ཧྥ་རན་སིའི་ནང་གཞུང་རྒོལ་ལས་འགུལ་སྤེལ་གྱི་འདུག

སྲིད་འཛིན་མེ་ཁོ་རོན་ལགས་ཀྱིས་དབུ་འཁྲིད་པའི་ཧྥ་རན་སི་གཞུང་ནས་རྒས་ཡོལ་ཕོགས་དངུལ་གྱི་སྲིད་བྱུས་གསར་པ་བཟོ་འཆར་ཡོད་པ་དེར་རྒྱལ་ཡོངས་རང་བཞིན་གྱི་ཐོག་ནས་ངོ་རྒོལ་ལས་འགུལ་སྤེལ་བཞིན་འདུགདེ་རིང་ཡང་ཧྥ་རན་སིའི་རྒྱལ་ས་ཕ་རི་སི་གཙོ་བོར་གྱུར་པའི་ཡུལ་དེའི་གྲོང་ཁྱེར་ཆེ་ཁག་ནང་། སྲིད་འཛིན་མེ་ཁོ་རོན་ལགས་ཀྱིས་སྣེ་འཁྲིད་པའི་ཧྥ་རན་སི་གཞུང་གིས། ད་ཡོད་ཀྱི་རྒས་ཡོལ་ཕོགས་དངུལ་གྱི་སྲིད་བྱུས་ལ་བཅོས་བསྒྱུར་གཏོང་རྒྱུའི་འཆར་གཞི་དེར་གཞུང་དང་སྒེར་གྱི་དགེ་རྒན་མཐུན་ཚོགས་དང་། འགྲིམ་འགྲུལ་ཞབས་ཞུ་བའི་མཐུན་ཚོགས། དེ་བཞིན་ཚོང་བའི་མཐུན་ཚོགས་སོགས་ཀྱིས་སྣེ་འཁྲིད་དེ། རྒྱལ་ཡོངས་རང་བཞིན་གྱི་ཐོག་ནས་ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་བཞིན་པར་བརྟེན། ཕ་རི་སིའི་ནང་གི་མེ་འཁོར་དང་། གནམ་གྲུ་སོགས་ཀྱི་འགྲིམ་འགྲུལ་ཞབས་ཞུ་ཕལ་ཆེ་བ་འགག་སྟེ། སྤྱི་དམངས་ཀྱི་འགྲིམ་འགྲུལ་ལ་དོ་ཕོག་ཤུགས་ཆེན་ཐེབས་བཞིན་པ་མ་ཟད། གཞུང་རྒོལ་ལས་འགུལ་བ་རྣམས་ཀྱིས་ཧྥ་རན་སི་གཞུང་གིས་ད་ཡོད་ཀྱི་རྒས་ཕོགས་སྲིད་བྱུས་བཅོས་བསྒྱུར་གཏོང་རྒྱུའི་འཆར་གཞི་དེ་ཕྱིར་འཐེན་མ་བྱེད་བར་དུ་མུ་མཐུད་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཁ་སང་རྒྱལ་ས་ཕ་རི་སི་གཙོས་པའི་གྲོང་ཁྱེར་ཆེ་ཁག་ནང་དགེ་རྒན་དང་། ཁྲིམས་རྩོད་པ། ཉེན་རྟོག་པ། འགྲིམ་འགུལ་ཞུབས་ཞུ་བ། སྨན་བཅོས་སྡེ་ཚན་གྱི་ལས་བྱེད་སོགས་གཞུང་དང་སྒེར་གཉེར་ལས་བྱེད་ཁྲི་ ༨ ཙམ་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་ནང་ཞུགས་ཏེ། ཉིན་རྒྱབ་ཙམ་ནས་ཅུང་ཛ་དྲག་པོར་གྱུར་ཏེ་ཉེན་རྟོག་པ་དང་ལས་འགུལ་བའི་བར་གདོང་ཐུག་བྱུང་བའི་རྐྱེན་གྱིས། ཉེན་རྟོག་པས་ལས་འགུལ་བའི་ཐོག་མིག་ཆུའི་དུག་རླངས་གཏོར་ཡོད་འདུག་པ་མ་ཟད། ལས་འགུལ་བ་འགའ་ཤས་ཀྱང་འཛིན་བཟུང་བྱས་ཡོད་འདུག