འདི་ལོར་གསར་འགོད་པ་མང་ཤོས་བཙོན་འཇུག་བྱེད་མཁན་རྒྱ་ནག་རེད།

རྒྱལ་སྤྱིའི་གསར་འགོད་རང་དབང་ལྟ་ཞིབ་ཚོགས་པའི་སྙན་ཐོ་ལྟར་ན་འདས་ལོ་དང་བསྡུར་ན་རྒྱལ་སྤྱིའི་ཁྱོན་ཡོངས་སུ་གསར་འགོད་པ་བཙོན་འཇུག་གི་གྲངས་འབོར་ཇེ་ཉུང་དུ་ཕྱིན་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན། རྒྱལ་སྤྱིའི་གསར་འགོད་རང་དབང་ལྟ་ཞིབ་(The press freedom watchdog)ཚོགས་པས་ཕྱི་ལོ་ ༢༠༡༩ ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་སྙན་ཐོ་བཏོན་པའི་ནང་། འདི་ལོར་འཛམ་གླིང་ཁྱོན་ཡོངས་ནང་གསར་འགོད་པ་ ༢༥༠ ལྷག་བཙོན་འཇུག་བྱས་ཡོད་པ་དང་། དེ་དག་གི་ཁྲོད་ནས་རྒྱ་ནག་གཞུང་གིས་གསར་འགོད་པ་ ༤༨ བཙོན་འཇུག་དང་ཊར་ཁེ་གཞུང་གིས་གསར་འགོད་པ་ ༤༧ དང་། དེ་བཞིན་སོ་ཌན་ཨ་ར་བྷེ་ཡ་དང་ཨེ་ཇབ་གཉིས་ནས་གསར་འགོད་པ་ ༢༦ བཅས་བཙོན་འཇུག་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་ལོ་ལྟར་གསར་འགོད་པའི་ཐོག་དྲག་གནོན་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། འདི་ལོར་རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་གི་གྲངས་འབོར་མང་ཤོས་དང་གསར་འགོད་རང་དབང་གི་གནས་སྟངས་སྡུག་ཤོག་ཆགས་ཡོད་འདུག

གསར་འགོད་རང་དབང་ལྟ་ཞིབ་ཚོགས་པས། འདི་ལོར་རྒྱ་ནག་ནང་གསར་འགོད་པ་ཁྱོན་ ༤༨ བཙོན་འཇུག་བྱས་ཏེ་འདས་ལོ་ལས་གསར་འགོད་པ་བཙོན་འཇུག་གནས་སྟངས་ཇེ་མང་དུ་ཕྱིན་ཡོད་པ་དང་།  དེ་ནི་ཞི་ཅིན་ཕིན་གྱི་གསར་འགོད་རང་དབང་ལ་དྲག་གནོན་བྱས་པའི་སྲིད་ཇུས་ཤིག་ཡིན་པ་རེད། ཅེས་བརྗོད་ཡོད་པ་དང་། འདི་ལོར་རྒྱ་ནག་གཞུང་གིས་གསར་འགོད་པ་བཙོན་འཇུག་བྱས་པའི་གྲངས་འབོར་དེ་ནི་འདས་པའི་ལོ་ངོ་ ༣ རིང་གི་གྲངས་འབོར་མང་ཤོས་དེ་ཆགས་ཡོད་ཀྱང་། ཁ་སང་གསར་འགོད་རང་དབང་ལྟ་ཞིབ་ཚོགས་པས་སྙན་ཐོ་ཡོངས་བསྒྲགས་བྱས་པ་དང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ཧྭ་ཁྲིན་ཡེན་(Hua Chunying)ཟེར་བས། རྒྱ་ནག་གཞུང་གིས་གསར་འགོད་རང་དབང་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་དང་། མི་སུ་གཅིག་ཀྱང་ཁྲིམས་ཀྱི་སྒང་ལ་མེད་སྐོར་བརྗོད་ཡོད་འདུག

