ཁོར་ཡུག་ལས་འགུལ་བ་གྷེ་རེ་ཊ་ཐན་བྷག་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣར་བདམས།

འདི་ལོའི་ཨ་རིའི་དུས་བབ་དུས་དེབ་ཀྱི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣར་ཁོར་ཡུག་ལས་འགུལ་བ་གྷེ་རེ་ཊ་ཐན་བྷག་བདམས་ཡོད་པ་དང་དུས་དེབ་དེའི་ཀློག་པ་པོ་ས་ཡ་ ༢༧ གྱིས་ཧོང་ཀོང་གི་དམངས་གཙོའི་གཞུང་རྒོལ་ལས་འགུལ་བ་རྣམས་འོས་འདོན་བྱས་ཡོད་འདུག
ཁ་སང་ཨ་རིར་རྟེན་གཞི་བྱས་པའི་དུས་བབ་དུས་དེབ་ (Time Magazine) ཀྱིས་ཕྱི་ལོ་ ༢༠༡༩ ལོའི་འཛམ་གླིང་གི་ཆེས་ཤུགས་རྐྱེན་ཅན་གྱི་མི་སྣ་ཡོངས་བསྒྲགས་བྱས་ཏེ། དུས་དེབ་དེའི་ཀློག་པ་པོ་ས་ཡ་ ༢༧ གྱིས་ཧོང་ཀོང་གི་དམངས་གཙོའི་གཞུང་རྒོལ་ལས་འགུལ་བ་རྣམས་འོས་འདོན་བྱས་ཡོད་ཀྱང་། འདི་ལོའི་དུས་བབ་དུས་དེབ་ཀྱི་ཆེས་ཤུགས་རྐྱེན་ཅན་གྱི་མི་སྣའི་མཚན་སྙན་དེ་རང་ལོ་ ༡༦ ཙམ་ལས་སོན་མེད་པའི་སི་ཝེ་ཌེན་ (Sweden) རྒྱལ་ཁབ་ཀྱི་ཁོར་ཡུག་ལས་འགུལ་བ་བུ་མོ་གྷེ་རེ་ཊ་ཐན་བྷག་ (Greta Thunberg) ལགས་སུ་ཐོབ་ཡོད་པ་དང་། ཁོར་ཡུག་ལས་འགུལ་བ་གྷེ་རེ་ཊ་ཐན་བྷག་གིས་རང་གི་ཊུ་ཝི་ཊར་དྲ་ལམ་ཐོག་ཆེ་མཐོང་དེ་ནི་རེས་གཟའ་པ་སངས་ཀྱི་ཁོར་ཡུག་ལས་འགུལ་བ་དང་ས་ཕྱོགས་གང་སར་ཡོད་པའི་ཁོར་ཡུག་ལས་འགུལ་བ་ལྷན་དུ་སྤྱོད་རྒྱུ་ཡིན་སྐོར་བསྒྲགས་འདུག་པ་མ་ཟད། ཁོང་མོ་ནི་དུས་བབ་དུས་དེབ་ཀྱི་ཆེས་ཤུགས་རྐྱེན་ཆེ་བའི་མི་སྣ་ལོ་ན་ཆུང་ཤོས་དེ་ཆགས་ཡོད་འདུག

