དབྱིན་ཇིའི་རྙིང་ཞེན་ཚོགས་པར་རྒྱལ་ཡོངས་འོས་བསྡུའི་རྒྱལ་ཁ་ཐོབ།

དབྱིན་ཇིའི་རྙིང་ཞེན་སྲིད་དོན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་དང་སྲིད་བློན་བྷོ་རི་སི་ཇོན་སན་གྱིས་མི་རིང་བར་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ནས་ཕྱིན་ཐོན་རྒྱུ་ཡིན་སྐོར་བསྒྲགས་འདུག

ཁ་སང་ནས་བཟུང་དབྱིན་ཡུལ་ནང་རྒྱལ་ཡོངས་གྲོས་འོས་བསྡུ་བྱས་ཏེ། དེ་རིང་འོས་བསྡུའི་གྲུབ་འབྲས་ཕྱིར་ཐོན་པ་ལྟར་ན། དབྱིན་ཇིའི་ད་ལྟའི་གཞུང་འཛིན་ཚོགས་པའམ་རྙིང་ཞེན་ཚོགས་པར་འོས་གྲངས་ ༣༦༤ དང་ཁ་གཏད་ངལ་སྩོལ་སྲིད་དོན་ཚོགས་པར་འོས་གྲངས་ ༢༠༣ ། དེ་བཞིན། སྲིད་དོན་ཚོགས་པ་གཞན་ཁག་ཅིག་ལ་འོས་གྲངས་ཁྱོན་ ༨༢ བཅས་རྙིང་ཞེན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་ཡོད་འདུག

འོས་བསྡུར་རྒྱལ་ཁ་ཐོབ་པ་དང་འབྲེལ་སྲིད་བློན་བྷོ་རི་སི་ཇོན་སན་ལགས་ཀྱིས།  དོ་ནུབ་རྒྱལ་ཁབ་འདིའི་མི་མང་གིས་ང་ཚོར་མང་མོས་བསམ་ཚུལ་ཞིག་བཏོན་ཡོད། དེ་ནི་དབྱིན་ཡུལ་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་ཐོན་གྱི་ཐག་གཅོད་མགྱོགས་མྱུར་བྱ་རྒྱུ་དེ་ཡིན་ལ། དབྱིན་ཡུལ་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡ ཚེས་ ༣༡ ཉིན་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཁོངས་ནས་ཕྱིར་ཐོན་རྒྱུ་ཡིན། ཞེས་བརྗོད་ཡོད་པ་དང་། ཁ་གཏད་ངལ་སྩོལ་ཚོགས་པའི་མགོ་འཁྲིད་ཁོར་བྷན་ལགས་ཀྱིས། དོ་ནུབ་སེམས་ཧ་ཅང་ཕམ་བྱུང་ལ། ང་ངའི་སྲིད་དོན་ཚོགས་པའི་མགོ་འཁྲིད་ནས་མར་འབབ་སྟེ། མ་འོངས་པའི་འོས་བསྡུའི་འཐབ་རྩོད་ཁྲོད་ཞུགས་རྒྱུ་མིན། ཞེས་བརྗོད་ཡོད་འདུག

རྙིང་ཞེན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པ་དང་འཛམ་གླིང་གི་སྲིད་འཛིན་དང་སྲིད་བློན་ཚོས་འཚམས་འདྲི་བྱས་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡིས་བྷོ་རི་སི་ཇོན་སན་ལགས་སུ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུས་པ་དང་འབྲེལ། མ་འོངས་པར་དབྱིན་ཇི་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་ཐོན་རྗེས། དབྱིན་ཇི་དང་ཨ་རིའི་དབར་ཚོང་འབྲེལ་གསར་བའི་གྲོས་ཆོད་ཅིག་འཇོག་པར་རང་དབང་ཐོབ་པ་ཡིན་པས། ཚོང་འབྲེལ་གྲོས་ཆོད་དེ་ནི་གཞི་རྒྱ་ཆེ་ཞིང་དབྱིན་ཇིས་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་དང་ལྷན་དུ་བཞག་པའི་ཚོང་འབྲེལ་གྲོས་ཆོད་ཡོངས་རྫོགས་ལས་ཡོང་འབབ་ཆེ་བ་ཞིག་ཡིན། ཞེས་བརྗོད་ཡོད་པ་དང་།  སྲིད་བློན་མུ་དྷི་ལགས་ཀྱིས། སྲིད་བློན་བྷོ་རི་སི་ཇོན་སན་ལགས་སུ་འོས་བསྡུར་མང་མོས་ཐོག་རྒྱལ་ཁ་ཆེན་པོ་ཐོབ་པར་འཚམས་འདྲི་ཞུ་ཡི་ཡོད། ངས་ཁོང་གི་མ་འོངས་པར་ལས་དོན་ཁག་ལེགས་འགྲུབ་དང་རྒྱ་གར་དང་དབྱིན་ཇིའི་མཉམ་ལས་མདུན་བསྐྱོད་ཡོང་བར་རེ་བ་རྒྱག་གི་ཡོད། ཅེས་བརྗོད་འདུག དེ་བཞིན་ཨོ་གླིང་སྲིད་བློན་སི་ཁོ་ཊི་མོར་རེ་སན་ལགས་ཀྱིས། སྲིད་བློན་བྷོ་རི་སི་ཇོན་སན་ལགས་སུ་སླར་ཡང་དབྱིན་ཇིའི་སྲིད་བློན་གྱི་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུ་ཡི་ཡོད་ལ། རྒྱལ་ཁ་འདིས་ལམ་ལྷོང་དང་དབྱིན་ཇི་དང་ཨོ་གླིང་བར་འབྲེལ་ལམ་གསར་པ་ཡོང་བར་རེ་བ་རྒྱག་གི་ཡོད། ཅེས་བརྗོད་ཡོད་འདུག

