འཛམ་གླིང་རྒྱལ་ཁབ་གསར་ཤོས་ཤིག་ཐོན་རེ་འདུག

ལྷོ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་གླིང་ཕྲན་ཆུང་ཆུང་བྷུ་གྷན་ཝིལ་གྱིས་འོས་བསྡུའི་ལམ་ནས་རང་བཙན་རྒྱལ་ཁབ་ཅིག་ཆགས་པར་གོམ་པ་དང་པོ་སྤོས།དེ་རིང་ལྷོ་ཞི་བདེ་རྒྱ་མཚོ་ཁུལ་གྱི་བྷུ་གྷན་ཝིལ་ (Bougainville) གླིང་ཕྲན་ས་ཁུལ་གྱིས་གསལ་བསྒྲགས་སྤེལ་བ་ལྟར་ན། འདས་པའི་བདུན་ཕྲག་གཅིག་རིང་། གླིང་ཕྲན་རྒྱལ་ཁབ་པཱ་པཱ་ནེའུ་གྷེ་ནི་ཡ་ (Papua New Guinea) ནས་རང་བཙན་ནམ། ཡང་ན་ཚད་མཐོའི་རང་སྐྱོང་དགོས་པའི་ཐོག་ལ་མང་མོས་འོས་བསྡུ་བྱས་པ་བརྒྱུད། འོས་ལྡུག་མཁན་གྱི་མི་གྲངས་བརྒྱ་ཆ་ ༩༨ ལྷག་གིས་རང་བཙན་དགོས་པའི་གདམ་ཀ་བྱས་ཡོད་པར་བརྟེན། མི་འབོར་འབུམ་ ༣ ལྷག་ལས་མེད་པའི་བྷུ་གྷན་ཝིལ་གླིང་ཕྲན་ས་ཁུལ་དེ་འཛམ་གླིང་སྟེང་གི་རང་བཙན་རྒྱལ་ཁབ་གསར་ཤོས་ཤིག་ཏུ་འགྱུར་རྒྱུའི་མགོ་རྩོམ་གྱི་ཡོད་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་བྷུ་གྷན་ཝིལ་གྱི་ལྷོ་བརྒྱུད་བྷུ་ཀཱ་ (Baku) གྲོང་སྡེའི་ནང་བྷུ་གྷན་ཝིལ་མང་མོས་འོས་བསྡུ་ཚོགས་ཆུང་གི་ཚོགས་གཙོ་བྷེར་ཏི་ཨན་ (Bertie Ahern) གྱིས་འོས་བསྡུའི་མཇུག་འབྲས་གསལ་བསྒྲགས་བྱེད་སྐབས། ཕྱོགས་ཚང་མས་འོས་བསྡུའི་མཇུག་འབྲས་ལ་ངོས་འཛིན་བྱེད་དགོས་པ་དང་། ད་ལན་གྱི་འོས་བསྡུ་དེ་ནི་བྷུ་གྷན་ཝིལ་བ་རྣམས་ཀྱི་ཞི་བདེ་དང་། ལོ་རྒྱུས། མ་འོངས་པ་ཡིན་ཞིང་། དེས་མཚོན་ཆ་ལས་སྨྱུ་གུའི་སྟོབས་དེ་གོང་ན་མེད་པ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད་སྐོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༣ ནས་མགོ་འཛུགས་བྱས་པའི་རང་བཙན་དང་ཚད་མཐོའི་རང་སྐྱོང་གི་མང་མོས་འོས་བསྡུའི་ནང་། བྷུ་གྷན་ཝིལ་གྱི་ཁྱོན་མི་གྲངས་འབུམ་ ༣ ཁྲོད་ནས་མི་གྲངས་ ༡,༨༡,༠༦༧ ཙམ་མཉམ་ཞུགས་བྱས་པའི་ཁྲོད། མི་གྲངས་ ༣༠༤༣ ཙམ་གྱིས་ཚད་མཐོའི་རང་སྐྱོང་གི་གནས་བབ་འོག་མུ་མཐུད་པཱ་པཱ་ནེའུ་གྷེ་ནི་ཡའི་ཁོངས་སུ་ཞུགས་རྒྱུ་བདམས་ཡོད་ཅིང་། མི་གྲངས་ ༡,༧༦,༩༢༨ གིས་རང་བཙན་དགོས་པའི་སེམས་ཐག་བཅད་ཡོད་པ་དང་། ལྷག་འཕྲོ་འོས་གྲངས་ ༡༠༩༦ རྩིས་མེད་ཆགས་ཡོད་འདུག