དུས་བབ་དུས་དེབ་ཀྱི་གཞུང་འབྲེལ་དྲ་བའི་སྟེང་། ཁོར་ཡུག་ལས་འགུལ་བ་གྷེ་རེ་ཊ་ཐན་བྷག་གིས་མི་གྲངས་ས་ཡ་མང་པོའི་གོ་ལར་འཆང་བའི་མངོན་གསལ་མ་ཡིན་པའི་སེམས་འཁྲལ་རིགས། རྒྱལ་སྤྱིའི་རང་བཞིན་གྱི་ལས་འགུལ་ཆེན་མོ་ཞིག་ཏུ་འགྱུར་རྒྱུར་ལེགས་འགྲུབ་བྱུང་ཡོད་པ་དང་། ཁོང་མོས་གྲོང་སྡེའི་སྡེ་དཔོན་ནས་སྲིད་འཛིན་བར་གྱི་དབང་ལྡན་མི་སྣ་ཚོར་ཁོར་ཡུག་གི་གནད་དོན་དངོས་ལ་ལས་ཀ་བྱ་རྒྱུར་སྐུལ་སློང་བྱས་ཡོད་པ་དང་། ཁོང་མོས་དབྱིན་ཡུལ་གྱི་གྲོས་ཚོགས་ར་བའི་ནང་གཏམ་བཤད་དང་ལས་འགུལ་སྤེལ་བའི་རྐྱེན་གྱིས། དབྱིན་ཡུལ་གྱིས་ནག་རྫས་ (Carbon) ཀྱི་རྗེས་ཤུལ་གཏན་མེད་བཟོ་རྒྱུའི་ཁྲིམས་གཞི་བཏོན་ཡོད་ལ། འཛམ་གླིང་གི་ན་གཞོན་ལས་འགུལ་བ་རྣམས་ཀྱིས་ཤུགས་ཆེར་གླེང་བཞིན་པའི་དྲང་བདེན་མ་ཡིན་པའི་ཁོར་ཡུག་གི་གནད་དོན་དེར་དོ་སྣང་བྱུང་བཅུག་ཡོད་པ་མ་ཟད། ཁོང་མོ་ལ་བརྟེན་ནས་ལེ་བྷེ་ནོན་ (Lebanon) དང་ལི་བྷེ་རི་ཡའི་ (Liberia) ན་གཞོན་སྟོང་ཕྲག་མང་པོས་གོ་ལ་ཁྱོན་ཡོངས་ནང་ཁོར་ཡུག་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་ཐུབ་ཡོད། ཅེས་དང་། འདས་པའི་ཟླ་བ་ ༡༤ ནང་ཁོང་མོ་ནི་མི་གྲངས་ས་ཡ་མང་པོའི་འབོད་སྒྲ་དང་། གོ་ལའི་གྱེན་ལོག་ལས་འགུལ་ཞིག་གི་ཚབ་མཚོན་མི་སྣར་་གྱུར་ཡོད་སྐོར་བརྗོད་འདུག

དུས་བབ་དུས་དེབ་ཀྱི་གསལ་བསྒྲགས་བྱས་རྗེས། རྒྱལ་སྤྱིའི་ཁྱོན་ཡོངས་ནས་གྷེ་རེ་ཊ་ཐན་བྷག་ལ་འཚམས་འདྲིའི་ལེགས་གསོལ་ཞུ་མཁན་མང་པོ་འབྱུང་བཞིན་ཡོད་པ་དང་། དུས་དེབ་དེའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་ནནྡི་གྷི་རི་དྷ་རཱ་དྷ་སི་ (Anand Giridharadas) ཡིས་རང་གི་ཊི་ཝི་ཊར་དྲ་ལམ་དུ། ཁོང་མོས་ང་ཚོར་འགྱུར་བ་ངོ་མ་སླེབས་རྒྱུ་དེ་ལས་སླ་མོ་ཞིག་མིན་པར་སྟོན་གྱིན་ཡོད། དེའི་ཆེད་དུ་དབང་ཆ་དང་། ཁེ་དབང་། ལམ་སྲོལ་དང་འཚོ་བ་གསར་བ་ཡལ་བར་འདོར་དགོས་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་། དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཁྱེད་ཀྱི་ན་གཞོན་གྱི་ལས་འགུལ་དེས་ང་ཚོར་སྐུལ་མ་ཐེབས་སུ་བཅུག་སོང་། ཞེས་དང་། གཞན་ཡང་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཟུར་པ་ལྕམ་ཧེ་ལཱ་རེ་ཁི་ལིན་ཌོན་ (Hillary Clinton) ལགས་ཀྱིས། ཁོང་མོས་ཁོར་ཡུག་དཀའ་རྙོག་ཐད་གོ་རྟོགས་ཤུགས་ཆེར་སྤེལ་བ་མ་ཟད། དངོས་ཡོད་གནས་ཚུལ་ལ་གདོང་གཏད་ནས་བདེན་པ་བཤད་རྒྱུར་སྐུལ་འདེད་བྱས་པ་དེ་དྲིན་ཆེན་ཡིན་སྐོར་བརྗོད་འདུག

