འཛམ་གླིང་མི་མང་ས་ཡ་ ༣ ལྷག་གིས་ཅང་ཙེ་མེན་ཁྲིམས་གཏུག་བྱེད་ཀྱི་འདུག

འཛམ་གླིང་གི་རྒྱལ་ཁབ་ ༣༧ ནས་མི་གྲངས་ས་ཡ་ ༣ ལྷག་གིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པར་དྲག་གནོན་བྱེད་མཁན་གྱི་གཏེ་པོ་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མེན་ཁྲིམས་ལ་སྦྱོར་དགོས་པའི་རེ་འདུན་ཞུ་ཡིག་ཡོངས་བསྒྲགས་བྱས་འདུགཁ་སང་ཕྱི་ཚེས་ ༨ ཉིན་ཨ་རིའི་ནང་ཡོད་པའི་རྒྱལ་སྤྱིའི་ཕྱི་སྡོད་རྒྱ་རིགས་མཉམ་འབྲེལ་གྱི་གསར་ཁང་ཤིན་ཐང་རིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོར་རྒྱ་ནག་གཞུང་གིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པར་དྲག་གནོན་དང་མནར་གཅོད་བཏང་སྟེ་ལོ་ངོ་ ༢༠ འཁོར་གྱི་ཡོད་སྟབས། ཕྱི་ཟླ་ ༡༢ ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་བསླེབ་གྲབས་ཡོད་པ་དང་བསྟུན། ཕྱི་ལོ་ ༢༠༡༥ ཟླ་༧ པ་ནས་ ༢༠༡༩ ལོའི་ཟླ་ ༡༢ ཚེས་ ༥ ཉིན་བར་འཛམ་གླིང་གི་རྒྱལ་ཁབ་ ༣༧ གྱི་མི་མང་ས་ཡ་ ༣ (༣༥,༠༧,༧༠༥)ལྷག་མཉམ་འབྲེལ་གྱིས་མིང་རྟགས་བཀོད་དེ། རྒྱ་ནག་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་ཆེས་མཐོའི་ཁྲིམས་ཁང་ནས་ཅང་ཙེ་མེན་གྱིས། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པར་དྲག་གནོན་མནར་གཅོད་ཡ་ང་བ་བཏང་སྟེ་འགྲོ་བ་མིའི་རིགས་ལ་རྒོལ་བའི་ཉེས་སྤྱོད་ཐེར་འདོན་བྱས་པ་དང་སྦྲགས། ཉེས་ཅན་གྱི་གཏེ་པོ་ཅང་ཙེ་མེན་ཁྲིམས་ལ་སྦྱོར་དགོས་པའི་རེ་སྐུལ་ཞུས་ཡོད་འདུག

རྒྱལ་སྤྱིའི་རང་བཞིན་གྱི་ཐོག་ནས་ཉེས་དོན་དེ་ཁྲིམས་གཏུག་བྱེད་པའི་ལས་འགུལ་གྱི་སྤྱིའི་མཐུན་སྦྱོར་བ་ཁྲིམས་རྩོད་པ་ཀྲུའུ་ཝན་ཆི་ཡིས། འཛམ་གླིང་ཡོངས་ཀྱི་ཞུ་གཏུག་སྤྱི་བསྡོམས་གསར་པ་ཡོངས་བསྒྲགས་བྱས་པའི་བསྡོམས་རྩིས་ལྟར་ན། ཅང་ཙེ་མེན་ཐེར་འདོན་གྱི་ལས་འགུལ་ནང་ཞུགས་པའི་མི་གྲངས་ཆེས་མང་ཤོས་ནི་ཐའེ་ཝན་དང་། ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ཡིན་འདུག ཐའེ་ཝན་དུ་མི་ཁྲི་ ༡༡༧ (༡,༡༧༢,༩༢༠)དང་། ཉི་ཧོང་ནང་ཁྲི་ ༨༣(༨༣༨,༢༩༥)། ལྷོ་ཀོ་རི་ཡར་ཁྲི་ ༦༧ (༦༧༡,༤༢༢)བཅས་བྱུང་ཡོད་འདུག དེ་བཞིན་ཡུ་རོབ་རྒྱལ་ཁབ་ཁག་ནས་མི་ཁྲི་ ༢༨ དང་། ཡུག་རན་(Ukraine)དང་། ཨེ་ཛི་རལ(Israel)། སི་པེན། ཨུ་རུ་སུ། དེ་མིན་རོ་མ་ནེ་ཡ་བཅས་ནས་ཀྱང་མང་པོ་བྱུང་ཡོད་པ་དང་། ཨོ་གླིང་ནས་མི་ཁྲི་ ༢༠ ལྷག་གིས་རྒྱབ་སྐྱོར་མིང་རྟགས་བཀོད་ཡོད་འདུག

