རྒྱ་གར་མི་སེར་ཐོབ་ཐང་གི་ཁྲིམས་འཆར་ལ་ངོ་རྒོལ།

རྒྱ་གར་གྲོས་ཚོགས་གོང་མའི་ནང་མི་སེར་ཐོབ་ཐང་གི་ཁྲིམས་འཆར་ལ་མང་མོས་རྒྱབ་སྐྱོར་བྱས་པར་རྒྱ་གར་བྱང་ཤར་མངའ་སྡེ་ཁག་གི་མི་མང་དང་ཁ་ཆེ་བ་ཚོས་དེ་ནི་ཆབ་སྲིད་ཀྱི་གཡོ་བྱུས་ཤིག་ཡིན་སྐོར་བརྗོད་དེ་ངོ་རྒོལ་ཤུགས་ཆེར་བྱེད་བཞིན་འདུག

ཁ་སང་ཕྱི་ཚེས་ ༡༡ ཉིན་ནས་རྒྱ་གར་བྱང་ཤར་ཕྱོགས་མངའ་སྡེ་ཁག་གི་ནང་། ཉེ་སྔོན་ཕྱི་ཚེས་ ༩ ཉིན་རྒྱ་གར་གྱི་གྲོས་ཚོགས་འོག་མ་ནས་རྒྱ་གར་རྒྱལ་ཡོངས་མི་སེར་ཐོབ་ཐང་གི་ཁྲིམས་འཆར་ལ་གྲོས་ཚོགས་སུ་རྒྱབ་སྐྱོར་ཐོབ་པར་བརྟེན། ཁྲིམས་འཆར་དེས་བྱང་ཤར་མངའ་སྡེ་ཁག་གི་ནང་ཡོད་པའི་མི་མང་རྣམས་གྲངས་ཉུང་མི་རིགས་ཆགས་རྒྱུའི་ཉེན་ཁར་མཐོང་སྟེ་ངོ་རྒོལ་རྔམ་སྟོན་ཤུགས་ཆེར་བྱུང་བཞིན་ཡོད་པ་དང་། དམིགས་བསལ་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཝ་ཧ་ཏིའི་ (Guwahati) ནང་ངོ་རྒོལ་ཤུགས་ཆེན་པོ་འབྱུང་བཞིན་ཡོད་ཅིང་། ཁ་སང་ཁྲིམས་འཆར་དེར་རྒྱ་གར་གྲོས་ཚོགས་གོང་མས་མང་མོས་རྒྱབ་སྐྱོར་གྱིས་སྲིད་འཛིན་གྱི་མཚན་རྟགས་ཆེད་སྲིད་འཛིན་ལས་ཁུངས་སུ་སྤྲིངས་ཡོད་པར་བརྟེན། ཁུལ་དེའི་མི་མང་རྣམས་ཀྱིས་ངོ་རྒོལ་སྔར་བས་ཤུགས་ཆེར་བྱས་ཏེ། ངོ་རྒོལ་བ་དང་བདེ་སྲུང་ཉེན་རྟོག་པའི་བར་གདོང་ཐུག་བྱུང་བ་སོགས་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་པ་དང་བསྟུན། རྒྱ་གར་གཞུང་གིས་གྷོ་ཝ་ཧ་ཏིའི་གྲོང་ཁྱེར་ནང་ཆུ་ཚོད་ ༢༤ རིང་ཁ་པར་དྲ་རྒྱ་བཀག་བསྡོམས་དང་འདུ་འཛོམས་རང་དབང་བཀའ་སྐྱིལ་བྱས་ཡོད་འདུག

