གཞོན་སྐྱེས་ཀྱི་གླེང་སྟེགས་བཟོས།

དབྱིན་བོད་གཉིས་ལྡན་གྱི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཀྱི་ཚོགས་འདུ་དང་འབྲེལ་བའི་དྲ་ཚིགས་དང་གླེང་སྟེགས་མཉེན་ཆས་ཤིག་དབུ་འབྱེད་གནང་།འདི་ལོའི་ཕྱི་ཟླ་ ༨ པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཀྱི་ཚོགས་འདུ་ཐེངས་གཉིས་པའི་ཐོག གཞོན་སྐྱེས་ཀྱི་ལྔ་དང་ལྔ་བཅུར་འབྲེལ་བའི་དྲ་ཚིགས་ཤིག་དང་དྲ་རྒྱའི་གླེང་སྟེགས་ཤིག་བཟོ་དགོས་པའི་གྲོས་ཆོད་བྱུང་ཡོད་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༣༠ སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཀྱི་ཚོགས་འདུ་ཐེངས་གཉིས་པའི་ཚོགས་བཅར་བ་ལྷ་རོང་ལགས་དང་བསྟན་འཛིན་སྒྲོལ་མ་ལགས་གཉིས་ཀྱི་དྭང་བླངས་གོ་སྒྲིག་འོག་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ལྔ་དང་ལྔ་བཅུར་འབྲེལ་བའི་ལས་གཞི་ཁག་མུ་མཐུད་རྒྱུན་སྐྱོང་དང་ལག་བསྟར་ཡོང་ཐབས་སོགས་ཀྱི་ཆེད་(www.fivefiftyyouthforum.com)ཞེས་པའི་དྲ་ཚིགས་ཤིག་དང་། ལྔ་དང་ལྔ་བཅུའི་ཚོགས་བཅར་བ་རྣམས་ནས་ཕན་ཚུན་དབར་བོད་དོན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་ཡོང་ཐབས་སོགས་ཀྱི་སླད་དུ་རེ་ཝར་(Ryver)ཞེས་པའི་མཉེས་ཆས་ཤིག་བཅས་དབྱིན་བོད་གཉིས་ལྡན་གྱི་དྲ་རྒྱ་དང་དྲ་རྒྱའི་གླེང་སྟེགས་ཤིག་ཕྱི་དྲིལ་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནས་དབུ་འབྱེད་གནང་སོང་།

གསར་འགོད་ལྷན་ཚོགས་ཐོག ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུའི་ཚོགས་མི་ལྷ་རོང་ལགས་ཀྱིས། འདི་ལོའི་ཕྱི་ཟླ་ ༨ པའི་ནང་འཛམ་གླིང་ས་ཕྱོགས་གང་ས་ནས་ཤེས་ཡོན་དང་ལྷག་བསམ་ཅན་གྱི་བོད་རིགས་གཞོན་སྐྱེས་བརྒྱ་ཙམ་དྷ་སར་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པར་བཅར་བ་དང་། སྐབས་དེའི་ཚོགས་འདུའི་དམིགས་ཡུལ་དང་འཆར་སྣང་གང་ལེགས་སྒྲུབ་ཐབས་སུ་བོད་མིའི་སྒྲིག་འཛུགས་ཁོ་ནར་མ་བསྙེས་པར་གཞོན་སྐྱེས་རང་ནས་བོད་སྤྱི་པའི་རྩ་དོན་ཐོག་འགན་ཁུར་བཞེས་རྒྱུ་གལ་ཆེ་ཡིན་པའི་བསམ་ཚུལ་བྱུང་ཡོད། སྐབས་དེའི་གྲོས་ཆོད་ཀྱི་དགོངས་དོན་ལྟར། ལྔ་དང་ལྔ་བཅུའི་དྲ་རྒྱ་ཞིག་དང་གཞོན་སྐྱེས་ཕན་ཚུན་འབྲེལ་ལམ་དང་བགྲོ་གླེང་ཆེད་དྲ་རྒྱའི་གླེང་སྟེགས་ཞིག་བཟོ་སྒྲིག་ཞུས་པ་ཡིན། ང་ཚོ་དྲ་རྒྱའི་རུ་ཁག་ནང་གི་གཞོན་སྐྱེས་ཚོགས་བཅར་བ་ ༡༤ ལྷག་གིས་ཟླ་ ༤ ཙམ་རིང་དཀའ་ལས་བརྒྱབས་པ་ཡིན། ཞེས་བརྗོད་སོང་།

