རྒྱ་ནག་གཞུང་གིས་ཆོས་ལུགས་དད་མོས་ལ་སྔར་ལས་དམ་དྲག་བྱེད་བཞིན་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་ཨ་རིའི་རྒྱ་ནག་གཞུང་ཚབ་པས་བོད་ཡིག་གཙོའི་སྐད་ཡིག་བཞིའི་ནང་རྒྱ་ནག་གཞུང་གིས་བོད་དང་གྲངས་ཉུང་མི་རིགས་ཁག་ནང་དམ་དྲག་དང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐྱོ་བོ་ཡིན་པའི་བསྒྲགས་གཏམ་སྤེལ། 

འདི་ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན། རྒྱ་ནག་པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཆེན་མོ་སྐུ་ཞབས་ཊེ་རི་བྷེ་རན་སི་ཊཌ་ལགས་དང་ཨ་རིའི་ཤར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ལས་རོགས་དྲུང་ཆེ་སི་ཊེལ་ཝེལ་གཉིས་ཀྱི་མཚན་ཐོག་ཏུ། གཞུང་ཚབ་ཁང་གི་གཞུང་འབྲེལ་དྲ་རྒྱ་བརྒྱུད་བོད་ཡིག་གཙོའི་སྐད་ཡིག་བཞིའི་ཐོག་རྒྱ་ནག་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་ཁག་གི་ཆོས་དད་རང་མོས་དམ་དྲག་དང་། ཁོ་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སོགས་སྤྲོད་ཀྱི་མེད་པའི་བསྒྲགས་གཏམ་ཞིག་སྤེལ་འདུག

བོད་ཡིག་ཐོག་སྤེལ་བའི་བསྒྲགས་གཏམ་ནང་། བོད་མི་དང་ཡུ་གུར་བར་ཆོས་དད་རང་དབང་སྤྲོད་ཀྱི་མེད་པའི་ཐད། རྒྱ་ནག་སྲིད་གཞུང་གིས་ཆོས་ལུགས་དད་མོས་རང་དབང་ལ་སྔར་ལས་ལྷག་པའི་དམ་དྲག་དང་། ཕྱག་འཚལ་མཆོད་འབུལ་བྱེད་ཡུལ་སྒོ་བརྒྱབ་པ། ཡེ་ཤུ་བ་དང་བོད་མི་ནང་པ་སོགས་ཆོས་དད་བྱེད་མཁན་རྣམས་བཀག་ཉར་བྱེད་བཞིན་པ། དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་དང་དྲག་སྤྱོད་པར་རྒོལ་རྡུང་བྱེད་པར་ཁ་གཡར་ནས་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་ཁོངས་མི་ལ་མནར་གཅོད་གཏོང་བཞིན་པ་ནི་བློ་འཚབ་བྱེད་ཡུལ་ཞིག་ཡིན་པ་དང་། ཤར་ཏུར་ཀི་སི་ཐན་ནང་ཡུ་གུར་བ་དང་ཁ་ཆེ་གྲངས་ཉུང་མི་རིགས་གཞན་པའི་ཁོངས་མི་ས་ཡ་གཅིག་ལྷག་སོ་སོའི་མངོན་འདོད་ལ་ལྟོས་པ་མེད་པར་བཀག་བསྐྱིལ་བྱས་པ་ནི་ད་ལྟ་བསྙོན་དུ་མེད་པ་ཆགས་ཡོད་སྐོར་བཀོད་འདུག

ཡང་བསྒྲགས་གཏམ་དེའི་ནང་། འཛམ་གླིང་སྟེང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་རྒྱ་ནག་ནང་གི་སྐྱེ་བོ་དག་གི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ནི་སྔར་ལས་ཀྱང་གལ་ཆེན་དུ་གྱུར་ཡོད། རྒྱ་ནག་ནང་གི་གཞི་རྩའི་ཐོབ་ཐང་ཅི་ཙམ་སྲུང་སྐྱོབ་བྱས་ན་འཛམ་གླིང་གིས་རྒྱ་ནག་གི་མཚམས་བརྒལ་བའི་ཤུགས་རྐྱེན་ལ་དེ་ཙམ་ཡར་སྐུལ་བྱེད་ངེས་རེད། དེ་ཡིས་ད་དུང་ཨ་རི་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉིས་ཕན་འབྲེལ་ལམ་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད། ཅེས་བཀོད་འདུག