ཉེ་ཆར་སི་པན་རྒྱལ་ཁབ་ཀྱི་རྒྱལ་ས་མཱ་དྷ་རཱ་དྷི་ (Madrid) དུ་ཚོགས་པའི་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་ཐོག་གྷེ་ར་ཊ་ཐན་བྷག་གིས། ཉེན་ཁ་ངོ་མ་ནི་ཆབ་སྲིད་པ་དང་སྤྱི་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་རྣམས་ཀྱིས་ཕྱི་ལ་ལས་དོན་བྱས་ཡོད་མདོག་བསྟན་ནས། དོན་དུ་གང་ཡང་བྱེད་ཀྱི་མེད་པ་དེ་རེད། ཅེས་དང་། ཡོང་རྒྱུའི་ལོ་རབས་ཀྱིས་ང་ཚོའི་མ་འོངས་པར་ཐག་གཅོད་བྱ་རྒྱུ་རེད། ཅེས་སོགས་བརྗོད་དེ་འཛམ་གླིང་གི་མགོ་འཁྲིད་རྣམས་ཀྱིས་མི་མང་གི་རེ་འདུན་བཞིན་གནམ་གཤིས་འགྱུར་ལྡོག་གི་ཐད་ལ་ལས་ཀ་དོན་ཕན་ལྡན་པ་སྒྲུབ་ཀྱི་མེད་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་ ༩ པའི་ནང་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཚོགས་པའི་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐོག་ཁོང་མོས་ཚོར་ཤུགས་དྲག་པོས། ཁྱོད་ཚོས་(མགོ་ཁྲིད།) སྐད་ཆ་སྟོང་བ་དག་གིས་ངའི་རྨི་ལམ་དང་ཆུང་དུས་བརྐུས་སོང་། ང་ཚོས་ཁྱོད་ཚོར་བལྟ་ངེས་ཡིན། ཞེས་བརྗོད་དེ་འཛམ་གླིང་མགོ་འཁྲིད་རྣམས་ལ་ཡི་མ་རངས་པའི་རྣམ་པ་ཤུགས་ཆེར་བསྟན་ཡོད་པ་མ་ཟད། ཡང་ཉེ་སྔོན་ཞིག་ལ་ཚོགས་སྡེ་ཞིག་གིས་ཁོང་མོར་གཟེངས་རྟགས་འབུལ་རྒྱུ་བྱེད་སྐབས་ཁོང་མོས་ད་ལྟ་ཁོར་ཡུག་ཐད་ལས་ཀ་དངོས་སུ་བརྩམ་རྒྱུའི་དུས་ལ་བབས་ཡོད་པ་ལས། གཟེངས་རྟགས་ལེན་རྒྱུ་འོས་འཚམ་མིན་སྐོར་བརྗོད་དེ་གཟེངས་རྟགས་དང་ལེན་བྱས་མེད་པ་རེད།