སྐབས་དེར་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་འཆར་གཞི་དང་འཆར་སྣང་ནང་ལྔ་དང་ལྔ་བཅུ་ལབ་དུས་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། ལྔ་དང་ལྔ་བཅུའི་ནང་ང་རང་ཚོའི་དམིགས་ཡུལ་འགྲུབ་ཐབས་གཙོས་པའི་ལས་གཞི་མང་པོ་སོགས་གལ་ཆེན་པོར་རྩིས་ཀྱི་ཡོད་དུས།ང་ཚོའི་སྤྱི་ཚོགས་ནང་ལྔ་དང་ལྔ་བཅུ་དེར་གོ་རྟོགས་ཡག་པོ་མེད་པ་དང་། འགའ་ཤས་ཀྱིས་ལྔ་ལབ་ན་བཀའ་ཤག་གི་དུས་ཡུན་ལ་གོ་ཡི་ཡོད་པ་དང་ལྔ་བཅུ་ལབ་ན་ག་རེ་རེད་ཟེར་བ་སོགས་ཡོང་གི་ཡོད་དུས། ངས་དེའི་སྐོར་ལ་ཏོག་ཙམ་ཞུས་པ་ཡིན་ན། ལྔ་ཟེར་དུས་ང་རང་ཚོ་བོད་པའི་འཐབ་རྩོད་ཀྱི་དམིགས་ཡུལ་ནི་གཞིས་བྱེས་མཉམ་འཛོམས་དང་བོད་ལ་རང་དབང་སླར་གསོ་བྱེད་ཐུབ་པ་ཞིག་བྱེད་རྒྱུ་དེ་རེད། ལོ་ལྔའི་ནང་བོད་མི་ཡོད་དོ་ཅོག་གིས་ཧུར་ཐག་འབད་ཐག་བྱས་ཏེ་ང་ཚོའི་དམིགས་ཡུལ་དེ་འགྲུབ་ཐུབ་པ་བྱེད་དགོས་ཀྱི་འདུག་ཟེར་གྱི་ཡོད། ཡིན་ནའང་། ཅི་སྟེ། ང་ཚོའི་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་ཕྱིའི་དབང་དང་ཆ་རྐྱེན་སོགས་མ་འགྲུབ་པར་ལོ་བཞི་བཅུ་ལྔ་བཅུ་ལྷག་གི་ཡོད་པ་ཡིན་ནའང་། ང་ཚོའི་འཐབ་རྩོད་རྒྱུན་འཁྱོངས་བྱེད་ཐུབ་པའི་སྒྲོམ་གཞི་བརྟན་པོ་ཞིག་བཟོ་དགོས་ཀྱི་འདུག་ལབ་ནས་དེ་ལ་ལྔ་དང་ལྔ་བཅུ་ཟེར་གྱི་ཡོད་པ་རེད། དེར་བརྟེན། ལྔ་དང་ལྔ་བཅུའི་ནང་སྒྲིག་འཛུགས་ནས་ལས་གཞི་མང་པོ་ཞིག་སྤེལ་གྱི་ཡོད་མོད། གལ་ཆེ་བ་དེ་གཞོན་སྐྱེས་ཀྱི་ལྔ་དང་ལྔ་བཅུ་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། འཆར་སྣང་དེའི་ནང་གཞོན་སྐྱེས་ཚོས་གནང་ཐུབ་པ་དང་གཞོན་སྐྱེས་ཚོ་གལ་ཆེན་པོ་ཆགས་ཀྱི་ཡོད། ལོ་ལྔའི་ནང་ང་ཚོའི་འཆར་གཞི་མ་འགྲུབ་པ་ཡིན་ན། འཐབ་རྩོད་ཀྱི་མི་རྗེས་དེ་གཞོན་སྐྱེས་ཚོ་རེད། གཞོན་སྐྱེས་ནས་གཞོན་སྐྱེས་ལ་མར་འཁུར་ཏེ་ང་ཚོའི་དམིགས་ཡུལ་དང་རང་དབང་གི་འཐབ་རྩོད་དེ་མ་འགྲུབ་བར་དུ་ང་ཚོའི་འཐབ་རྩོད་མུ་མཐུད་གནས་དགོས་ཀྱི་འདུག