒྲགས་སྤེལ་འདུག

ཕ་རཱ་གྷོ་གྲོང་ཁྱེར་་སྤྱི་ཁྱབ་བློན་ཆེན་ཧེ་རེབ(Zdenek Hrib)ལགས་ཀྱིས། ང་ཚོས་པེ་ཅིན་དང་འབྲེལ་ལམ་བཅད་ཡོད་པ་དང་། ཟླ་རྗེས་མའི་ནང་ཐའེ་ཝན་གྱི་ཐའེ་པེ་གྲོང་ཁྱེར་དང་སྤུན་མཆེད་བསྒྲིག་རྒྱུའི་ལས་འཆར་ལ་མིང་རྟགས་འགོད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ཅེས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་ཁང་(CTK)གིས་དེའི་སྐོར་གནས་ཚུལ་སྤེལ་བའི་ནང་། ད་ལྟའི་ཆར་ཕ་རཱ་གྷོ་གྲོང་ཁྱེར་གྱིས་ཐའེ་ཝན་མཉམ་དུ་དཔལ་འབྱོར་དང་ཚོང་ལས། ཚན་རྩལ་དང་རིག་གནས་བརྗེ་རེས་སོགས་ཀྱི་མཉམ་འབྲེལ་འཆར་ཟིན་ཡོངས་བསྒྲགས་བྱས་ཡོད་ན་ཡང་། གྲོང་ཁྱེར་འཐུས་མིའི་གྲོས་ཚོགས་ཀྱིས་ངོས་བཞེས་ཐག་གཅོད་གཞི་ནས་ལེན་དགོས་ཀྱི་ཡོད་སྐོར་བཀོད་འདུག

ཡང་ཐའེ་ཝན་གཞུང་འབྲེལ་གསར་ཁང་གིས་དེའི་སྐོར་གནས་ཚུལ་སྤེལ་བའི་ནང་། གྲོང་ཁྱེར་སྤྱི་ཁྱབ་པ་ཧེ་རེབ་ལགས་ནས་ཐའེ་པེ་དང་མཉམ་འབྲེལ་གྱིས་མ་འོངས་པར་ཐའེ་ཝན་མཚོ་གླིང་དང་ཕ་རཱ་གྷོ་བར་སློབ་གཉེར་བ་གཏོང་རེས་ཀྱིས་རིག་གནས་དང་ལག་རྩལ་བརྗེ་རེས་བྱ་འདོད་ཡོད་པ་མ་ཟད། ཐའེ་ཝན་མཚོ་གླིང་དུ་མང་པོ་ཡོད་པའི་རྒང་ལྟ་བུའི་སྲོག་ཆགས་པེང་གོ་ལིན(pangolin)ཞེས་པ་ཞིག་ཕ་རཱ་གྷོ་སྲོག་ཆགས་གླིང་ཀའི་ནང་མཉམ་འབྲེལ་མཚོན་རྟགས་ཀྱི་ཚུལ་དུ་སྤྲོད་འཆར་ཡོད་སྐོར་བརྗོད་ཡོད་ན་ཡང་། གསར་ལམ་གཞན་ཁག་ཏུ་ཐེངས་འདིར་གྲོང་ཁྱེར་གཉིས་ཀྱི་མཉམ་འབྲེལ་ཡིག་ཆའི་ནང་འབྲེལ་ལམ་དེ་དག་ཆབ་སྲིད་དང་འབྲེལ་བ་མེད་སྐོར་ཡོངས་བསྒྲགས་བྱས་ཡོད་སྐོར་བརྗོད་འདུགགྷ་ཌིན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༧ པ་ཙམ་ནས་ཕ་རཱ་གྷོ་གྲོང་ཁྱེར་དང་པེ་ཅིན་གྱི་འབྲེལ་ལམ་ཐད་མི་མཐུན་པ་བྱུང་ཡོད་པ་དང་། གནད་དོན་དེ་ནི་རྒྱ་ནག་གཞུང་གིས་ཅེག་སྤྱི་མཐུན་རྒྱལ་ཁྱབ་དང་དམིགས་བསལ་ཕ་རཱ་གྷོ་གྲོང་ཁྱེར་དང་པེ་ཅིན་གྲོང་ཁྱེར་བར་སྤུན་མཆེད་ཀྱི་མཛའ་འབྲེལ་བཙུགས་ཡོད་སྟབས། རྒྱ་ནག་གཞུང་གིས་གྲོང་ཁྱེར་དེའི་ནང་མ་རྩ་འཛུགས་འཇོག་དང་རྐང་རྩེད་སྤོ་ལོའི་ཐང་ཆེན་གསར་རྒྱག བརྙན་འཕྲིན་ལས་ཁང་གསར་རྒྱག་སོགས་ཀྱི་རོགས་སྐྱོར་ལས་གཞི་སྤེལ་ཞོར་རྒྱ་ནག་གཅིག་གི་སྲིད་བྱུས་ངོས་ལེན་དགོས་པ་དང་། ཕྱིའི་རྒྱལ་ཁབ་ཁག་གི་ཚོགས་འདུ་སོགས་ཀྱི་སྟེང་ཐའེ་ཝན་དང་བོད་གཉིས་མཉམ་ཞུགས་ལ་བཀག་འགོག་དགོས་པ་སོགས་ངོས་ལེན་དགོས་པའི་གནོན་ཤུགས་སྤྲད་པར་བརྟེན། ཡུལ་དེའི་གྲོང་ཁྱེར་སྤྱི་ཁྱབ་པས་པེ་ཅིན་དང་འབྲེལ་ལམ་གཅོད་རྒྱུའི་ཐག་གཅོད་གནང་བ་ཞིག་ཡིན་འདུག