གནད་དོན་དེ་དང་འབྲེལ་ནས་པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ཊེ་རི་བྷེ་རན་སི་ཊཌ་ (Terry Branstad) ལགས་ནས། འདས་པའི་ལོ་གཅིག་ལྷག་ལ་ལས་དོན་བྱས་རིང་། རྒྱ་ནག་མི་མང་གི་འཚོ་བའི་གནས་སྟངས་སོགས་ཕྱོགས་མང་པོ་ཞིག་ཏུ་གོང་འཕེལ་འགྲོ་བཞིན་པ་མིག་མཐོང་ལག་ཟིན་བྱུང་ནའང་། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཡོངས་ཁྱབ་གསལ་བསྒྲགས་དང་རྒྱ་ནག་གི་ཁྲིམས་ཡིག་ནང་བཀོད་པའི་རང་གི་མང་ཚོགས་ཀྱི་གཞི་རྩའི་རང་དབང་སྲུང་སྐྱོབ་ཐད་གྲུབ་འབྲས་སོན་མེད་པ། རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་དང་གསར་འགོད་པ། སྤྱི་མང་གི་མགོ་ཁྲིད་དག་ཁྲིམས་འགལ་ངང་བཀག་ཉར་བྱེད་བཞིན་པ། ཚད་ལས་བརྒལ་བའི་དམ་དྲག་དང་གསང་བའི་ལྟ་རྟོག བཙན་དབང་གིས་ངལ་རྩོལ་ལས་བཀོལ་བྱེད་པ་དང་ཆོས་ལུགས་ཀྱི་དད་མོས་ལ་དམ་དྲག མི་སྒེར་གྱི་རིགས་རྒྱུད་(DNA)རྒྱ་ཆེར་བསྡུ་རུབ་བྱེད་བཞིན་པ་སོགས་མངོན་གསལ་བྱུང་བར་བློ་འཚབ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་དང་།  དེ་བཞིན་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༤༨ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་སྟེང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡོངས་ཁྱབ་བསྒྲགས་གཏམ་ལ་མཚན་རྟགས་བཀོད་དེ་ཐོབ་ཐང་རྣམས་སྲུང་སྐྱོབ་བྱ་རྒྱུའི་དམ་བཅའ་བཞག་ཡོད་ནའང་། ཉེ་ཆར་གསལ་རྟོགས་བྱུང་བའི་དོན་རྐྱེན་དག་ལས་པེ་ཅིང་གཞུང་གིས་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་ཀྱི་དམ་བཅའ་ལག་ལེན་བསྟར་ཕྱོགས་ལ་དོགས་པ་སྐྱེས་ཚུལ་སོགས་གསུངས་འདུག

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༩ ཉིན་རྒྱ་ནག་པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་བོད་ནང་གི་མཚོ་སྔོན་ཞིང་ཆེན་དང་བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་ཉིན་ ༧ རིང་གཞུང་འབྲེལ་གཟིགས་སྐོར་གནང་ཡོད་པ་དང་། གཟིགས་སྐོར་སྐབས་མཚོ་སྔོན་དང་བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཚོར་ཐུག་འཕྲད་དང་། ཆོས་དང་རིག་གཞུང་གི་ལྟེ་གནས་དང་སློབ་གྲྭ་ཁག་ཅིག་ལ་གཟིགས་སྐོར་གནང་ཡོད་པ་དང་། གཟིགས་སྐོར་གྲུབ་རྗེས་ཁོང་གིས་གཞུང་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་ངོས་ནས་སྔོན་འགྲོའི་ཆ་རྐྱེན་མེད་པའི་ཐོག་ནས་ཏཱ་ལའི་བླ་མའམ་ཁོང་གི་སྐུ་ཚབ་ལྷན་དུ་དངོས་འབྲེལ་གྱི་གྲོས་མོལ་བརྒྱུད་དཀའ་རྙོག་སེལ་ཐབས་བྱེད་དགོས་པའི་སྐུལ་མ་བཏང་ཡོད། ཅེས་དང་། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་འདུ་འཛོམས་རང་དབང་དང་ཆོས་ལུགས་ཉམས་ལེན་ལ་ཐེ་བྱུས་བྱེད་བཞིན་པར་བློ་འཚབ་ཆེན་པོ་ཡོད་པ་བརྗོད་ཡོད། ཅེས་སོགས་གསུངས་ཡོད་པ་རེད་ལ། རྒྱ་ནག་གཞུང་ཕྱོགས་ནས་གཞི་མེད་ཀྱི་སྐད་ཆ་དེ་དག་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༢/༡༢

Leave a Reply