ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༠ འཁོར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ ༣༠ འཁོར་བའི་དུས་དྲན་སྲུང་གཙི་ཞུས།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ཧྲིལ་པོ་ ༣༠ འཁོར་བའི་གཞུང་འབྲེལ་སྲུང་གཙིའི་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་ལ་དྭགས་རང་སྐྱོང་རི་ལྗོངས་ལྷན་ཚོགས་ཀྱི་སྡེ་དཔོན་རྒྱལ་པོ་དབང་རྒྱལ་ལགས་གཙོས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིང་ (Ajai Singh)ལགས་དང་། བོད་མིའི་སྒྲིག་འཛུགས་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་བཞུགས་སྒར་དྷ་ས་ཁུལ་གྱི་སློབ་ཕྲུག་དང་མི་མང་བཅས་ཁྱོན་མི་གྲངས་ ༢༠༠༠ ལྷག་འཛོམས་ཡོད་འདུག

མཛད་སྒོའི་ཐོག་མར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་གནང་མཁན་ལས་བྱེད་བློ་བཟང་ཚེ་རིང་ལགས་དང་། བསོད་ནམས་གཡང་སྒྲོན་ལགས། བསྟན་འཛིན་སྣང་གསལ་ལགས། པ་སངས་ལྷ་མོ་ལགས་བཅས་བཞི་ལ་ཞབས་ལོ་ ༢༥ ཧྲིལ་པོ་འཁོར་བའི་གཟེངས་བསྟོད་ལེགས་སྐྱེས་ཕུལ་སོང་བ་དང་། དེའི་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ལས་བྱེད་འདེམས་ལྷན་ཁང་ནས་སྲི་ཞུ་བ་བགྲེས་ཡོན་སྔ་བསྣུར་ཕེབས་མཁན་ཀརྨ་དར་རྒྱས་ལགས་སུ་ལེགས་གསོའི་ཕྱག་ཁྱེར་དང་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན་བྱིན་ཅན་ཕུལ་སོང་བ་དང་། གཞན་ཡང་སྐུ་མགྲོན་གཙོ་བོ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་རྒྱལ་པི་དབང་རྒྱལ་ལགས་ཀྱིས་སྲིད་སྐྱོང་མཆོག་ལ་མཛའ་བརྩེའི་ཕྱག་རྟགས་གནང་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་འདི་ལོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བསྒྲགས་གཏམ་སྒྲོགས་སྦྱང་གནང་བའི་ནང་། རྒྱ་ནག་གཞུང་གིས་འཆམ་མཐུན་དང་། བརྟན་ལྷིང་ཟེར་བ་དགོས་ཚུལ་བཤད་དང་འཆད་བཞིན་ཡོད་རུང་། བོད་ནང་ད་བར་དྲག་གནོན་བྱེད་མཚམས་མི་འཇོག་པ་དང་། རྒྱལ་སྤྱིའི་ཐོག་བོད་དོན་འཁྱོག་བཤད་བྱེད་པ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཙོ་བོར་གྱུར་པའི་ཚོགས་སྡེ་ཁག་གིས་བོད་དོན་དང་འབྲེལ་པའི ་ལས་དོན་ནམ་སྤེལ་ལ་སྔ་ཕྱི་བར་གསུམ་དུ་དངོས་ཤུགས་བརྒྱུད་གསུམ་ནས་འགོག་རྐྱེན་སྣ་ཚོགས་བཟོས་དང་བཟོ་བཞིན་པ་དག་ལས་འཆམ་མཐུན་དང་བརྟན་ལྷིང་གི་མིང་དོན་མི་མཚུངས་པ་གསལ་པོ་མངོན་སྟབས། འཆམ་མཐུན་དང་བརྟན་ལྷིང་ལ་གནོད་གཞི་ཅན་གྱི་གོང་གསལ་བྱ་སྤྲོད་རྣམས་མཚམས་འཇོག་བྱ་དགོས། དེ་བཞིན་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཚུལ་གླེང་བཞིན་པ་ལྟར་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་དེ་འདྲ་འདོད་ཀྱི་ཡོད་ཚེ། དང་ཐོག་བོད་ནང་ཡ་ང་བག་ཚ་མེད་པར་ཆེས་གདུག་རྩུབ་ཅན་གྱི་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་ངན་པ་ལག་བསྟར་བྱས་དང་བྱེད་བཞིན་པ་དེ་དག་མཚམས་འཇོག་བྱེད་དགོས། ཅེས་དང་། རྒྱ་ནག་གཞུང་གིས་འདས་ལོ་ ༦༠ རིང་བོད་ནང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྣམས་རྡོག་རོལ་དང་། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་རྩ་གཏོར། བོད་མི་རྣམས་ལ་གདུག་རྩུབ་དྲག་པོས་མནར་གཅོད་ཚད་མེད་བཏང་བ་སོགས་ད་དུང་རྒྱུན་ཆད་མེད་པར་བྱུང་དང་འབྱུང་བཞིན་པར་བརྟེན། འགན་ཡོད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ལ་སོགས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ངོས་ནས་བོད་ནང་གི་གནས་སྟངས་རྟོག་ཞིབ་ནན་པོ་གནང་སྟེ་རྒྱ་ནག་དམར་གཞུང་གི་བྱ་སྤྱོད་ངན་པ་དག་རྒྱ་ཡན་དུ་མ་བཏང་བར། རྒྱ་ནག་གི་རྒྱལ་ཁབ་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་ཧ་ཅང་བརྩི་མཐོང་ཆེ་བའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་གཞན་དང་མཚུངས་པ་ཞིག་ཡོང་ཕྱིར་མཉམ་ཁྲིད་གནང་དགོས་པའི་འབོད་སྐུར་ཞུ་རྒྱུ་ཡིན། ཅེས་དང། དེ་རིང་གི་དུས་ཚིགས་ཁྱད་པར་ཅན་འདིར་འཛམ་གླིང་ས་ཕྱོགས་གང་སར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དྲན་པའི་སྒོ་ནས་དགའ་སྤྲོའི་ངང་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད་པར་བརྟེན། མགོན་པོ་གང་གི་བཀའ་དྲིན་གཟོ་བའི་རྒྱུ་མཆོག་ཏུ་གྱུར་པ་ནི་བཀའ་བཞིན་སྒྲུབ་རྒྱུ་དེ་ཡིན་སྟབས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་ནུས་པ་གང་ཡོད་མཉམ་སྤུངས་ཀྱིས་བོད་སྤྱི་པའི་རྩ་དོན་བསྒྲུབ་ཐབས་ལ་འབོད་དགོས་པ་དང་། རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་མང་གཙོའི་འགན་དཀྲི་གཞི་རྩར་བཟུང་ནས་ཕ་རོལ་པོའི་ཕུང་དཀྲུག་གཡམ་རྒྱུག་ཕྱོགས་སུ་མི་ལྷུང་བ་བྱ་གལ་ཆེ་བ་ལྟར་ཡིད་གཟབ་དགོས་པའི་དྲན་བསྐུལ་ཞུ་རྒྱུ་ཡིན། ཅེས་གསུངས་འདུགདེའི་རྗེས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨ་ཇེ་སིང་ལགས་ཀྱིས།  དེ་རིང་གི་ཁྱད་པར་ཅན་གྱི་ཉིན་མོར་འཚམས་འདྲི་དང་སྦྲགས། གལ་ཏེ་ང་ཚོས་ཉིན་གཅིག་ཁོ་ནར་སེམས་རྩེ་གཅིག་ཏུ་བསྒྲིམས་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ཉམས་སུ་བླང་ཚེ། དེ་ནི་དགེ་སློབ་བར་གྱི་དམ་ཚིགས་བཟང་ཤོས་དེ་ཡིན་སྐོར་དང་། དེ་རིང་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་བའི་ཉིན་མོ་དང་བསྟུན། ལོ་འཆར་ཅན་ལྟར་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པས་འདི་ལོ་ཡང་ཧི་མ་ཅལ་གྱི་དུས་ཆེན་(Himachal Festival 2020)ཐོག་ཕེབས་རྒྱུར་འབོད་སྐུལ་ཞུ་ཡི་ཡོད་སྐོར་སོགས་གསུངས་སོང་།བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བཀའ་ཤག་གི་བསྒྲགས་གཏམ་སྒྲོགས་སྦྱང་གནང་སྐབས། བོད་མི་རྣམས་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བར་གྱུར་ཡོད་པ་མ་ཟད། བོད་ཀྱི་བདེན་མཐའ་གསལ་བར་ཕན་རླབས་ཆེན་པོ་འགྱུར་བཞིན་པ་སོགས་མི་ལོ་ ༦༠ རིང་ཕྱི་ནང་མཛད་འཕྲིན་མཐའ་ཡས་པ་བསྐྱངས་པའི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་དྲིན་གཟོ་ཞུ་བར་སྟོང་གསུམ་རིན་ཆེན་དང་པོས་བཀང་ཡང་གཞལ་དུ་མེད་ཀྱང་། མེ་ཏོག་ཆུང་ཡང་མཆོད་པའི་རྫས་ཀྱི་དཔེ་ལྟར། ཕྱི་ལོ་ ༢༠༢༠ ལོ་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན། ལོ་དེའི་ནང་བོད་མི་ཡོངས་ཀྱིས་ྋརྒྱལ་བའི་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་བོད་མིའི་སྤྱི་མཐུན་བསོད་ནམས་གསོག་ཆེད་དུ་ཆོས་ཕྱོགས་ཀྱི་དགེ་སྒྲུབ་ཀྱི་བྱ་བ་སྔར་ལྷག་བསྒྲུབ་དགོས་པ་མ་ཟད། ྋརྒྱལ་བའི་ཐུགས་ཀྱི་དམ་བཅའ་བཞིས་གཙོས་པའི་མཛད་པ་འཕྲིན་ལས་རྣམས་གོང་འཕེལ་གཏོང་རྒྱུར་རང་འཁྲིའི་ལས་འགན་དང་བཀའ་བཞིན་སྒྲུབ་པའི་མཆོད་པར་བསམས་ཏེ་འབད་བརྩོན་ཞུ་དགོས་པ་མ་ཟད། བོད་ཀྱི་རྩ་དོན་ལ་ཕན་པའི་ཆབ་སྲིད་ལས་དོན་གང་མང་སྤེལ་དགོས་ཅིང་། ཆོལ་གསུམ་བོད་རིགས་ཡོངས་རྫོགས་དམ་ཚིག་གཅིག་སྒྲིལ་དགོས་པའི་བཀའ་དགོངས་བཞིན་བོད་འབངས་ཡོངས་ནས་སྔར་ལྷག་ཞུ་རྒྱུའི་ཁས་ལེན་བརྟན་པོ་འཇོག་རྒྱུ་ཡིན། ཅེས་དང་། ད་རེས་ཀྱི་གོ་སྐབས་འདི་བརྒྱུད་རྒྱ་གར་དབུས་སའི་གཞུང་མང་གཉིས་གཙོས་པའི་རྒྱལ་སྤྱི་ཁྱོན་ཡོངས་ནས་བོད་མི་རིགས་ཀྱི་ཆེས་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་མཐུན་འགྱུར་རོགས་རམ་དང་། བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་གནང་བར་སྙིང་དབུས་ནས་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན། ཅེས་གསུངས་འདུགམཐའ་མཇུག་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་ རྒྱལ་པི་དབང་རྒྱལ་ལགས་ནས། དེ་རིང་དུས་བཟང་གི་ཉིན་མོ་འདིར་ལ་དྭགས་དང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་འཚམས་འདྲི་ཞུས་པ་དང་སྦྲགས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་འཛམ་གླིང་སྤྱིའི་དཀའ་རྙོག་སེལ་པ་ཙམ་དུ་མ་ཟད། བོད་དོན་འཐབ་རྩོད་དེ་བཞིན་འཚེ་མེད་ཞི་བའི་ལམ་དུ་བསྒྱུར་ཡོད་པ་དང་། དེའི་ངོས་འཛིན་ཆེད་ལོ་ངོ་སུམ་ཅུའི་སྔོན་ལ་ནོལ་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་སྐོར། དེ་བཞིན་བོད་ནང་རྒྱ་ནག་གཞུང་གིས་བོད་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་འཛམ་གླིང་ཁྱོན་ཡོངས་ནས་སྐྱོན་བརྗོད་བྱེད་བཞིན་པ་དང་། ལ་དྭགས་མི་མང་ནས་ཀྱང་སྐྱོན་བརྗོད་བྱེད་ཀྱི་ཡོད་ལ་མུ་མཐུད་སྐྱོན་བརྗོད་བྱེད་ཀྱི་ཡིན་པ། ལ་དྭགས་དེ་བཞིན་དབུས་ཐད་སྐྱོང་ཁུལ་དུ་གྱུར་རྗེས་ལ་དྭགས་མི་མང་དང་བོད་མི་མང་བར་ཀྱི་མཛའ་འབྲེལ་སྔར་ལྷག་དམ་ཟབ་དུ་འགྲོ་ངེས་ཡིན་པ་ཁས་ལེན་བྱ་རྒྱུ་ཡིན་པ་དང་། ད་ལྟ་བཅའ་ཁྲིམས་དོན་ཚན་ ༣༧༠ ལ་ནང་ལ་དྭགས་ཕྱིར་ཐོན་ཏེ་དབུས་ཐད་སྐྱོང་འོག་ཡོད་པར་བརྟེན། ང་ཚོས་རེ་བར་སྲིད་བློན་མུ་དྷི་མཆོག་གི་དབུ་འཁྲིད་འོག་འབྱུང་འགྱུར་བོད་མི་མང་གི་མངོན་འདོད་འགྲུབ་པ་དང་། ལ་དྭགས་ཁུལ་གྱི་བོད་མི་ཡོངས་ལ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ནས་ལ་དྭགས་ཀྱི་ཚབ་ཞུས་ནས་ལྟ་སྐྱོང་ཡག་པོ་བྱེད་པའི་ཁས་ལེན་བྱ་རྒྱུ་ཡིན་སྐོར་དང་། ལ་དྭགས་ནས་ཡིན་པའི་དབུས་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་མཛད་སྒོ་འདིའི་ཐོག་ཕེབས་འཆར་ཡོད་ནའང་གྲོས་ཚོགས་ཀྱི་ལས་དོན་གྱི་དབང་གིས་ཕེབས་མ་ཐུབ་སྐོར་འབྲེལ་བརྗོད་གནང་སོང་།

གསར་འགོད་པ་ཀླུ་མགོན་ཐར། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༢/༡༠

Leave a Reply