ཐུགས་དམ་ཉམས་ཞིབ་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་བསྩལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨུ་རུ་སུའི་ཐུགས་དམ་ཉམས་ཞིབ་པ་དང་གདན་སའི་དགེ་འདུན་པ་ཁག་ཅིག་ལ་མཇལ་ཁ་དང་འབྲེལ་མ་འོངས་པར་གདན་སའི་དགེ་འདུན་པ་རྣམས་ནས་ཐུགས་དམ་ཙམ་དུ་མ་ཟད་གནད་དོན་གཞན་གྱི་ཐོག་ལ་ཡང་ཚན་རིག་པ་ལྷན་དུ་ཉམས་ཞིབ་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་འདུག 

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་དང་བྱང་རྩེ། འབྲས་སྤུངས་སྒོ་མང་དང་བློ་གསལ་གླིང་གྲྭ་ཚང་བཅས་ནས་ཨུ་རུ་སུའི་ཚན་རིག་པ་སྐོར་ཞིག་དང་མཉམ་འབྲེལ་ཐོག་སྤེལ་བཞིན་པའི་ཐུགས་དམ་ཉམས་ཞིབ་པ་རྣམས་དང་གདན་སའི་དགེ་འདུན་པ་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་དང་འབྲེལ། ཉམས་ཞིབ་པ་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ལས་གཞི་དེའི་སྐོར་སྙན་གསེང་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས་གདན་སའི་དགེ་འདུན་པ་རྣམས་ཀྱིས་མུ་མཐུད་ཚན་རིག་པ་དང་ལྷན་དུ་བགྲོ་གླེང་ཞུ་རྒྱུ་གལ་ཆེན་ཡིན་སྐོར་དང་། ལྷག་པར་དུ་མ་འོངས་པར་ཐུགས་དམ་ཙམ་དུ་མ་ཟད་གནད་དོན་གཞན་གྱི་ཐོག་ལ་ཡང་ཉམས་ཞིབ་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ་ཡོད་འདུག

གནས་ཚུལ་དེའི་སྐོར་ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ལ་བཀའ་འདྲི་བྱས་པར་ཁོང་གིས། དེ་རིང་སྔ་དྲོ་ཐུགས་དམ་ཉམས་ཞིབ་ཀྱི་ལས་གཞི་སྤེལ་མཁན་ཚོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དམིགས་བསལ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་སྟེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཐུགས་དམ་ཉམས་ཞིབ་ཀྱི་ལས་གཞི་དང་འབྲེལ་ནས་བརྟག་དཔྱད་ཇི་ལྟར་བྱས་ཡོད་མེད་སོགས་ཡོངས་སུ་རྫོགས་པ་སྙན་གསེང་ཞུས་ཡོད། ཅེས་གསུངས་སོང་།

ཡང་མཇལ་བཅར་བ་ཚོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་སློབ་ག་རེ་བསྩལ་གནང་ཡོད་པའི་སྐོར་ལ་ཁོང་གིས། ༧གོང་ས་མཆོག་ནས་མཇལ་བཅར་བ་དང་ཐུགས་དམ་ཉམས་ཞིབ་ལས་གཞིའི་འགན་འཛིན་དང་དགེ་འདུན་པ་རྣམས་ལ། འདས་པའི་ལོ་ ༤༠ ལྷག་གི་རིང་ཚན་རིག་པ་དང་འབྲེལ་བ་འབྱུང་སྟངས་ཀྱི་ལོ་རྒྱུས་དང་སྦྲགས། ཚན་རིག་པ་དང་ལྷན་དུ་བགྲོ་གླེང་གནང་རྒྱུ་དང་། ལྷག་པར་དུ་ཨུ་རུ་སུའི་ཚན་རིག་པ་དང་ལྷན་དུ་འདི་ལྟ་བུའི་ལས་གཞི་སྤེལ་རྒྱུ་དེ་དག་གལ་ཆེན་པོ་ཡིན་སྐོར་དང་། མ་འོངས་ཕུགས་རྒྱང་རིང་པོའི་ཐོག་ལ་ཐུགས་དམ་ཙམ་དུ་མ་ཟད། ལས་གཞི་གཞན་སྤེལ་ཐུབ་རྒྱུའི་འབད་བརྩོན་གནང་དགོས་པའི་བཀའ་སློབ་བསྩལ་གནང་སོང་། ཞེས་གསུངས་སོང་།

སྤྱིར་ཐུགས་དམ་ཉམས་ཞིབ་ཀྱི་ལས་གཞི་འདི་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞིའི་འོག རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་གདན་ས་ཆེན་མོ་བཞི་ཡིས་ཨུ་རུ་སུའི་ཚན་རིག་པ་སྐོར་ཞིག་དང་མཉམ་འབྲེལ་ཐོག་བཙུགས་པ་ཞིག་ཡིན་འདུག་པ་དང་། འདས་ལོར་སེ་ར་བྱེས་སྨད་དང་བཀྲ་ཤིས་ལྷུན་པོ་གསུམ་གྱིས་མཉམ་འབྲེལ་ཐོག་ནས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་བརྟག་དཔྱད་ཁང་ཞིག་བཙུགས་ཏེ། འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་བརྟག་དཔྱད་ཁང་དེའི་ནང་དགེ་འདུན་པ་ ༤༥ ལྷག་ལ་ཉམས་ཞིབ་བྱས་ཡོད་པ་དང་། དེ་བཞིན་དགའ་ལྡན་ཤར་རྩེ་དང་བྱང་རྩེ། འབྲས་སྤུངས་བློ་གསལ་གླིང་དང་སྒོ་མང་བཅས་ཐུན་མོང་གིས་མོན་གྷོ་གཞིས་ཆགས་ནང་བརྟག་དཔྱད་ཁང་གཞན་ཞིག་བཙུགས་ཏེ། ད་ལྟ་དགེ་འདུན་པ་སྐོར་ཞིག་ལ་བརྟག་དཔྱད་བྱེད་མུས་ཡིན་འདུག

མཆན། པར་རྣམས་དགའ་ལྡན་ཕོ་བྲང་པར་པ་བློ་བཟང་ཚེ་རིང་ལགས་ནས་མཁོ་སྤྲོད་གནང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༢/༡༣

Leave a Reply