གནས་ཚུལ་ནང་གསལ་ལྟར་ན། ཁ་སང་གཅིག་པུར་ཁྱོན་ས་གནས་ཀྱི་མེ་འཁོར་ཞབས་ཞུ་བརྒྱ་ཆ་ ༩༠ ཙམ་སྒོ་རྒྱག་དགོས་བྱུང་ཡོད་འདུག་པ་དང་། དེ་བཞིན་ཉིན་རེར་མི་གྲངས་ས་ཡ་ ༤ ལྷག་གི་འགྲིམ་འགྲུལ་བརྒྱུད་ལམ་དུ་འགྱུར་བའི་ཕ་རི་སིའི་མེ་འཁོར་གྱི་ལྕགས་ལམ་ ༡༦ ཁྲོད་ནས་ ༡༡ སྒོ་རྒྱག་དགོས་བྱུང་བ་དང་། གནམ་གྲུ་བརྒྱ་ཕྲག་ལྷག་འཕུར་ཐུབ་མེད་འདུག  དེ་རིང་འཕུར་གཏན་ཁེལ་བའི་གནམ་གྲུའི་ཞབས་ཞུ་ ༢༩ ལྷག་ཕྱིར་འཐེན་བྱས་ཡོད་འདུགསྤྱིར་ཧྥ་རན་སིའི་ནང་གཞུང་སྒེར་གྱི་ཚན་པ་ཡོངས་ལ་རྒས་ཡོལ་ལོ་ཚད་དང་ཁེ་ཕན་མི་གཅིག་པའི་རྒས་ཡོལ་ཕོགས་དངུལ་གྱི་སྲིད་བྱུས་མི་འདྲ་བ་ ༤༢ ཡོད་ཀྱང། སྲིད་འཛིན་མེ་ཁོ་རོན་ལགས་ཀྱི་སྲིད་གཞུང་གིས་སྲིད་བྱུས་དེར་བཅོས་བསྒྱུར་གཏང་སྟེ། ཀུན་ལ་ཁྱབ་པའི་སྲིད་བྱུས་གཅིག་བཟོ་རྒྱུའི་འཆར་གཞི་འཐེན་གྱི་ཡོད་འདུག དེ་ཡང་ཧྥ་རན་སིའི་ནང་སྒེར་གཉེར་ཚན་པ་ཞིག་ལ་མཚོན་ན། དེའི་ལས་བྱེད་གཅིག་གི་ལས་འཁུར་དུས་ཡུན་ཁྲོད་ཀྱི་གླ་ཕོགས་མཐོ་ཤོས་ཐོབ་པའི་ལོ་ ༢༥ ལ་གཞིར་བཞག་ཐོག་རྒས་ཡོལ་ཕོགས་དངུལ་དང་ཁེ་ཕན་སྤྲོད་ཀྱི་ཡོད་པ་དང་།  གཞུང་གི་སྲི་ཞུ་བར་མཚོན་ན། རྒས་ཡོལ་མ་སོང་སྔོན་གྱི་ཟླ་ ༦ གི་གླ་ཕོགས་ལ་གཞི་འཛིན་གྱི་ཡོད་པ་རེད། འོན་ཀྱང་ཧྥ་རན་སི་གཞུང་གི་སྲིད་བྱུས་གསར་པའི་ནང་། ཉིན་རེའི་ལས་འཁུར་སྐབས་སྐར་གྲངས་གསོག་འཇོག་བྱས་ཏེ། དེ་གཞིར་བཟུང་རྒས་ཡོལ་ཕོགས་དངུལ་སྤྲོད་ཐབས་ཀྱི་འཆར་གཞི་ཡོད་འདུག  