སྙན་ཐོའི་ནང་འདི་ལོར་བཙོན་འཇུག་བྱས་པའི་གསར་འགོད་པ་མི་སྒེར་ཁག་ཅིག་གི་གནད་དོན་གླེང་སློང་དང་འབྲེལ། གསར་འགོད་པ་དེ་དག་གི་ཁྲོད་ཧོང་ཀོང་མི་མང་གི་ཞི་རྒོལ་ལས་འགུལ་སྐོར་གྱི་གནས་ཚུལ་སྤེལ་མཁན་རྒྱ་ནག་གི་གསར་འགོད་པ་(Sophia Huang Xueqin)ལགས་ཀྱི་སྐོར་དང་། དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཨེ་རན་ནང་གི་རྒྱལ་ཁབ་དེའི་དཔལ་འབྱོར་གྱི་གནས་སྟངས་སྐོར་ལ་གནས་ཚུལ་སྤེལ་མཁན་གསར་འགོད་པ་མོ་ཧཱམ་མཱ་ཌི་(Mohammad Mossaed)ལགས་ཀྱི་སྐོར་བཅས་བཀོད་འདུག

ཡང་སྙན་ཐོའི་ནང་། འདི་ལོར་ཊར་ཁེ་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཁག་ ༡༠༠ ལྷག་སྒོ་བརྒྱབ་བཅུག་སྟེ། གསར་འགྱུར་ལས་རིགས་དང་འབྲེལ་བའི་ལས་བྱེད་ཚོར་དྲག་སྤྱོད་པའི་ཉེས་མིང་དང་གསར་འགོད་པ་མང་པོ་ཞིག་ལས་གནས་ནས་ཕྱིར་འཕུད། དེ་བཞིན། འབྲེལ་ཡོད་མི་མང་པོ་ཞིག་ལ་འཇིགས་སྐུལ་བྱེད་བཞིན་ཡོད་པ་རེད། བཙོན་འཇུག་འོག་མེད་པའི་གསར་འགོད་པ་མང་པོ་ཞིག་ལ་ད་དུང་ཡང་འདྲི་གཅོད་དང་གོང་ཞུ་སོགས་བྱས་ཏེ་བཙོན་འཇུག་གི་ཁྲིམས་ཆད་ཕོག་གི་ཡོད་པ་དང་། གཞན་གསར་འགོད་པ་མང་པོ་ཞིག་ཕྱིར་ཊར་ཁེ་ནང་ལོགས་ཚེ་བཙོན་འཇུག་གི་ཁྲིམས་ཆད་འབབ་ཀྱི་ཡོད་པ་ཊར་ཁེ་གཞུང་ནས་ཡོངས་བསྒྲགས་བྱས་ཡོད་པ་རེད། ཅེས་བརྗོད་འདུག

སྙན་ཐོ་དེ་དང་འབྲེལ་ནས་ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་གསར་འགོད་པ་སྲུང་སྐྱོབ་(CPJ)ཚོགས་པས། འདི་ལོར་བཙོན་འཇུག་འོག་ཡོད་པའི་གསར་འགོད་པ་མང་ཆེ་བར་སྲིད་གཞུང་ལ་རྒྱབ་འགལ་བྱས་པ་དང་གསར་འགྱུར་རྫུན་མ་སྤེལ་བའི་ཉེས་མིང་འོག་བཙོན་འཇུག་བྱས་ཡོད་པ་དང་། དེའི་ཁྲོད་ཊེར་ཁེ་དང་སོ་ཌན་ཨ་ར་བྷི་ཡ། ཨེ་ཇབ། ཨེར་ཊི་ཡ་(Eritrea)དང་ཝི་ཏི་ནམ། དེ་བཞིན། ཨི་རན་བཅས་ཀྱི་གསར་འགོད་པ་ཡོད་པ་རེད། ཅེས་བརྗོད་འདུག

སྤྱིར་འདི་ལོའི་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་གསར་འགོད་པ་བཙོན་འཇུག་བྱས་པའི་གྲངས་འབོར་འདས་ལོ་དང་བསྡུར་ན་ཇེ་ཉུང་དུ་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་འཛམ་གླིང་ནང་གསར་འགོད་པ་ཁྱོན་ ༢༥༥ བཙོན་འཇུག་བྱས་ཡོད་པ་དང་། ད་སྔ་བར་གསར་འགོད་པ་མང་ཤོས་བཙོན་འཇུག་བྱེད་པའི་ལོ་ནི་ཕྱི་ལོ་ ༢༠༡༦ ལོ་ཡིན་པ་དང་། ལོ་དེར་འཛམ་གླིང་ཡོངས་སུ་ཁྱོན་གསར་འགོད་པ་ ༢༧༣ བཙོན་འཇུག་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༢/༡༢

Leave a Reply