དེ་ལ་གཞོན་སྐྱེས་ཚོ་གལ་ཆེན་པོ་ཆགས་ཀྱི་ཡོད་དུས། ད་ལྟ་བར་དུ་གཞོན་སྐྱེས་ཚོགས་འདུ་ཐེངས་གསུམ་ཚོགས་ཟིན་པ་རེད་ལ། དེ་རིང་འདིར་གཞོན་སྐྱེས་ཁག་ཅིག་མ་སྐུལ་དྭང་བླངས་ཐོག གཞོན་སྐྱེས་ཚང་མར་གོ་རྟོགས་སྤེལ་ཐབས་སླད་དྲ་རྒྱ་བསྐྲུན་ཡོད་པ་རེད། དེ་ཡག་པོ་ཞེ་དྲགས་རེད། དེའི་ཐོག་ནས་རྒྱ་བལ་འབྲུག་གསུམ་དང་བོད་ནང་ཡོད་པའི་གཞོན་སྐྱེས་ཚོས་སོ་སོའི་མི་ཚེའི་ནང་རང་ཉིད་གཅིག་པུ་མ་ཡིན་པར་བོད་ཀྱི་རྩ་དོན་དང་འཐབ་རྩོད་ཐོག་མཐུད་རྒྱག་པ་ནི་དྲ་རྒྱ་འདིའི་དམིགས་ཡུལ་རེད་བསམ་གྱི་འདུག དེར་བརྟེན། དྲ་རྒྱ་འདི་བཟོ་མཁན་ལྷ་རོང་ལགས་དང་བསྟན་འཛིན་སྒྲོལ་མ་ལགས་གཉིས་གཙོས་པའི་ཕྱག་རོགས་གནང་མཁན་ཚང་མར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཟེར་གྱི་ཡོད། ཡང་དྲ་རྒྱ་འདི་སྤེལ་ནས་མི་འགའ་ཤས་ལ་གོ་ནོར་ཐེབས་སྲིད་པ་རེད། གཞོན་སྐྱེས་ཀྱི་ལྔ་དང་ལྔ་བཅུའི་དྲ་རྒྱའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་གནང་ཕྱོགས་དང་དྲ་རྒྱ་དེའི་སྟེང་གི་བསམ་ཚུལ་ཁག་ལ་སྟངས་འཛིན་བྱེད་ཀྱི་ཡོད་པའི་བཟོ་འདྲ་བོ་ཆགས་ཀྱི་མེད། འདིའི་དམིགས་ཡུལ་གཙོ་བོ་ག་རེ་རེད་ལབ་ན། སྒྲིག་འཛུགས་ཐོག་ནས་ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་ཅིག་འགྲོ་བསྡད་ཀྱི་རེད་དེ། གཞོན་སྐྱེས་ཚོ་རང་མོས་ཐོག་ནས་བོད་ཀྱི་རྩ་དོན་དང་འཐབ་རྩོད། བོད་མིའི་རང་དབང་སླར་གསོ་སོགས་ཀྱི་ཐོག་ག་རེ་བྱེད་ཐུབ་མིན་དང་། སོ་སོའི་བསམ་ཚུལ་དང་འཆར་སྣང་སོགས་བཏོན་སའི་སྡིངས་ཆ་དེ་ལྔ་དང་ལྔ་བཅུ་ཆགས་ཀྱི་ཡོད། དེར་བརྟེན། ཁོ་རང་ཚོས་དྲ་རྒྱ་བཟོས་ཡོང་དུས་གཞོན་སྐྱེས་ཚང་མས་ཐུགས་སྣང་གནང་རོགས་གནང་། ཞེས་གསུངས་སོང་།

