འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཉེན་ཁའི་གནས་སུ་ལྷུང་ཡོད།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་ ༡༣༥ ཡི་གཞུང་ཚབ་ཁང་ལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་འབོད་སྐུལ་ཞུ་ཡིག་ཕུལ་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༣༠ སྟེང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལས་ཁུངས་སུ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་གཙིའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང་བ་དང་། ལྷན་ཚོགས་ཐོག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་དང་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་གཉིས་ཀྱིས། བོད་ནང་གི་བོད་མི་ཚོའི་འགྲོ་བ་ཐོབ་ཐང་སྲུང་སྐྱོབ་དང་སྤྱི་དམངས་ཚོགས་སྡེ་ཁག་གི་འགྲོ་བ་མིའི་ཐོབ་ཐང་དང་མངོན་འདོད་སྲུང་སློབ་ཡོང་སླད། ཟླ་འདིའི་ཕྱི་ཚེས་ ༤ ནས་ ༦ བར་ཉིན་གསུམ་རིང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་པའི་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་ ༡༣༥ ཡི་གཞུང་ཚབ་ཁང་ལ་འབོད་སྐུལ་ཞུ་ཡིག་ཕུལ་ཡོད་སྐོར་སོགས་བསྒྲགས་སོང་།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་གཙི་ཞུ་དགོས་དོན་སྐོར་ལ་ཚེ་རིང་མཚོ་མོ་ལགས་ཀྱིས། སྤྱིར་བཏང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སང་ཉིན་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་། སང་ཉིན་མཛད་སྒོ་དང་ལས་རིམ་མང་པོ་ཞིག་ཡོད་པའི་དབང་གིས་དེ་རིང་ཚོགས་པ་ཡིན། ད་ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་འདི་ནམ་རྒྱུན་དང་མི་འདྲ་བ་ཞིག་སྲུང་བརྩི་ཞུ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། རྒྱ་ནག་གཞུང་གིས་ལོ་ཤས་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོང་ཐང་གི་ལམ་ལུགས་ལ་འགྱུར་བ་གཏོང་བར་ཐབས་ཤེས་བྱས་དང་བྱེད་མུས་ཡིན། མཉམ་འབྲེལ་རྒྱལ་ཚོགས་ལ་ནུས་པ་མེད་པ་ཡིན་ནའང་། མཉམ་འབྲེལ་རྒྱལ་ཚོགས་འདི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྲུང་སྐྱོབ་བྱེད་མཁན་ལྟེ་བ་དེ་ཆགས་ཀྱི་ཡོད། རྒྱལ་སྤྱིའི་དཀའ་རྙོག་མང་པོ་ཞིག་གི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་སེལ་ཐུབ་པ་མང་པོ་ཞིག་ལ་ཕན་ཐོགས་བྱུང་ཐུབ་ཡོད་པ་མ་རེད། འོན་ཀྱང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོང་ཐང་གི་ཁྲིམས་སྲུང་སྐྱོབ་བྱེད་མཁན་མཉམ་འབྲེལ་རྒྱལ་ཚོགས་ཆགས་བསྡད་ཡོད། དེ་ང་ཚོས་ཁས་ལེན་དགོས་འཁེལ་གྱི་ཡོད། དམིགས་བསལ་གྱི་ང་ཚོ་གཞུང་འབྲེལ་མ་ཡིན་པ་དང་ལུང་པ་མེད་པའི་མི་རིགས་མང་པོ་ཞིག་གིས་སྐད་རྒྱག་ས་དང་ཁྲིམས་ལ་གཏུགས་ན་ཐུག་ས་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་དེ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁག་གི་དཀའ་ངལ་ཆེ་ཤོས་ནི། རྒྱ་ནག་གཞུང་ངོས་ནས་ཚོང་འབྲེལ་དང་དཔལ་འབྱོར་གྱི་སྟོབས་ཤུགས་བེད་སྤྱོད་བྱས་པ་བརྒྱུད། ཉེ་བའི་ལོ་ཤས་རིང་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གི་འགྲོ་བ་མིའི་ཐོབ་ཐང་དང་དམིགས་བསལ་རྒྱ་ནག་དང་ལྷག་པར་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རུ་བཅུག་ཡོད་པ་མ་རེད། རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གླེང་སློང་བྱས་ཡོང་དུས། རྒྱ་ནག་གཞུང་ངོས་ནས་རྒྱལ་ཁབ་ཆུང་བ་མང་པོ་ཞིག་ལ་དཔལ་འབྱོར་དང་ཚོང་གི་གནོན་ཤུགས་སྤྲད་དེ། ད་ལྟ་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ནུས་མེད་བཟོ་སྲིད་པའི་ཉེན་ཁར་བསླེབས་འདུག ཅེས་བརྗོད་སོང་།