གནད་དོན་དེ་དང་འབྲེལ་ནས་སྲིད་བློན་མོ་དྷི་ཡིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཊུ་ཝི་ཊར་བརྒྱུད་ཨ་སམ་མི་མང་ལ་དྲག་སྤྱོད་ཀྱི་ལམ་ལ་མི་བསྐྱོད་པའི་རེ་སྐུལ་ཞུས་ཡོད་པ་དང་། ཁྲིམས་འཆར་དེའི་རྐྱེན་པས་མ་འོངས་པར་མཛེས་སྡུག་ལྡན་པའི་ཨ་སམ་གྱི་ཐུན་མིན་རིག་གཞུང་ལ་གཏོར་བཤིག་གང་ཡང་ཐེབས་རྒྱུ་མེད་སྐོར་བརྗོད་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་དབུས་ནང་སྲིད་བློན་ཆེན་ཨཱ་མིཏ་ཤ་ (Amit Shah) ཡིས་གྲོས་ཚོགས་ནང་། ཁྲིམས་འཆར་དེ་ཉིད་རྒྱ་གར་བྱང་ཤར་གདོད་མའི་མི་རིགས་ཐོག་དང་དམིགས་བསལ་སྲུང་སྐྱོབ་འོག་ཡོད་པའི་ས་ཁུལ་ཁག་ཏུ་ལག་ལྟར་གནང་རྒྱུ་མིན་པས། ས་གནས་དེ་དག་གི་མི་མང་ཚོས་གྲངས་ཉུང་མི་རིགས་ཆགས་རྒྱུ་རེད་བསམ་པའི་སེམས་ཁྲལ་གནང་མི་དགོས་སྐོར་བརྗོད་ཡོད་འདུག

གཞན་ཁྲིམས་འཆར་དེའི་ནང་རྒྱ་གར་དུ་ཕྱི་ལོ་ ༢༠༡༤ དང་དེའི་གོང་དུ་པཱ་ཀི་སི་ཐན་ (Pakistan) དང་ཨབ་གྷ་ནི་སི་ཐན་ (Afghanistan)། དེ་བཞིན་བྷང་ལ་དྷེ་ཤི་ (Bangladesh) བཅས་རྒྱལ་ཁབ་གསུམ་ནས་བཙན་བྱོལ་དུ་སླེབས་པའི་ནང་པ་དང་ཧིན་དྷུ། སིག ཡེ་ཤུ། པར་སི། གཅེར་བུ་བ་བཅས་ཀྱི་རྗེས་འཇུག་པ་རྣམས་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་རྒྱུ་ཡིན་སྐོར་འཁོད་ཡོད་སྟབས། དེ་རིང་རྒྱ་གར་གྱི་དབུས་ཁ་ཆེ་ཆབ་སྲིད་ཚོགས་པས་ (The Indian Union Muslim League) ཁྲིམས་འཆར་དེ་ནི་ཆོས་ལུགས་གཞི་རྩར་བཟུང་ནས་བཟོས་ཡོད་པ་དང་། ཁ་ཆེ་ཆོས་ལུགས་ལ་དམིགས་སུ་བཀར་ནས་ཟུར་ཕུད་བྱས་པ་དེ་རྒྱ་གར་གྱི་རྩ་ཁྲིམས་དང་འགལ་གྱི་ཡོད་སྐོར་བརྗོད་དེ། རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་འཆར་དེ་རྩ་ཁྲིམས་དང་འགལ་ཡོད་པའི་བཀའ་ཁྱབ་གཏོང་རྒྱུར་ཞུ་གཏུག་བྱས་ཡོད་འདུག དེ་བཞིན་ཁ་གཏད་སྲིད་དོན་ཚོགས་པས་ཀྱང་ཁྲིམས་འཆར་དེའི་ནང་ཁ་ཆེ་ཆོས་ལུགས་ཀྱི་རྗེས་འཇུག་པ་རྣམས་ལ་དེ་ལྟ་བུའི་མི་སེར་ཐོབ་ཐང་ཡོད་པ་འཁོད་མེད་པ་དང་། ཁྲིམས་འཆར་དེ་ཡི་ལྐོག་ཏུ་ཆབ་སྲིད་ཀྱི་གཡོ་བྱུས་ཆེན་པོ་ཞིག་འདིང་བཞིན་ཡོད་མ་ཟད། རྒྱ་གར་གྱི་རྩ་ཁྲིམས་ནང་ཆོས་ལུགས་ཚང་མར་ཐོབ་ཐབ་འདྲ་མཉམ་ཡིན་པ་བཀོད་པས་ཁྲིམས་འཆར་དེར་ངོ་རྒོལ་ཡོད་སྐོར་རྗོད་བཞིན་ཡོད་འདུག