ཁྲིམས་རྩོད་པ་ཀྲུའུ་ཝན་ཆི་ཡིས། ཉེ་རབས་ཀྱི་ལོ་རྒྱུས་ཀྱི་ངོས་ནས་བལྟས་ནའང་། སྲིད་དབང་གདུག་རྩུབ་ཅན་ཡོངས་སུ་རྫོགས་པ་མཇུག་བསྒྲིལ་རྗེས་ཚང་མས་ངེས་པར་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་ངོ་རྒོལ་བྱས་པའི་མི་སྒེར་གྱི་བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་ཞིབ་བྱེད་དགོས། གནམ་རྒན་མས་དམར་པོ་གུང་ཁྲན་ཏང་གཅིག་པུ་རྩ་མེད་དུ་གཏོང་བས་མི་ཚད་པར་རྒྱ་ནག་མི་མང་ལ་གདུག་རྩུབ་ཆེ་བའི་གནོན་འཚེ་གཏོང་མཁན་གུང་ཁྲན་གྱི་དཔོན་རིགས་ཚང་མ་ཡང་གོ་གནས་མཐོ་དམན་ལ་ལྟོས་པ་མེད་པར་ཐམས་ཅད་བཅའ་ཁྲིམས་ཀྱི་འགན་འཁྲི་ལས་བྲོས་ཐར་བྱེད་དུ་འཇུག་མི་སྲིད་དེ། ཉེས་ཅན་གྱི་གཏེ་པོ་དང་། ངན་རོགས། ཡང་ན་མནར་གཅོད་ཀྱི་སྲིད་ཇུས་འདི་རྒྱུན་སྲིང་བྱེད་དུ་བཅུག་པའི་མགོ་འཁྲིད་སུ་དང་གང་ཡིན་རུང་ཚང་མས་ངེས་པར་དུ་ཁྲིམས་ཀྱི་བཅད་ཁྲ་དྭང་ལེན་བྱེད་དགོས། གལ་ཏེ་སྔ་འགྱོད་ཕྱི་འདོམས་མི་བྱེད་པ་དང་སྔར་བཞིན་མནར་གཅོད་གཏོང་བ་མཚམས་འཇོག་མི་བྱེད་ཚེ་མཐར་ཉེས་སྐྱོན་ཐེར་འདོན་བྱེད་པ་དང་ཉེས་ཆད་འཕོག་སྲིད་པ་ནི་གདོན་མི་ཟའོ། ཞེས་བརྗོད་འདུག