ཕྱི་ལོ་ ༡༩༧༥ ལོར་པཱ་པཱ་ནེའུ་གྷེ་ནི་ཡར་རང་བཙན་ཐོབ་རྗེས། བྷུ་གྷན་ཝིལ་གླིང་ཕྲན་ཡུལ་དེའི་ཞིང་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། རིང་པོར་མ་འགོར་བར་བྷུ་གྷན་ཝིལ་གླིང་ཕྲན་གྱིས་རང་བཙན་བསྒྲགས་གཏམ་སྤེལ་ཡང་ལམ་ལྷོངས་མ་བྱུང་བར་བརྟེན། ཕྱི་ལོ་ ༡༩༩༨ ལོར་དབུས་གཞུང་གིས་བྷུ་གྷན་ཝིལ་ནང་གི་རང་བྱུང་གཏེར་ཁ་སྔོག་འདོན་གྱི་ཁེ་ཕན་སྙོམ་སྒྲིག་མ་བྱས་པ་དང་། དཔལ་འབྱོར་ཉམས་རྒུད་སོགས་ཀྱི་རྒྱུ་མཚན་གྱིས། བྷུ་གྷན་ཝིལ་གླིང་ཕྲན་ནང་ཁ་བྲལ་གྱེན་ལོག་ཤོག་ཁག་གི་མགོ་འཁྲིད་དེ་ལོ་ ༩ རིང་པཱ་པཱ་ནེའུ་གྷེ་ནི་ཡ་གཞུང་ལ་འཇབ་རྒོལ་དམག་འཐབ་བྱས་པ་དང་། དེའི་མཇུག་འབྲས་ལ་མི་གྲངས་ཁྲི་ ༢ ལྷག་གིས་ཚེ་སྲོག་ཤོར་ཡོད་པར་བཤད། གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་པའི་སྐབས་དང་བསྟུན། ཕྱི་ལོ་ ༡༩༩༧ ལོར་ཨོ་གླིང་ཚུད་པའི་ཕྱིའི་རྒྱལ་ཁབ་ཁག་གིས་ཕྱོགས་གཉིས་ཀྱི་རྩོད་རྙོག་འདུམ་སྒྲིག་བྱས་ཏེ་ཞི་བདེའི་ཆིངས་ཡིག་བཞག་པ་དང་། ཆིངས་ཡིག་དེའི་དགོངས་དོན་གཞིར་བཟུང་ཕྱི་ལོ་ ༢༠༠༥ ལོར་བྷུ་གྷན་ཝིལ་གླིང་ཕྲན་དེ་ཞིང་ཆེན་ནས་རང་སྐྱོང་ཁུལ་ཞིག་ཏུ་འཕོས་ཡོད་པ་མ་ཟད། ཆིངས་ཡིག་ནང་ཕྱི་ལོ་ ༢༠༢༠ ཡར་སྔོན་དུ་བྷུ་གྷན་ཝིལ་མི་མང་ལ་མུ་མཐུད་པཱ་པཱ་ནེའུ་གྷེ་ནི་ཡའི་ཁོངས་སུ་ཞུགས་མིན་གྱི་མང་མོས་བསྡུ་བྱ་རྒྱུའི་འགན་ལེན་སྤྲད་ཡོད་པ་གཞིར་བཟུང་། ད་ཐེངས་ཀྱི་འོས་བསྡུ་འདི་བྱས་ཡོད་ཀྱང་མཐའ་མའི་ཐག་གཅོད་དེ་པཱ་པཱ་ནེའུ་གྷེ་ནི་ཡའི་གྲོས་ཚོགས་ཀྱི་ལག་ཏུ་ཡོད་སྟབས། ད་ཐེངས་ཀྱི་འོས་བསྡུ་དེ་ནི་བྷུ་གྷན་ཝིལ་གླིང་ཕྲན་གྱིས་རང་བཙན་གྱི་རྒྱལ་ཁབ་ཅིག་བྱེད་པའི་གོམ་པ་ཐོག་མ་དེ་ཡིན་པ་དང་། ད་དུང་དུས་ཡུན་གང་འཚམ་འགོར་རྒྱུའི་ཚོད་དཔག་བྱེད་ཀྱི་འདུག