མི་སེར་ཐོབ་ཐང་གི་ཁྲིམས་འཆར་དེ་ཟླ་འདིིའི་ཕྱི་ཚེས་ ༩ ཉིན་གྲོས་ཚོགས་འོག་མའི་ནང་འདོན་སྐབས། གྲོས་ཚོགས་འཐུས་མི་གྲངས་ ༣༩༡ གིས་འོས་བླུགས་པའི་ཁྲོད། འཐུས་མི་ ༣༡༡ གིས་རྒྱབ་སྐྱོར་དང་ ༨༠ ཡིས་དགག་བྱ་བྱས་ཡོད་འདུག དེ་བཞིན་ཁ་སང་ཕྱི་དྲོར་དབུས་ནང་སྲིད་བཀའ་བློན་ཨཱ་མིཏ་ཤ་ཡིས་གྲོས་ཚོགས་གོང་མའི་ནང་ཁྲིམས་འཆར་དེ་འདོན་སྐབས། རྒྱ་གར་གཞུང་འཛིན་ཚོགས་པ་དང་ཁ་གཏད་ཆབ་སྲིད་ཚོགས་པ་ཁག་གི་དབར་རྩོད་གླེང་མང་དུ་བྱུང་ཡང་། མཐར་དགོང་མོའི་ཆུ་ཚོད་ ༩།༣༠ ཙམ་ལ་འོས་བསྡུས་ཏེ། ཁྲིམས་འཆར་ལ་སྐྱོར་བྱེད་མཁན་འཐུས་མི་ ༡༢༥ དང་དགག་བྱ་བྱེད་མཁན་ ༡༠༥ བྱུང་སྟེ་མང་མོས་ཀྱི་ཐོག་ནས་གཏན་འབེབ་ཐུབ་ཡོད་སྟབས། ཡོང་འགྱུར་གྱི་ཉིན་ཤས་ནང་རྒྱ་གར་སྲིད་འཛིན་མཆོག་ལ་ཁྲིམས་འཆར་དེར་མཚན་རྟགས་བསྐྱོན་ཏེ་ཁྲིམས་ཡིག་ཏུ་གཏན་འབེབ་བྱ་རྒྱུའམ། ཡང་ན་ཁྲིམས་འཆར་དེ་ཕྱིར་སློག་བྱ་རྒྱུའི་དབང་ཚད་ཡོད་པ་རེད།

སྤྱིར་རྒྱ་གར་མི་སེར་ཐོབ་ཐང་གི་ཁྲིམས་འཆར་དེ་ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་གྲོས་ཚོགས་ནང་ཐོག་མར་གླེང་སློང་བྱུང་ཡོད་ཀྱང་། སྐབས་དེར་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཁག་གཙོས་ཁ་གཏད་ཆབ་སྲིད་ཚོགས་ཁག་གིས་ངོ་རྒོལ་ཤུགས་ཆེར་བྱས་པར་བརྟེན་རེ་ཞིག་ཕྱིར་འཐེན་མ་བྱས་ཐབས་མེད་གྱུར་ཡོད་པ་རེད།

གསར་འགོད་པ། ལྡི་ལི་ས་གནས་གསར་འགོད་པ་ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༢/༡༢

Leave a Reply

One thought on “རྒྱ་གར་མི་སེར་ཐོབ་ཐང་གི་ཁྲིམས་འཆར་ལ་ངོ་རྒོལ།

  1. གཞུང་པ་ཚེ་དབང་བསོད་ནམས།

    རྒྱ་གར་གྱི་མི་སེར་ཐོབ་ཐང་གི་ཁྲིམས་ཡིག་དེ་ང་ཚོ་བོད་མི་སྐྱབས་བཅོལ་ཚོར་ཁྱབས་ཀྱི་ཨ་ཡོད་ན།