ཉིན་ཤས་སྔོན་ཨ་རིའི་རྒྱ་ནག་གི་གནད་དོན་ཆེད་མཁས་པ་དང་རྒྱ་ནག་གི་ལོ་རྒྱུས་སྨྲ་བའི་སློབ་དཔོན་ཆེན་མོ་ལིན་ཝུས(Arthur Waldron)ལགས་ཀྱིས།  སྲིད་འཛིན་ཞི་ཅིན་ཕིན་ལ་འབྲེལ་བ་དམ་ཟབ་ཡོད་པའི་རྒྱ་ནག་དམར་ཕྱོགས་ཀྱི་ཆེས་མཐོའི་དཔོན་རིགས་ཤིག་གིས་ད་ལྟ་ང་ཚོ་གར་འགྲོ་དེར་འགྲོ་མེད་པར་འགྲོ་ལམ་ཟད་འདུག་ཅེས་བརྗོད་དེ། དམར་ཕྱོགས་དབུས་གཞུང་ནང་ཁུལ་ནས་ཀྱང་དཀའ་ངལ་ཆེན་པོ་ཡོང་གི་ཡོད་པ་གསལ་པོར་ཤེས་རྟོགས་བྱུང་ཡོད་སྟབས། དེའི་ཐོག་ནས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོས་ཡུན་རིང་ནས་རྒྱ་ནག་དམར་ཕྱོགས་ཀྱི་དཔོན་རིགས་རྣམས་ལ་སྔ་ས་ནས་ནག་ཉེས་ཀྱི་གྲུ་གཟིངས་ལས་ཕྱིར་མཆོང་ན་དགའ་བ་ལས་གུང་ཁྲན་ཏང་གསོན་པོར་དུར་སྦས་བྱེད་པར་སྒུག་དགོས་དོན་མེད་པའི་དྲན་སྐུལ་བྱེད་བཞིན་ཡོད་པ་རེད། ཁོ་ཚོས་གསང་མིང་བཀོལ་ནས་དམར་ཕྱོགས་གུང་ཁྲན་ཏང་གི་ཚོགས་པ་ནས་ཕྱིར་འབུད་བྱས་ཏེ་བློ་སྤོབས་ཀྱི་སྒོ་ནས་གུང་ཁྲན་ཏང་གིས་སྒྲུབ་མྱོང་བའི་མ་རུངས་པའི་རྩུབ་སྤྱོད་མཐའ་དག་གི་བདེན་དཔང་ཕྱིར་འདོན་བྱས་ན། བྱས་རྗེས་བཞག་ནས་ཉེས་པ་དག་ཐབས་བྱེད་པ་དང་། ཁྲག་དྲི་འཐུལ་བའི་རང་གི་ལག་པ་གཉིས་གཙང་མར་ཕྱིས་ཆོག ཅེས་བརྗོད་འདུགལས་འགུལ་དེར་རྒྱབ་སྐྱོར་བྱེད་མཁན་ཆེས་མང་བའི་རྒྱལ་ཁབ་ཐའེ་ཝན་ཁྲིམས་བཟོ་ལྷན་ཁང་གི་ཕྱི་འབྲེལ་རྒྱལ་སྲུང་ཚན་པའི་རྒྱུན་ལས་ཝང་ཏེན་ཡོས་ཀྱིས། འགྲོ་བ་མིའི་རིགས་ལ་མནར་གཅོད་གཏོང་བ་དང་ཚེ་སྲོག་ལ་འཚེ་བ་ནི་རྒྱལ་ཁབ་ཀུན་གྱི་སྤྱི་པའི་ཉེས་པ་ཞིག་ཡིན་སྟབས། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོས་རྒྱལ་ཁབ་མང་པོ་ཞིག་ཏུ་འཇུ་བཟུང་བྱེད་རྒྱུར་བསྐུལ་བའི་ཅང་ཙེ་མིན་སོགས་ཉེས་ཅན་གྱི་གཏེ་པོ་འདི་ཚོ་དེ་སྔོན་སི་པིན་གྱི་ཁྲིམས་ཁང་ནས་ཀྱང་བཀའ་བཅད་བཏང་མྱོང་བ་ཤེས་ཀྱི་ཡོད་ལ། ཉེས་དོན་འདིར་རྒྱབ་སྐྱོར་བྱེད་མཁན་ཇེ་མང་ནས་ཇེ་མང་ཡིན་པ་དང་། གནས་ཚུལ་ཁ་ཤས་རྒྱལ་མཚམས་དང་། སྐད་རིགས། རིགས་ཚོགས་བཅས་ལས་བརྒལ་ཡོད་པ་ནི་མི་དང་ཚེ་སྲོག་ལ་བརྩི་བཀུར་བྱས་པ་ཞིག་ཏུ་མཐོང་གི་ཡོད་ལ། ལས་དོན་འདི་རིན་ཐང་ལྡན་ཞིང་དཀའ་ཁག་ཆེན་པོ་ཞིག་ཡིན་ཡང་མ་རུངས་པ་ནི་བདེན་པ་ལས་ནམ་ཡང་རྒྱལ་མི་སྲིད་སྐོར་བརྗོད་འདུག