ཐན་བྷག་ལགས་ཀྱིས་འདས་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༥ ནས་མགོ་འཛུགས་ཀྱིས་སི་ཝེ་ཌེན་གྱི་གྲོས་ཚོགས་ཕྱི་ལོགས་ནས་རེས་གཟའ་པ་སངས་ནམ་ཡིན་ལ་འཕྲེད་དར་འཁུར་ཏེ། གཞུང་གིས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་མགོ་བརྩམས་ཡོད་པ་དང་། དེར་རིམ་པས་སློབ་མ་གཙོས་པའི་ཁོར་ཡུག་སྲུང་སྐྱོབ་པའི་ཚོགས་སྡེ་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུའང་ཁོང་མོའི་གནས་ཚུལ་དང་འབྲེལ་ནས་ཁོར་ཡུག་གི་ཐོག་ལ་གླེང་སློང་དང་བགྲོ་གླེང་ཤུགས་ཆེ་རུ་ཕྱིན་པའི་རྐྱེན་གྱིས། ན་གཞོན་སློབ་མའི་ཁྲོད་དུ་ཁོང་མོར་རྗེས་འབྲང་གི་ཁོར་ཡུག་ལས་འགུལ་བ་མང་པོ་ཐོན་ཡོད་པ་དང་། འདི་ལོར་ཁོང་མོ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིའི་ཁོངས་སུ་ཚུད་ཡོད་ཅིང་། འདས་པའི་ལོ་གཅིག་ནང་ཁོང་མོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་གཙོས་པའི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཁོར་ཡུག་དང་འབྲེལ་བའི་གཏམ་བཤད་མང་པོ་སྤེལ་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཁོང་མོས་སྣེ་འཁྲིད་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཁོར་ཡུག་ལས་འགུལ་དེའི་ནང་ན་གཞོན་སློབ་མ་ས་ཡ་ ༤ ལྷག་གིས་མཉམ་ཞུགས་བྱས་ཡོད་པ་རེད། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་༧གོང་ས་རྒྱལ་བ་རིན་པོ་མཆོག་གིས་རྒྱ་གར་གྱི་པན་ཇབ་མངའ་སྡེའི་ཆི་ཀཱ་རཱ་གཙུག་ལག་སློབ་ཆེན་ (Chitkara University) དུ་བཀའ་སློབ་སྩལ་སྐབས། ངོས་ཀྱིས་སི་ཝེ་ཊན་གྱི་བུ་མོ་ཆུང་ཆུང་གྷེ་རེ་ཊ་ཐན་བྷག་གིས་ཁོར་ཡུག་སྐོར་ལ་གོ་རྟོགས་སྤྲོད་ཐབས་བྱེད་བཞིན་པར་བསྔགས་བརྗོད་དང་ཡི་རང་བྱེད་ཀྱི་ཡོད། དེ་ནི་ཧ་ལས་པ་ཞིག་རེད། ཅེས་བསྔགས་བརྗོད་གནང་ཡོད་པ་རེད།

དུས་བབ་དུས་དེབ་ཀྱི་ཆེས་ཤུགས་རྐྱེན་ཆེ་བའི་མི་སྣའི་མཚན་གནས་དེ། ལོ་གཅིག་ནང་རྒྱལ་སྤྱིའི་སྟེང་གི་གནད་དོན་ལ་བཟང་ངན་གྱི་ཤུགས་རྐྱེན་ཆེས་ཆེར་སྦྱིན་མཁན་གྱི་མི་སྣའམ། ཚོགས་པ། བསམ་བློ་བཅས་ལ་འབུལ་གྱི་ཡོད་པ་དང་། མི་སྣ་འདེམ་སྒྲུག་བྱེད་མཁན་ནི་དུས་དེབ་དེའི་རྩོམ་སྒྲིག་པ་རྣམས་ཡིན་འདུག དུས་དེབ་དེས་སྤེལ་བའི་གནས་ཚུལ་གཞན་ནང་། འདི་ལོར་དུས་དེབ་དེའི་ཀློག་པ་པོ་ས་ཡ་ ༢༧ ལྷག་གིས་འོས་བླུགས་པའི་ཁྲོད་ནས། བརྒྱ་ཆ་ ༣༠ ལས་མང་བས་འདི་ལོའི་ཀློག་པ་པོའི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་དེ་ཧོང་ཀོང་གི་དམངས་གཙོའི་གཞུང་རྒོལ་ལས་འགུལ་བ་རྣམས་བདམས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༢/༡༣

Leave a Reply