དྲ་རྒྱ་གསར་པ་དང་འབྲེལ་བའི་གསལ་བསྒྲགས་ནང་། མཉེན་ཆས་རཻ་ཝར་(Ryver)འདི་ནི་ཚོགས་བཅར་བ་རྣམས་ཕན་ཚུན་བོད་དོན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་བསམ་ཚུལ་བགྲོ་གླེང་བྱེད་སའི་དྲྭ་ཐོག་གླེང་སྟེགས་ཤིག་ཡོང་ཐབས་དང་།  ལྔ་དང་ལྔ་བཅུར་འབྲེལ་བའི་བསམ་ཚུལ་བརྗེ་ལེན་དང་ལས་གཞི་ཁག་མུ་མཐུད་རྒྱུན་འཁྱོངས་དང་ལག་བསྟར་ཡོང་ཐབས་ཙམ་དུ་མ་ཟད་ལྔ་དང་ལྔ་བཅུའི་ཚོགས་འདུའི་དམིགས་ཡུལ་སྒྲུབ་ཐབས་སུ་དམིགས་པ་ཞིག་ཡིན།

དེའི་ཕྱིར་ལྔ་དང་ལྔ་བཅུའི་གཞོན་སྐྱེས་གླེང་སྟེགས་ཀྱི་དྲྭ་རྒྱ་དང་དྲ་ཐོག་གླེང་སྟེགས་འདི་བཞིན་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གཉིས་པའི་ཚོགས་བཅར་བ་ཁག་ཅིག་གིས་མ་སྐུལ་དྭང་བླངས་ཐོག་ནས་གསར་བཟོ་ཞུས་པ་ཞིག་ཡིན། དྲ་རྒྱའི་འགྲོ་གྲོན་ཆ་ཚང་ཚོགས་བཅར་བ་རང་ངོས་ནས་ཐབས་ཤེས་ཞུས་པ་དང་། དེའི་དམིགས་ཡུལ་གཙོ་བོ་རང་ཁ་རང་གསོའི་ངོ་བོ་དང་གཞན་རྟེན་མ་ཡིན་པའི་མིག་དཔེ་སྟོན་ཐབས་ཡིན། དྲ་རྒྱའི་སྟངས་འཛིན་གྱི་འགན་དབང་ཆ་ཚང་ཚོགས་བཅར་བའི་དྲ་རྒྱའི་རུ་ཁག་ཁོ་ནར་ཡོད།

དྲ་ཚིགས་དང་དྲ་རྒྱའི་གླེང་སྟེགས་བཟོ་དགོས་པའི་དམིགས་ཡུལ་གསུམ་ཡོད་པ་ནི་༡༽བོད་མི་གཞོན་སྐྱེས་སྤྱི་དང་བྱེ་བྲག་ཏུ་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་བཅར་བ་རྣམས་ཕན་ཚུན་མུ་མཐུད་འབྲེལ་བ་ཡོང་ཐབས་དང་བསམ་ཚུལ་བརྗེ་ལེན་བྱེད་སའི་སྡིངས་ཆ་བསྐྲུན་ཐབས་བྱ་རྒྱུ་དང་། ༢༽ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་དང་འབྲེལ་བའི་ཡིག་ཆ་དང་ལས་འཆར། ཚོགས་བཅར་བ་དང་གཞོན་སྐྱེས་ཀྱི་མགྲིན་ཚབ་པ་ངོ་སྤྲོད། གཞུང་འབྲེལ་བརྙན་པར། ཚོགས་བཅར་བ་ཁག་གིས་སྤེལ་བའི་ལས་གཞི་སོགས་སྟབས་བདེའི་ངང་མང་ཚོགས་དང་འབྲེལ་ཡོད་རྣམས་ཀྱི་ཕྱག་ཏུ་སོན་ཐབས་ཞུ་རྒྱུ་དང་།

