བཀྲ་ཤིས་ལྷུན་པོའི་དངོས་རྫས་རྩ་ཆེན་ཁག་པེ་ཅིན་དུ་དབོར་འདྲེན་བྱེད་ཀྱི་འདུག

རྒྱ་ནག་གཞུང་གིས་པེ་ཅིན་གྲོང་ཁྱེར་དུ་ཡོད་པའི་གོང་མའི་ཕོ་བྲང་རྙིང་པ་ཟེར་བ་འཛུགས་སྐྲུན་བྱས་ཏེ་ལོ་ ༦༠༠ འཁོར་བའི་དུས་དྲན་ཆེད་གཞིས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་གྱི་དངོས་རྫས་རྩ་ཆེན་ཁག་འགྲེམ་སྟོན་ཆེད་རྒྱ་ནག་པེ་ཅིན་དུ་དབོར་འདྲེན་བྱེད་ཀྱི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ནས་འཆར་ལོའི་ཕྱི་ཟླ་ ༢ ཚེས་ ༢༩ ཉིན་བར། རྒྱ་ནག་གཞུང་གིས་གོ་སྒྲིག་འོག་རྒྱ་ནག་པེ་ཅིན་གྲོང་ཁྱེར་གྱི་གོང་མའི་ཕོ་བྲང་རྙིང་པ་འཛུགས་སྐྲུན་བྱས་ཏེ་ངོ་ལོ་ ༦༠༠ འཁོར་བའི་དུས་དྲན་འགྲེམ་སྟོན་ཆེད། གཞིས་ཀྱི་བཀྲ་ཤིས་ལྷུན་པོ་དགོན་གྱི་རྩ་ཆེན་དངོས་རྫས་མང་པོ་རྒྱ་ནག་པེ་ཅིན་དུ་དབོར་འདྲེན་གྱིས་༧པཎ་ཆེན་རིན་པོ་ཆེའི་མཛད་རྗེས་དང་བཀྲས་ལྷུན་དགོན་གྱི་རིག་གནས་དང་། སྒྱུ་རྩལ་གྱི་རྣམ་པ། དུས་ཡུན་རིང་བའི་ཆོས་ལུགས་ཀྱི་སྲོལ་རྒྱུན་བཅས་འཛམ་གླིང་ལ་འགྲེམ་སྟོན་དང་།  བོད་དེ་བཞིན་གནའ་སྔ་མོ་ནས་རྒྱ་ཁུངས་ཡིན་ཚུལ་ཡིན་སྐོར་གྱི་འགྲེམ་སྟོན་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་འབྲེལ་དབྱིན་ཡིག་དྲ་བའི་ (Ecns.cn) ཐོག་བཀོད་པའི་དེ་འབྲེལ་གྱི་གནས་ཚུལ་ནང་།  བོད་བརྒྱུད་ནང་བསྟན་དང་མི་རིགས་མཛའ་འབྲེལ་གྱིས་བཀྲ་ཤིས་ལྷུན་པོ་དགོན་པ་དང་རྒྱ་ནག་པེ་ཅིན་གྱི་ཕོ་བྲང་འགྲེམ་སྟོན་ཁང་གཉིས་གཅིག་ཏུ་བསྒྲིལ་ཡོད་པ་དང་། འགྲེམ་སྟོན་ཁང་དུ་ལྟ་སྐོར་དུ་ཡོང་མཁན་རྣམས་ལ་བོད་བརྒྱུད་ནང་བསྟན་གྱིས་རྒྱལ་ཡོངས་ཆིག་སྒྲིལ་ལ་རམ་འདེགས་ཅི་ཙམ་བྱེད་ཀྱི་ཡོད་པ་སྟོན་ཐུབ་པ་དང་། དེ་བཞིན་བཀྲ་ཤིས་ལྷུན་པོ་དགོན་པ་ནི་རྒྱལ་ཞེན་སྤེལ་བར་གྲགས་ཅན་ཞིག་ཡིན་པ་མ་ཟད། ལྷག་པར་དུ་རྒྱལ་མཚན་ནོར་བུ་ནི་རྒྱལ་ཞེན་གྱི་དར་ཆ་གཡོ་བ་མེད་པར་འཕྱར་མཁན་ཞིག་དང་། ལོ་ལྟར་གདན་སར་ཕེབས་ཏེ་ཆོས་ཕྱོགས་དང་བོད་དེ་བཞིན་རྒྱ་ནག་འཛིན་སྐྱོང་འོག་འཕེལ་རྒྱས་འགྲོ་བཞིན་པ་ལྟ་བུ་སོགས་རྒྱལ་ཞེན་སྐོར་སོགས་འཆད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༨ ཉིན། རྒྱ་ནག་པེ་ཅིན་གྱི་ཕོ་བྲང་རྙིང་པ་འཛུགས་སྐྲུན་བྱས་ནས་ངོ་ལོ་ ༦༠༠ འཁོར་བའི་དུས་དྲན་དང་བཀྲ་ཤིས་ལྷུན་པོ་དགོན་དང་གོང་མའི་ཕོ་བྲང་བར་གྱི་ལས་འབྲེལ་ཞེས་པའི་འགྲེམ་སྟོན་གྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་༧པཎ་ཆེན་རྒྱལ་མཚན་ནོར་བུས་གཏམ་བཤད་བྱས་ཡོད་པ་མ་ཟད། འགྲེམ་སྟོན་དེའི་སྟེང་བཀྲ་ཤིས་ལྷུན་པོ་དང་གོང་མའི་ཕོ་བྲང་བར་གྱི་འབྲེལ་བ་དང་བཀྲ་ཤིས་ལྷུན་པོ་ནས་ཐོན་པའི་སྒྱུ་རྩལ། ༧པཎ་ཆེན་སྐུ་ཕྲེང་དྲུག་པ་མཆོག་གི་རྩ་ཆེའི་ཤུལ་བཞག་དང་ཞི་བདེ་བཀྲ་ཤིས་སོགས་བརྗོད་གཞི་འདྲ་མིན་སྟེང་དངོས་རྫས་ཁག་འགྲེམས་སྟོན་བྱས་ཡོད་འདུག