སྤྱིར་པཱ་པཱ་ནེའུ་གྷེ་ནི་ཡ་གཞུང་གིས་བྷུ་གྷན་ཝིལ་གླིང་ཕྲན་དེར་རང་བཙན་སྤྲོད་འདོད་བྱེད་ཀྱི་མེད། དེའི་རྒྱུ་མཚན་གཅིག་ནི་བྷུ་གྷན་ཝིལ་གླིང་ཕྲན་དེ་རང་བྱུང་གཏེར་ཁའི་བང་མཛོད་ཅིག་ཡིན་ཞིང་། ཕྱི་ལོ་ ༡༩༩༨ ལོའི་སྡེ་གཟར་ཡར་སྔོན་དུ་བྷུ་གྷན་ཝིལ་གླིང་ཕྲན་དེ་པཱ་པཱ་ནེའུ་གྷེ་ནི་ཡའི་ས་ཁུལ་ཕྱུག་ཤོས་ཤིག་ཡིན་འདུག ཕྱོགས་གཞན་ནས་གལ་ཏེ་བྷུ་གྷན་ཝིལ་ལ་རང་བཙན་སྤྲད་ཚེ། མ་འོངས་པར་ཞིང་ཆེན་གཞན་དག་གིས་ཀྱང་རང་སྐྱོང་ངམ། ཡང་ན་རང་བཙན་ལྟ་བུ་རྩོད་སྲིད་པར་ཞེད་སྣང་བྱེད་ཀྱི་ཡོད་འདུག ཡིན་ན་ཡང་། དབྱེ་ཞིབ་པ་མང་པོས་གལ་ཏེ་པཱ་པཱ་ནེའུ་གྷེ་ནི་ཡ་གཞུང་གིས་ད་ཐེངས་ཀྱི་འོས་བསྡུར་གཞིགས་ཏེ། བྷུ་གྷན་ཝིལ་ལ་རང་བཙན་མ་སྤྲོད་ཚེ། ཁུལ་དེར་ལོ་ངོ་ ༢༠ ཡར་སྔོན་གྱི་གྱེན་ལོག་ཟིང་འཁྲུག་བསྐྱར་དུ་འབྱུང་མི་སྲིད་པ་ཞིག་མིན་སྐོར་བརྗོད་འདུགཡང་གསར་ལམ་གཞན་གྱི་གནས་ཚུལ་ནང་། ཨོ་གླིང་གཙོ་བོར་བྱས་པའི་ཨ་རི་དང་ནེའུ་ཇི་ལན་ཌི། ཉི་ཧོང་། རྒྱ་ནག་བཅས་ཀྱིས་བྷུ་གྷན་ཝིལ་གྱི་མང་མོས་འོས་བསྡུར་དཔལ་འབྱོར་གྱི་རོགས་སྐྱོར་བྱས་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གིས་ཉེ་ཆར་ཞིག་ནས་ཞི་བདེ་རྒྱ་མཚོའི་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་དང་ས་ཁུལ་ཁག་ལ་དོ་སྣང་དམིགས་བསལ་བྱས་པ་བརྒྱུད། འདི་ལོ་གཅིག་པོར་ཁུལ་དེའི་སོ་ལོ་མོན་གླིང་ཕྲན་རྒྱལ་ཁབ་ (Solomon Islands) དང་། ཀི་རི་བྷ་ཏི་ (Kiribati) གླིང་ཕྲན་རྒྱལ་ཁབ་གཉིས་ལ་ཕྱི་འབྲེལ་བཙུགས་ཏེ་འབྲེལ་ལམ་ཟབ་ཏུ་གཏོང་ཐབས་བྱེད་ཀྱི་ཡོད་པ་དང་། ད་ཐེངས་ཀྱང་རྒྱ་ནག་གིས་ཆེད་དུ་བྷུ་གྷན་ཝིལ་ནང་སྐུ་ཚབ་མངགས་གཏོང་བྱས་ཡོད་སྐོར་བཀོད་འདུག

འཛམ་གླིང་རྒྱལ་ཁབ་ཁག་མང་པོའི་ནང་གླིང་ཕྲན་དང་ཡང་ན་མངའ་སྡེ་མང་པོས་རང་བཙན་དང་། རང་སྐྱོང་ཚད་མཐོ་རྩོད་བཞིན་ཡོད་ལ། དེ་དག་མང་པོ་ཞིག་སྲིད་གཞུང་ཞིག་གི་དབང་ཤུགས་འོག་དངོས་ཤུགས་བརྒྱུད་གསུམ་ནས་དྲག་པོས་བཙན་བཟུང་འོག་ཡོད་ཀྱང་། དམངས་གཙོའི་ལམ་ལུགས་ལྟར་འོས་བསྡུ་བྱས་པ་བརྒྱུད་རྩོད་རྙོག་ཐག་གཅོད་ཡོང་ཐབས་བྱེད་མཁན་ཡང་གང་འཚམ་ཡོང་གི་ཡོད་པ་དཔེར་ན། ཕྱི་ལོ་ ༢༠༡༡ ལོར་ལྷོ་བརྒྱུད་སུ་དྷན་ (South Sudan) གྱིས་མང་མོས་འོས་བསྡུ་བྱས་པ་བརྒྱུད་སུ་དྷན་(Sudan) ནས་རང་བཙན་ཐོབ་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༢ པའི་ནང་ལྷོ་བརྒྱུད་ཡུ་རོབ་ཀྱི་ཀོ་སོ་ཝོ་(Kosovo)ལ་སེར་བྷི་ཡ་ ( Serbia) ནས་རང་བཙན་ཐོབ་སྟེ། ཀོ་སོ་ཝོ་སྤྱི་མཐུན་རྒྱལ་ཁབ་བཙུགས་ཡོད་འདུག  འོན་ཀྱང་ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་ཕྱེད་ཀ་ཙམ་གྱིས་མ་གཏོགས་ཀོ་སོ་ཝོའི་རང་བཙན་གནས་བབ་ངོས་འཛིན་བྱེད་ཀྱི་མེད་པ་རེད། གཞན་ཡང་ཕྱི་ལོ་ ༢༠༠༦ ལོར་མོན་ཏེ་ནེག་རོ་དང་སེར་བྷི་ཡ་ (Montenegro and Serbia)། ཕྱི་ལོ་ ༢༠༠༢ ལོར་ཤར་ཏི་མོར་(East Timor) བཅས་དུས་རབས་ཉེར་གཅིག་པའི་ནང་ཡུལ་ལུང་ཆུང་ཆུང་དུ་མར་རང་བཙན་ཐོབ་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༢/༡༡

Leave a Reply