ཡང་ཁོ་མོས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ་ལོ་ངོ་ ༧༡ འཁོར་བའི་རིང་། སྤྱི་དམངས་ཚོགས་སྡེ་ཁག་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པར་ལས་ཀ་ཤུགས་ཆེན་པོ་བྱས་འདུག དེའི་རྐྱེན་གྱིས་གཞུང་དེ་ཚོས་རྒྱལ་སྤྱིའི་སྟེང་གནོན་ཤུགས་ཅི་ཙམ་སྤྲད་ན་མཉམ་འབྲེལ་རྒྱལ་ཚོགས་དང་སྤྱི་དམངས་ཚོགས་སྡེ་ཁག་གིས་དེ་ཚོར་ཁ་གཏད་གཅོག་པ་དང་། ཁ་གཏད་དུ་ལངས་ནས་ད་ལྟ་བར་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྲུང་སྐྱོབ་བྱེད་ཐུབ་ཡོད་པ་རེད། ད་ལྟ་དཀའ་ངལ་མང་པོ་ཞིག་ལྷག་བསྡད་ཡོད་པ་རེད་དེ། གདོང་ལེན་བྱས་དང་བྱེད་བཞིན་པ་རེད། རྒྱ་ནག་གཞུང་གིས་ཁྲིམས་དེར་འགྱུར་བ་བཏང་སྟེ་སྤྱི་དམངས་ཚོགས་སྡེ་ཁག་ནུས་མེད་བཟོ་ཐབས་བྱེད་བཞིན་ཡོད། དེ་ལ་གསལ་བོ་ཞིག་ཕྱི་ལོ ༢༠༡༦ ཟླ་ ༣ པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་གྲོས་ཆོད་འཇོག་རྩིས་བྱས་སྐབས། རྒྱ་ནག་གིས་ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་གྲོས་ཆོད་དེ་ནུས་མེད་བཟོ་ཐབས་བྱས་ཡོད་ཀྱང་ལམ་ལྷོངས་བྱུང་ཡོད་པ་མ་རེད། དེ་བཞིན། ཕྱི་ལོ་ ༢༠༡༨ ཟླ་ ༦ པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ནང་སྤྱི་དམངས་ཚོགས་སྡེ་ཁག་གི་ཐོག་གྲོས་ཆོད་ཅིག་བཞག་སྐབས། རྒྱ་ནག་གཞུང་གིས་ཐབས་ལམ་འདྲ་མིན་བརྒྱུད་སྤྱི་དམངས་ཚོགས་སྡེ་ཁག་རྒྱལ་ཁབ་ཀྱི་ཁྲིམས་གཞིར་བཟུང་འགྲོ་དགོས་ཀྱི་ཡོད། གལ་སྲིད་རྒྱལ་ཁབ་ཀྱི་ཁྲིམས་བརྒལ་བ་ཡིན་ན་ཁྲིམས་འགལ་རེད་ཅེས་གཞུང་གི་འོག་ལ་འཇོག་དགོས་ཀྱི་ཡོད་པའི་ཐེ་ཇུས་བྱས་ཡོད་ཀྱང་། སྐབས་དེ་དུས་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཆུང་གྲས་དེ་ཚོས་ཀྱང་ངོས་ལེན་བྱས་མེད་པ་རེད། དེས་ག་རེ་སྟོན་གྱི་ཡོད་ལབ་ན་རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་དམངས་ཚོགས་སྡེ་ཁག་གི་ལམ་ཁ་འགོག་ཐབས་དང་གནོན་ཤུགས་སྤྲོད་ཀྱི་ཡོད་པ་བསྟན་ཡོད། དེ་བས་ད་ལོའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་ང་ཚོའི་ལས་འགུལ་དམིགས་བསལ་ཞིག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ཚོར་འགན་ཡོད་པ་བཞིན་སྤྱི་དམངས་ཚོགས་སྡེ་ཁག་གི་རང་དབང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་ཡིན་པའི་འབོད་སྐུལ་ཞུ་རྒྱུ་དེ་ཡིན། ཞེས་བརྗོད་སོང་།

ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ཀྱིས།  ཟླ་འདིའི་ཕྱི་ཚེས་ ༤ ནས་ ༦ བར་ལས་འགུལ་འདི་ང་ཚོའི་འགན་འཛིན་ཚེ་རིང་མཚོ་མོ་ལགས་དང་ངེད་གཉིས་རྒྱལ་ས་ལྡི་ལི་རུ་ཕྱིན་ཏེ། ལྡི་ལི་རུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ ༡༣༥ ལ་འབོད་སྐུལ་ཞུ་ཡིག་ཕུལ་ཡོད། སྤྱིར་བཏང་བྱས་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ ༡༩༣ ཡོད་པ་རེད། ལྡི་ལི་རུ་ཡོད་པའི་གཞུང་ཚབ་ཁང་དེ་དག་ལ་སོ་སོའི་ལས་དོན་གྱི་རྐྱེན་པས་སྒོ་བརྒྱབ་པ་དེ་འདྲ་བྱས་ནས་ཁག་ཅིག་ལ་ང་ཚོས་ཞུ་ཡིག་སྤྲོད་ཐུབ་མ་སོང་། འོན་ཀྱང་། ད་རེས་ཞུ་ཡིག་དེ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་ཙམ་མ་ཟད། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལའང་ཕུལ་ཐུབ་པ་བྱུང་ཡོད། ཅེས་དང་། འབོད་སྐུལ་ཞུ་ཡིག་འདི་བརྒྱུད་བོད་དོན་དྲིལ་བསྒྲགས་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་ལ་ཕན་ཐོགས་འབྱུང་གི་ཡོད་སྐོར་སོགས་བརྗོད་སོང་།

ལྟེ་གནས་ཁང་གི་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་ཉུལ་ཞིབ་ལྟ་སྲུང་བྱེད་པ་དང་། འབྲེལ་ལམ་ཚང་མར་སྟངས་འཛིན་དོ་ནན་བྱེད་པ། སུན་གཙེར་བྱེད་པ། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་གནས་ཚུལ་སྤེལ་མཁན་ཚོར་འཇིགས་སྐུལ་སོགས་བྱས་ཏེ། སྤྱི་དམངས་ཚོགས་སྡེ་ཁག་གི་མངོན་འདོད་ལ་དྲག་གནོན་ཚབས་ཆེན་བྱེད་ཀྱི་ཡོད་པའི་ཉེར་ལེན་གྱིས། འགྲོ་བ་མིའི་ཐོབ་ཐང་མང་པོ་ཞིག་ལ་རྡོག་རོལ་ཐེབས་ཏེ་བོད་ནང་གི་གནས་ཚུལ་ཕྱི་ལ་ཁྱབ་ཐབས་མེད་པའི་གནས་སུ་གྱུར་ཡོད། ཅེས་དང་། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་མི་ལོ་ ༧༡ འཁོར་བའི་བརྒྱུད་རིམ་ཁྲོད། གཞི་རྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད། རང་དབང་ལྡན་ལ་རྣམ་པ་མི་འདྲ་བ་དང་ལྟ་གྲུབ་སྣ་ཚོགས་འཛོམས་པའི་སྤྱི་དམངས་ཚོགས་སྡེ་ཁག་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་གསལ་རྟོགས་བྱུང་ཡོད། ཅེས་དང་། ཉེ་བའི་ལོ་ཤས་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་མགོ་འཁྲིད་འོག སྤྱི་དམངས་ཚོགས་སྡེ་འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་ལ་འབྲེལ་བ་མེད་པ་བཟོ་ཆེད་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གཙོ་བོ་ཁག་ལ་གནོན་ཤུགས་སྤྲོད་ཐབས་སྣ་ཚོགས་བྱས་ཡོད། རྒྱ་ནག་གཞུང་ནི་སྤྱི་དམངས་ཚོགས་སྡེ་ཁག་ལ་རང་དབང་མེད་ཅིང་། འགྲོ་བ་མིའི་ཐོབ་ཐང་ལམ་ལུགས་ནུས་མེད་དུ་བསྒྱུར་བའི་ལམ་དུ་ཞུགས་ཡོད་པ་དང་། དེས་རྒྱལ་ཁབ་གཞན་དག་ལའང་སྤྱི་དམངས་ཚོགས་སྡེ་ཁག་གིས་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་པའི་ལམ་ཁ་འགོག་པའི་ངན་ཤུགས་ཐེབས་ཀྱི་ཡོད། ཅེས་སོགས་བཀོད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་མི་གྲངས་ས་ཡ་ ༦༠ ལྷག་དམར་གསོད་བཏང་བའི་ཆེས་ཡ་ང་བའི་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་རྗེས་ཏེ། ཕྱི་ལོ་ ༡༩༤༨ ལོའི་ཟླ་ ༡༢ ཚེས་ ༡༠ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་ཐེངས་ ༣ པའི་སྟེང་ཚོགས་ཞུགས་འཛམ་གླིང་རྒྱལ་ཁབ་ ༥༨ ནང་ནས་རྒྱལ་ཁབ་ ༤༨ མ་གྲོས་བསམ་པ་གཅིག་མཐུན་གྱིས་མང་མོས་གཏན་འབེབས་བྱུང་བ་ཞིག་ཡིན་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དེ་ལ་ནང་གསེས་དོན་ཚན་ ༣༠ ཡོད་པ་རེད། རྒྱལ་སྤྱིའི་རང་བཞིན་གྱི་ཡིག་ཆ་དེའི་ནང་དུ་འཛམ་གླིང་སྟེང་གི་མི་ཀུན་ལ་ཡོངས་ཁྱབ་ཀྱི་ཐོབ་ཐང་ག་རེ་ཡོད་མེད་གསལ་སྟོན་གནང་ཡོད་པ་དང་། གསལ་བསྒྲགས་ཡིག་ཆ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་བུའི་ཐོབ་ཐང་སྲུང་བརྩིའི་སྐོར་ལ་བཞག་པའི་ཡིག་ཆ་དང་པོ་དེ་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༢/༠༩

Leave a Reply