ཐེངས་འདིར་པེ་ཅིན་གྱི་འགྲེམ་སྟོན་ཁང་དེས་ཁྱོན་དངོས་རྫས་གྲངས་ ༢༨༠ འགྲེམ་སྟོན་བྱེད་ཀྱི་ཡོད་པའི་ནང། བཀྲ་ཤིས་ལྷུན་པོ་དགོན་པ་ནས་ཁྱེར་བའི་༧པཎ་ཆེན་སྐུ་ཕྲེང་དང་པོ་ནས་དགུ་པ་བར་གྱི་རྩ་ཆེན་དངོས་རྫས་གྲངས་ ༧༧ ཡོད་པའི་ཁྲོད། བོད་ཀྱི་བཀྲ་ཤིས་ལྷུན་པོ་དགོན་དུ་ཉར་ཚགས་བྱས་པའི་རྒྱ་ནག་གི་གོང་མ་ཆན་ལུང་དང་ཁང་ཞི། ཡུང་ལེ་དང་ཡོན་རྒྱལ་རབས་སྐབས་སོགས་སུ་༧པཎ་ཆེན་སྐུ་ཕྲེང་རིམ་བྱོན་ལ་ཕུལ་བའི་ཤེལ་སྣོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་བུམ་པ་དང་ཚེ་དཔག་མེད་ཀྱི་སྐུ་འདྲ། ཐམ་ག་དང་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སོག་ཡིག་བཀོད་པའི་གསེར་གྱི་བཀའ་བྱང་། བྱང་ཆུབ་སེམས་དཔའི་སྐུ་འདྲ་དང་ཅིན་ཏེ་ཀྲེན་དཀར་ཡོལ་བཟོ་གྲྭ་ནས་ཐོན་པའི་དཀར་ཡོལ་ཡིག་བརྐོས་མ། དེ་བཞིན་ཕྱི་ལོ་ ༦༠༠ ནས་ ༦༣༠ བར་གྱི་ཨུ་རྒྱན་ཡུལ་གྱི་ཁྱད་ཆོས་ལྡན་པའི་བྱང་ཆུབ་སེམས་དཔའ་དང་དུས་རབས་བརྒྱད་པ་དང་དགུ་པའི་བར་གྱི་ཀ་ཤི་སྨིར་གྱི་བཟོ་བཀོད་ཁྱད་ཆོས་ལྡན་པའི་ཇོ་བོའི་སྐུ་འདྲ། དུས་རབས་བཅོ་བརྒྱད་པའི་སྐབས་ཀྱི་རྒྱལ་བ་བྱམས་པའི་སྐུ་འདྲ་སོགས་ཡོད་འདུག