ད་རེས་འོས་བསྡུ་དེ་རྙིང་ཞེན་ཚོགས་པར་མཚོན་ན་ཕྱི་ལོ་ ༡༩༨༠ རྗེས་ཀྱི་རྒྱལ་ཁ་ཆེ་ཤོས་ཆགས་ཡོད་ཀྱང་། ངལ་སྩོལ་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་ཡོད་པས་ངལ་སྩོལ་ཚོགས་པའི་ཚོགས་མི་ཚོས་ཕམ་ཉེས་དེ་ནི་འོས་བསྡུའི་སྐབས་མགོ་ཁྲིད་ཚོས་ནོར་འཁྲུལ་ཤོར་ཡོད་པས་ཡིན་པ་དང་། འོས་བསྡུའི་དྲིལ་བསྒྲགས་སྐབས་གཙོ་བོ་སྤྱི་ཚོགས་ཀྱི་བདེ་དོན་སྐོར་ནས་ལས་འགུལ་སྤེལ་ཡོད་པ་ལས། གཞན་དབྱིན་ཇི་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐོན་སོགས་ཀྱི་སྐོར་ལ་ལངས་ཕྱོགས་མངོན་གསལ་བསྒྲགས་མེད་པས་ཡིན་སྐོར་བརྗོད་བཞིན་ཡོད་པ་དང་། ཐེངས་འདིར་ངལ་སྩོལ་ཚོགས་པར་མཚོན་ན་རྒྱལ་ཡོངས་འོས་བསྡུའི་ཁྲོད་ཕྱི་ལོ་ ༡༩༣༥ རྗེས་ཀྱི་ཕམ་ཁ་ཆེ་ཤོས་ཆགས་ཡོད་འདུག

ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་ལ་ཤུགས་རྐྱེན་ཆེ་ཤོས་ཤིག་ནི་དབྱིན་ཡུལ་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་འཐོན་གྱི་སྲིད་ཇུས་དེ་ཡིན་པ་དང་། དེ་ནི་ཕྱི་ལོ་ ༢༠༡༦ ལོར་དབྱིན་ཡུལ་ནང་རྒྱལ་ཡོངས་འོས་བསྡུ་བྱས་ཏེ། མི་མང་གིས་མང་མོས་རྒྱབ་སྐྱོར་བྱས་པའི་སྲིད་ཇུས་ཤིག་ཆགས་བསྡད་ཡོད་སྟབས། ད་སྔ་བར་ཁ་གཏད་སྲིད་དོན་ཚོགས་པའི་གནོན་ཤུགས་འོག གཞུང་འཛིན་རྙིང་ཞེན་ཚོགས་པའི་སྲིད་བློན་གཉིས་དགོངས་པ་ཞུ་དགོས་བྱུང་བ་སོགས་ཆབ་སྲིད་ཀྱི་གཡོ་འགུལ་མང་དག་ཅིག་བྱུང་ཡོད་པ་དང་། ཐེངས་འདིར་སྲིད་བློན་བྷོ་རི་སི་ཇོན་སན་ལགས་སུ་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེས་དབྱིན་ཇིའི་མི་མང་གིས་མུ་མཐུད་དབྱིན་ཇི་ཡོ་རོབ་མཉམ་མཐུན་ཚོགས་ནས་ཕྱིར་ཐོན་བྱེད་པར་རྒྱབ་སྐྱོར་མཚོན་གྱི་ཡོད་པ་དང་། སྲིད་བློན་བྷོ་རི་སི་ཇོན་སན་ལགས་ཀྱིས་ཀྱང་མི་མང་གི་རེ་བ་ལྟར་དབྱིན་ཇི་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་ཕྱིར་ཐོན་བྱེད་རྒྱུ་གཏན་འཁེལ་ཡིན་སྐོར་སོགས་བརྗོད་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༢/༡༤

Leave a Reply