ཕྱི་ཟླ་ ༡༠ པའི་ནང་ཕ་རཱ་གྷོ་གྲོང་ཁྱེར་སྤྱི་ཁྱབ་པས་པེ་ཅིན་གྲོང་ཁྱེར་བར་གྱི་སྤུན་མཆེད་མཛའ་འབྲེལ་ཡོངས་སུ་བཅད་ཡོད་འདུག སྐབས་དེར་གྲོང་ཁྱེར་སྤྱི་ཁྱབ་པས་པེ་ཅིན་གཞུང་དང་མཉམ་འབྲེལ་བྱེད་དགོས་པར་རྒྱ་ནག་གཅིག་གི་སྲིད་བྱུས་ངོས་ལེན་དགོས་པ་ཡོང་ཐབས་མེད་པ་ཞིག་ཡིན་པ་དང་། གྲོང་ཁྱེར་སྤུན་མཆེད་སྒྲིག་པར་རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བའི་བོད་དང་ཐའེ་ཝན་རྒྱ་ནག་གི་མངའ་ཁོངས་སུ་ངོས་ལེན་བྱེད་ཐབས་དེ་ནི་ཆབ་སྲིད་ཀྱི་བྱེད་ལས་ཤིག་དང་ཕྱོགས་གཅིག་ཁོ་ནའི་བསམ་བློ་གཏོང་ཕྱོགས་ཙམ་ཡིན་སྐོར་བརྗོད་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཁེ་ཕན་ཆེད་རྒྱ་ནག་གཅིག་གི་སྲིད་བྱུས་ངོས་ལེན་དགོས་པའི་གནོན་ཤུགས་སོགས་མཚམས་འཇོག་དང་། ཕྱི་ལོ་ ༢༠༡༦ ལོར་གྲོང་ཁྱེར་གཉིས་བར་བཞག་པའི་གྲོས་ཆོད་ནང་གི་རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བའི་ཚིག་བརྗོད་དེ་ཕྱིར་འཐེན་མ་བྱས་པ་ཡིན་ན། ལོ་དེར་བཞག་པའི་གྲོས་ཆོད་ཡོད་ཚད་རྩིས་མེད་གཏོང་རྒྱུ་ཡིན་ཉེན་བརྡ་སོགས་བཏང་ཡོད་པ་རེད།ཕ་རཱ་གྷོ་གྲོང་ཁྱེར་སྤྱི་ཁྱབ་བློན་ཆེན་ཧེ་རེབ་ལགས་ནི་སྔར་ལོའི་ཕྱི་ཟླ་ ༨ པའི་ནང་ཡུལ་དེའི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཡོད་པ་དང་། ཁོང་སྤྱི་ཁྱབ་དུ་བསྡད་པ་ནས་བོད་དོན་དང་ཐའེ་ཝན་སོགས་ལ་རྒྱབ་སྐྱོར་གནང་མགོ་བཙུགས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༣ ནང་ཕ་རལ་གྷོ་གྲོང་ཁྱེར་སྲིད་གཞུང་གི་ལས་ཁུངས་ཚང་མའི་སྟེང་བོད་ཀྱི་རྒྱལ་དར་བཙུགས་པ་དང་། ཕྱི་ཟླ་ ༧ ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཡུལ་དེའི་ནང་སྐོར་སྐྱོད་དུ་ཕེབས་སྐབས་གྲོང་ཁྱེར་ལས་ཁུངས་ནང་མཇལ་འཕྲད་གནང་ཡོད་པ་རེད། དེ་སྔོན་ཁོང་ཐའེ་ཝན་ནང་གཟིགས་སྐོར་དུ་ཕེབས་སྐབས། རྒྱ་ནག་གཞུང་གིས་ཁོ་ལ་གནོན་ཤུགས་སྤྲད་དེ་ཕྱིར་འཐེན་གནང་དགོས་སྐོར་བརྗོད་པར། ཁོང་གིས་གནས་ཚུལ་དེ་ངོས་ལེན་བྱ་ཐབས་མེད་པ་ཞིག་ཡིན་པ་དང་། ཅེག་གཞུང་གི་ཆབ་སྲིད་མི་སྣ་ཚོས་དེ་སྔོན་དེ་ལྟ་བུའི་རིགས་ལ་ངོས་ལེན་བྱས་མེད་ལ། མ་འོངས་པར་ཡང་གནས་ཚུལ་དེའི་རིགས་ལ་ངོས་ལེན་བྱ་ཐབས་མེད་པ་ཞིག་རེད། ཅེག་རྒྱལ་ཁབ་ཀྱི་ཆབ་སྲིད་པས་རྒྱ་ནག་གི་དགོས་འདུན་སྒྲུབ་དགོས་དོན་མེད་སྐོར་གསུངས་ཡོད་པ་རེད།