ལས་འགུལ་འདིའི་སྤྱིའི་མཐུན་སྦྱོར་བ་ཁྲིམས་རྩོད་པ་ཀྲུའུ་ཝན་ཆི་ཡིས་བརྗོད་པ་ལྟར་ན། ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོས་རྒྱ་ནག་ནང་ལོགས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཉེས་ཅན་གྱི་གཏེ་པོ་ཅང་ཙེ་མེན་ཐེར་འདོན་གཏུག་བཤེར་གྱི་གྱོད་དོན་གླེང་འགོ་བརྩམས་ཤིང་། ཕྱི་ལོ་ ༢༠༡༥ལོར་“འཛམ་གླིང་ཡོངས་ཀྱིས་རྒྱ་ནག་མི་མང་ལ་རྒྱབ་སྐྱོར་བྱས་ཏེ་ཅང་ཙེ་མེན་གྱིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོར་མནར་གཅོད་བཏང་བའི་ཉེས་དོན་ཁྲིམས་གཏུག་བྱེད་པར་མཉམ་འབྲེལ་མིང་རྟགས་འགོད་པའི་ལས་འགུལ”ཞེས་པ་དེ། ཡུ་རོབ་དང་། ཨེ་ཤ་ཡ། ཨོ་གླིང་བཅས་སུ་སྤེལ་ཡོད་པ་དང་། ཉེས་ཅན་གྱི་གཏེ་པོ་ཐེར་འདོན་གྱི་ལས་འགུལ་དེ་ནི་དུས་རབས་ཉེར་གཅིག་པའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མཁན་དམར་ཕྱོགས་གུང་ཁྲན་གྱི་མགོ་འཁྲིད་ཚོར་བཅའ་ཁྲིམས་ཀྱིས་བདའ་འདེད་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་རྒྱ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད།ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ནི་ཕྱི་ལོ་ ༡༩༩༢ ལོའི་ཟླ་ ༥ པའི་ནང་ལི་ཧོང་ཀྲི་ཞེས་པའི་ཤེས་ཡོན་པ་ཞིག་གིས་སྣེ་འཁྲིད་དེ་རྒྱ་ནག་ཅི་ལིན་ཞིང་ཆེན་ནང་ཡོངས་གྲགས་བྱུང་ཡོད་པ་དང་། རྩ་རླུང་སྒོམ་སྒོབ་དེ་དུས་ཡུན་ཐུང་ངུའི་ནང་རྒྱ་ནག་གི་ཞིང་ཆེན་མང་པོའི་ནང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཏེ། རྒྱ་ནག་གཞུང་འབྲེལ་གྱི་བསྡོམས་རྩིས་ལྟར་ན་རྗེས་འཇུག་པ་ས་ཡ་ ༧༠ ལྷག་བྱུང་ནས་གྲགས་འགུལ་ཆེན་པོ་ཆགས། ཕྱི་ལོ་ ༡༩༩༩ ཟླ་ ༦ ཚེས་་༡༠ ཉིན་སྐབས་དེའི་སྲིད་འཛིན་ཅང་ཙེ་མེན་གྱིས་དྲུག་གཅིག་ཐིག་ལས་སྒྲུབ་ཁང་ལ་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་ཀྱི་བྱེད་སྒོར་ཁྱོན་ཡོངས་ནས་དྲག་གནོན་དགོས་པའི་བཀའ་བསྒྲགས་པ་ལྟར། རྒྱལ་ཡོངས་ཀྱི་ས་ཕྱོགས་ཀུན་དུ་བཀག་སྡོམ་དྲག་གནོན་གྱི་འགུལ་སྐྱོད་ཚ་ཚ་འུར་འུར་གྱིས་སྤེལ་ཏེ། ལི་ཧོང་ཀྲི་ལགས་བྲོས་བྱོལ་དུ་འགྲོ་དགོས་བྱུང་བ་དང་། ཕྱི་ཕྱོགས་ཀྱི་བསྡོམས་རྩིས་ལྟར་ན། ད་ལྟ་བར་རྒྱ་ནག་གཞུང་གིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་འབུམ་ཁ་ཤས་བཙོན་འཇུག་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཞིབ་འཇུག་སྙན་ཐོའི་ནང་ཉུང་མཐར་རྗེས་འཇུག་པ་ ༢༠༠༠ དམར་གསོད་བཏང་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་ཕྱི་ལོགས་ཀྱི་རྒྱལ་ཁབ་ ༧༠ ལྷག་གི་ནང་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ས་ཡ་མང་པོ་ཡོད་སྐོར་བསྒྲགས་ཡོད་པ་རེད།

རྣམ་རྒྱལ་གྲགས་ལྡན་གྱིས་གནས་ཚུལ་བསྡུ་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༩/༡༢/༠༩

Leave a Reply