སྲིད་འཛིན་མེ་ཁོ་རོན་ལགས་ཀྱིས་ཧྥ་རན་སིའི་རྒན་རབས་ཀྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་འོག་སྲིད་བྱུས་གསར་པ་དེ་ད་ཡོད་ཀྱི་སྲིད་བྱུས་ལས་ལེགས་པ་ཡོད་སྐོར་གསུངས་ཡོད་པ་མ་ཟད། ཧྥ་རན་སིའི་མི་མང་ཕལ་ཆེ་བས་ཀྱང་རྒས་ཡོལ་སྲིད་བྱུས་ལ་བཅོས་བསྒྱུར་གཏོང་དགོས་པ་མཐོང་གི་ཡོད་འདུག འོན་ཀྱང་ད་ལྟའི་གཞུང་གིས་བཏོན་པའི་སྲིད་བྱུས་དེས་རྒས་ཡོལ་ལོ་ཚད་རིང་དུ་བཏང་ཡོད་པ་མ་ཟད། རྒས་ཕོགས་ཀྱང་ཉུང་དུ་བཏང་ཡོད་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག་ལ། མང་ཚོགས་ཀྱིས་ཚོང་གཉེར་བའི་རྒྱབ་ལྗོངས་ཡོད་པའི་སྲིད་འཛིན་མེ་ཁོ་རོན་ལགས་ཀྱིས་དོན་མཐུན་གྱི་རྒས་ཕོགས་སྲིད་བྱུས་ཤིག་འདོན་ཐུབ་རྒྱུར་ཡིད་ཆེས་བྱེད་ཀྱི་མེད་པ་རེད། སྤྱིར་ཧྥ་རན་སིའི་རྒས་ཕོགས་ཀྱི་དངུལ་འབབ་དེ་རྒྱལ་ཁབ་ཀྱི་ལོ་རེའི་སྤྱི་འབོར་ཐོན་སྐྱེད་ཀྱི་བརྒྱ་ཆ་ ༡༤ ལྷག་ཟིན་གྱི་ཡོད་ཅིང་། དེ་ནི་རྒྱལ་ཁབ་གཞན་དང་བསྡུར་ན་མཐོ་ཤོས་ཀྱི་གྲས་སུ་ཚུད་ཀྱི་ཡོད་པ་རེད།ཕྱི་ལོ་ ༡༩༩༥ ལོར་ཡང་ཧྥ་རན་སིའི་གཞུང་གིས་རྒས་ཕོགས་སྲིད་བྱུས་ལ་བཅོས་བསྒྱུར་གཏོང་རྒྱུའི་གསལ་བསྒྲགས་བྱས་པའི་རྐྱེན་གྱིས། ལོ་དེར་ཧྥ་རན་སི་རྒྱལ་ཡོངས་ནང་གཞི་རྒྱ་ཆེ་བའི་གཞུང་རྒོལ་ལས་འགུལ་གྱི་མགོ་བརྩམས་ཏེ། བདུན་ཕྲག་གསུམ་རིང་ཕ་རི་སི་གཙོས་པའི་གྲོང་ཁྱེར་ཆེ་ཁག་གི་འགྲིམ་འགྲུལ་ཞབས་ཞུ་སྒོ་བརྒྱབ་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་དཔལ་འབྱོར་སོགས་ལ་དོ་ཕོག་ཆེན་པོ་ཐེབས་པར་བརྟེན། མཐའ་མཇུག་དེར་གཞུང་གིས་སྲིད་བྱུས་དེ་ཕྱིར་འཐེན་མི་བྱེད་ཀ་མེད་ཆགས་ཡོད་པ་རེད། ད་ལྟའི་ཆར་ཧྥ་རན་སིའི་གཞུང་དང་མང་ཚོགས་ཀྱིས་ཕྱི་ལོ་ ༡༩༩༥ ལོའི་ཡར་སྔོན་གྱི་གཞུང་རྒོལ་ལས་འགུལ་དེ་བསྐྱར་དུ་འཐོན་རྒྱུའི་ཞེད་སྣང་བྱེད་ཀྱི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༢/༠༦

Leave a Reply