༣༽འབྱུང་འགྱུར་ལྔ་དང་ལྔ་བཅུའི་ཚོགས་འདུའི་ནང་གཞོན་སྐྱེས་གང་མང་གིས་ཆ་ཤས་ལེན་པར་སེམས་འགུལ་ཐེབས་ཐབས་དང་། ལྔ་དང་ལྔ་བཅུའི་སྔ་ཕྱི་བར་གསུམ་གྱི་ཚོགས་འདུའི་ཚོགས་བཅར་བ་རྣམས་འཛམ་གླིང་ས་ཕྱོགས་གང་དུ་བཞུགས་ཡོད་ཀྱང་ཚང་མས་ནུས་པ་མཉམ་སྤུངས་དང་སྟོབས་ཤུགས་མཉམ་བསྒྲིལ་ཐོག་ལས་འཆར་གང་མང་རྩོམ་རྒྱུའི་བློ་སྟོབས་རྒྱུན་སྲིང་གནས་ཐབས་བཅས་ཡིན་འདུག

མཇུག་ཏུ་དྲ་ཚིགས་དང་དྲ་རྒྱའི་གླེང་སྟེགས་དང་འབྲེལ་ནས་རེ་སྐུལ་ཞིག་ཞུས་ཡོད་པའི་ནང་། ཆེད་དུ་བཟོས་པའི་དྲ་རྒྱ་འདི་ཉིད་དང་དྲྭ་ཐོག་གླེང་སྟེགས་འདི་གཉིས་བརྒྱུད་གཞོན་སྐྱེས་ཚོའི་ནུས་པ་གོང་འཕེལ་གཏོང་ཐབས་ཀྱི་སྡིངས་ཆ་ཞིག་བསྐྲུན་པའི་ཐོག་བོད་ཕྱི་ནང་གི་བོད་མི་ཚོའི་ཆབ་སྲིད་དང་། སྤྱི་ཚོགས། དཔལ་འབྱོར། རིག་གཞུང་བཅས་པའི་ནུས་ཤུགས་མཉམ་སྤུངས་དང་མི་ཉམས་གོང་འཕེལ་ཐོག་བརྒྱུད་འཛིན་ཐུབ་པའི་ཞབས་འདེགས་སྒྲུབ་པའི་རེ་བ་ཅི་ཆེ་ཞུ་བཞིན་ཡོད། ཅེས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༢/༡༡

Leave a Reply

3 thoughts on “གཞོན་སྐྱེས་ཀྱི་གླེང་སྟེགས་བཟོས།

  1. ག་དུས་ཡིན་ཡང་བོད་གཞུང་ལ་ཟུར་ཟ་སྐྱོན་བརྗོད་་་་ ངག་འཁྱལ་འཆལ་གཏམ་ཁོ་ན་བཤད་པ་ནི་
    ཕ་ཡུལ་བཙན་འཁྲོག་པའི་འདོད་པ་སྒྲུབ་བཞིན་པ་རེད།
    ཡང་༧གོང་ས་མཆོག་ལ་མཚན་སྨད་ཟུར་ཟ་བྱེད་མཁན་རེ་གཉིས་ཡོད་སྲིད་པ་ནི་དེ་ཚོ་ནི་དམར་པོའི་མ་དངུལ་
    ཟ་མཁན་མ་གཏོགས་གཞན་སུ་ཡང་མེད།
    རིན་ཆེན་རང་སྲོག་ཤོར་ཡང་བླ་མར་མཚན་སྨད་མི་ཞུའི་དམ་བཅའ་ཡིན།
    སྟོགས་ནས་རང་ཤི་དགོས་ཀྱང་རང་ཞུང་ལ་ཟུར་ཟ་མི་བཤད་དམ་བཅའ་ཡིན།

