རྡོ་རྗེ་གདན་གྱི་གསུང་ཆོས་ཕྱག་འཁྱེར་ཞུ་ཕྱོགས།

འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༣ ནས་གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས་ཕྱག་འཁྱེར་ཐོ་འགོད་ཁང་དངོས་སུ་སྒོ་ཕྱེ་རྒྱུ་ཡིན་འདུགཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢ ནས་ ༦ བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས་གནང་གཏན་འཁེལ་ཡོད་པ་ལྟར།  དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གསུང་ཆོས་ཕྱག་འཁྱེར་ཞུ་ཕྱོགས་ཀྱི་གལ་ཆེའི་གསལ་བརྡ་ཞིག་གནང་བ་ལྟར་ན། སྤྱིར་བཏང་བོད་རིགས་དང་ཧི་མཱ་ལ་ཡའི་ཆོས་ཞུ་བ་ཚོར་གསུང་ཆོས་ཕྱག་འཁྱེར་དགོས་ཀྱི་མེད་ཀྱང་། གྲྭ་བཙུན་དང་། རང་ལོ་ ༦༠ ཡན་གྱི་བགྲེས་སོང་། དེ་བཞིན། དབང་པོ་སྐྱོན་ཅན་དང་རྒྱ་གར་བ། ཕྱི་རྒྱལ་བ་བཅས་ནས་གསུང་ཆོས་ཕྱག་འཁྱེར་ཞུ་དགོས་ཀྱི་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ནས་༧གོང་ས་མཆོག་གི་གསུང་ཆོས་དྲ་རྒྱ་(www.dalailamateaching.com) དབུ་འབྱེད་གནང་རྒྱུ་ཡིན་པ་དང་།་ དྲ་རྒྱ་དེའི་ནས་གསུང་ཆོས་ཕྱག་འཁྱེར་ཐོ་འགོད་གནང་གྲུབ་རྗེས། འགེངས་ཤོག་ངོ་བཤུས་ཤིག་དང་། སོ་སོའི་ངོ་སྤྲོད་ཡིག་ཆ་(Passport/Aadhaar Card/Voter ID/Green Book/RC)བཅས་གང་རུང་ཞིག་མཉམ་འཁྱེར་ཐོག་རྡོར་གདན་གསུང་ཆོས་ཐོ་འགོད་ཁང་དུ་བཅར་ནས་གསུང་ཆོས་ཕྱག་འཁྱེར་ཞུ་དགོས་ཀྱི་འདུག

གལ་ཏེ་སྔོན་ཆད་གསུང་ཆོས་ཕྱག་འཁྱེར་ཞུས་ཡོད་ཚེ། ཕྱག་འཁྱེར་དེའི་ཨང་རྟགས་(ID)ཐོག་དོ་བདག་ངོ་བཅར་གྱིས་གསུང་ཆོས་ཕྱག་འཁྱེར་གསར་པ་ཞུ་ཆོག་གི་ཡོད་པ་དང་།  དྲ་རྒྱ་བེད་སྤྱོད་གཏོང་མི་ཤེས་མཁན་ཚོས་དོ་བདག་ཕྱག་འཁྱེར་ཐོ་འགོད་ཁང་དུ་ངོ་བཅར་གྱིས་སྔར་རྒྱུན་བཞིན་ཞུ་ཆོག་གི་ཡོད་ལ། ཟླ་འདིའི་ཕྱི་ཚེས་ ༢༣ ནས་གནས་མཆོག་རྡོ་རྗེ་གདན་གྱི་ཐོ་འགོད་ཁང་སྒོ་ཕྱེ་རྒྱུ་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༢/༠༥

Leave a Reply