ཅེག་རྒྱལ་ཁབ་གྱི་སྲིད་འཛིན་མཱེ་ལོ་སི་ཛ་མཱན་ (Milos Zeman) ལགས་ཀྱིས་རྒྱ་ནག་དང་འབྲེལ་ལམ་འཛུགས་ཐབས་གནང་བཞིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༤ ནང་པེ་ཅིན་ཏུ་ཚོགས་པའི་རྒྱུད་གཅིག་ལམ་གཅིག་གི་ཚོགས་འདུའི་ཐོག ཁོང་གིས་ཨ་རིའི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གིས་གསང་ཉུལ་བྱེད་ཀྱི་ཡོད་སྐོར་བརྗོད་བཞིན་པ་ནི་གཞི་མེད་ཡིན་པ་དང་། ཧྭ་ཝེ་ཡི་ཤུགས་ཚད་ ༥ པའི་དྲ་ལམ་ (5G networks) སོགས་ཅེག་རྒྱལ་ཁབ་ཀྱིས་ནང་འདྲེན་བྱ་འདོད་ཡོད་སྐོར་གསུངས་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཅེག་རྒྱལ་ཁབ་ཀྱི་སྲིད་འཛིན་ནས་ཧྭ་ཝེ་དང་ཧཱ་ཝེའི་ནོར་དོན་སྤྱི་གཉེར་བ་མེང་ཝན་ཀྲུའུ་ (Meng Wanzhou)ལ་འཛིན་པའི་ལངས་ཕྱོགས་ལ་བསྔགས་བརྗོད་བྱས་ཡོད་པ་དང་སྦྲགས། རྒྱ་ནག་གིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཇེ་ཟབ་དུ་གཏོང་རྒྱུ་ཡིན་སྐོར་སོགས་བསྒྲགས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་སུ་གཏོང་བར་འབད་བཞིན་པའི་སྐབས་དེར། གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ཧེ་རེབ་ལགས་ཀྱིས་རྒྱ་ནག་གི་སྟོབས་ཤུགས་དང་བཙན་འཛུལ་ལ་གདོང་ལེན་དང་། རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བའི་ཐད་ངོ་རྒོལ་གྱི་ལངས་ཕྱོགས་བཟུང་བ་དེར་རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་ཚོས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་འདུག

 གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༡༢/༠༥

Leave a Reply