  2. གཞུང་པ་ཚེ་དབང་བསོད་ནམས།

    ཧཧ་ད་མང་པོ་མི་བཤད་རྩ་་ཁྲིམས་དང་བཅའ་ཁྲིམས་མ་ནོར་བ་གནང་རོགས་ཐུགས་རྗེའི་གཟིགས་སྐུ་མཁྱེན་ལྔ་དང་ལྔ་བཅུའི་འཆར་སྣང་དེ་ང་ཚོའི་མཐར་ཐུག་གི་སྲིད་ཇུས་ལ་གཏན་འཁེལ་དགོས་ན་དང་པོ་འཛིན་སྐྱོང་བཀའ་ཤག་ནས་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་སྟེང་ལས་འཆར་འགོད་འབུལ་རྒྱུད་ནས་སྤྱི་འཐུས་གྲོས་ཚོགས་ནས་སྲིད་ཇུས་གཏན་འབེབས་ཀྱི་ཁྲིམས་འཆར་རམ་གྲོས་ཆོད་རྒྱུད་ནས་འགྲོ་དགོས་པ་ལས་ཁྲིམས་དང་སྒྲིག་གཞིའི་རྒྱབ་ལྗོངས་གང་ཡང་མེད་པར་ལྔ་དང་ལྔ་བཅུ་ཟེར་བའི་ཐ་སྙད་འདི་ཁྲིམས་མཐུན་ཡིན་དང་ཁྲིམས་འགལ་ཡིན་རིམ་པས་གསལ་པོ་ཆགས་ཐུབ་ཞིག་མ་རེད་དམ་ཧཧཧ

  3. བསོད་ནམས་རྒྱལ་མཚན།

    དབྱིན་བོད་གཉིས་ལྡན་གྱི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཀྱི་ཚོགས་འདུ་དང་འབྲེལ་བའི་དྲ་ཚིགས་དང་གླེང་སྟེགས་མཉེན་ཆས་ཤིག་དབུ་འབྱེད་གནང་། འདི་ནོར་འདུག དབྱིན་བོད་གཉིས་ལྡན་གྱི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཀྱི་ཚོའི་ གླན་བརྟགས་ཀྱི་ དྲ་ཚིགས་མཉེན་ཆས་ཤིག་དབུ་འབྱེད་གནང་། འདི་འདྲ་བཀོད་ན་ཡག་པ་འདུག བློ་བཟང་སེང་གེའི་བོད་ཀྱི་རྩ་ཁྲིམ་ལ་བརྩིས་སྲུང་མེད་པ་ལ་ ཁོའི་ལྔ་དང་ལྔ་བཅུ་ལ་བརྩིས་སྲུང་བྱེད་མཁན་ འུག་པ་མེད་ན་གང་ཡིན། བོད་པ་ཚང་ཤེས་པར་བགྱིས་ལ། དེང་སང་ལོ་རེ་ནས་ལོ་རེ་༧གོང་ས་མཆོག་ལ་ཟུར་ཟ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། ང་ཚོའི་རྒྱ་དམར་ལ་༧རྒྱལ་བའི་ཡང་སྲིད་ལ་རྐྱོན་བརྗིད་བྱེད་པ་ལས་ དེ་པ་༧གོང་ས་མཆོག་ལ་ཟུར་ཟ་ ཚན་སྨད་ཞུ་མཁན་ Virus བོད་པ་གསོར་སྐམ་པ་ཇེ་མང་དུ་འགྲོ་བཞིན་པ་ཚོ་ལ་སྤྱང་གྲུང་དང་དོགས་ཟོན་བྱེད་རྒྱུ་འགལ་ཆེ་ལགས། གྲ་བོ་ཕྱི་ལ་མེད། ནང་ལ་ཡོད་དོ།