གཞན་འགྲེམ་སྟོན་སྟེང་། རྒྱ་ནག་གིས་ཕོ་བྲང་རྙིང་པ་ཟེར་བའི་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་༧པཎ་ཆེན་སྐུ་ཕྲེང་རིམ་བྱོན་ནས་རྒྱ་ནག་གི་གོང་མ་ཆན་ལུང་ལ་ཕུལ་བའི་དུང་དཀར་དང་ཕྲེང་བ། ཆན་ལུང་གི་ཆན་ཆིང་ཕོ་བྲང་དུ་མཆོད་འབུལ་ཞུ་བའི་༧པཎ་ཆེན་རིན་པོ་ཆེའི་ཚེམས་དང་གུ་གུ་ཤའི་བཞེས་ཆས་ཡུ་བ་ཅན། རྗེ་ཙོང་ཁ་པའི་སྐུ་འདྲ་དང་ཤེལ་རྩི་རྒྱན་ལྡན་གྱི་དུང་དཀར། ཉ་དབྱིབས་མེའི་འཕྲུལ་ཐལ་གྱི་སྣོད་ཆས་དང་མུ་ཏིག་གི་ཁྲ་ལྡན་ཁུག་མ་དང་ཚེ་དཔག་མེད་ཀྱི་སྐུ་འདྲ་སོགས་དངོས་རྫས་གྲངས་ ༢༠༣ འགྲེམ་སྟོན་བྱེད་ཀྱི་ཡོད་པ་དང་། འགྲེམ་སྟོན་དེ་ནི་གཙང་གི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་དགོན་པའི་༧པཎ་ཆེན་སྐུ་ཕྲེང་ན་རིམ་དང་དེའི་ནང་བསྟན་དང་འབྲེལ་བའི་གནའ་རྫས་ཁག་གདན་སའི་ཕྱི་ལ་དབོར་འདྲེན་གྱིས་མི་མང་ལ་འགྲེམ་སྟོན་བྱས་པ་ཐོག་མ་ཡིན་པ་དང་། ལྷག་པར་རྒྱ་ནག་ནང་འགྲེམ་སྟོན་བྱས་པ་ཐོག་མ་ཡིན་འདུག

རྒྱ་ནག་གཞུང་གིས་འགྲེམ་སྟོན་དེ་ནི་༧པཎ་ཆེན་རིན་པོ་ཆེའི་མཛད་རྗེས་དང་བཀྲ་ཤིས་ལྷུན་པོ་དགོན་གྱི་རིག་གནས་དང་། སྒྱུ་རྩལ་གྱི་རྣམ་པ། དུས་ཡུན་རིང་བའི་ཆོས་ལུགས་ཀྱི་སྲོལ་རྒྱུན་བཅས་འཛམ་གླིང་ལ་འགྲེམ་སྟོན་བྱེད་ཀྱི་ཡོད་ཚུལ་བརྗོད་ཀྱི་ཡོད་ནའང་། དབྱེ་ཞིབ་པ་ཚོས་འགྲེམ་སྟོན་དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་ཐོག་བོད་ནང་ཆོས་ལུགས་ཀྱི་བྱེད་སྒོ་ཇེ་མང་དང་དད་མོས་རང་དབང་ཡོད་ཚུལ་སྟོན་ཐབས་ཡིན་པ་དང་། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་ལོ་རྒྱུས་ལ་འཁྱོག་བརྗོད་དང་རྟོག་བཟོ་བྱེད་བཞིན་ཡོད་པ་ལྟར། ༧པཎ་ཆེན་སྐུ་ཕྲེང་རིམ་བྱོན་དང་རྒྱ་ནག་གི་གོང་མ་ཁག་དབར་མཛའ་འབྲེལ་གྱི་ཕྱག་རྟགས་ཕུལ་རེ་གནང་བ་སོགས་དམིགས་འདོན་གྱིས་༧པཎ་ཆེན་སྐུ་ཕྲེང་ན་རིམ་རྒྱ་ནག་དང་འབྲེལ་བ་ཡོད་པ་དང་། བོད་དེ་བཞིན་གནའ་སྔ་མོ་ནས་རྒྱ་ཁོངས་ཡིན་པ་ལོ་རྒྱུས་ལ་འཁྱོག་བརྗོད་ཀྱིས་ར་སྤྲོད་བྱེད་ཐབས་ལ་དམིགས་པ་ཡིན་སྐོར་བརྗོད་བཞིན་ཡོད་འདུག

ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་ཤོག་གཞུང་གིས་བོད་ས་ཁྱོན་ཡོངས་ལ་བཙན་འཛུལ་བྱས་ཏེ་རིག་གནས་གསར་བརྗེ་སོགས་ཀྱི་སྐབས་སུ། བོད་མི་ས་ཡ་གཅིག་ལྷག་དུས་མིན་རྐྱེན་འདས་སུ་གྱུར་ཡོད་པ་དང་། བོད་ཀྱི་དགོན་སྡེ་སྟོང་ཕྲག་དྲུག་ལྷག་གཏོར་བཤིག་བཏང་བ་མ་ཟད། གསེར་དངུལ་ཟངས་གསུམ་གྱི་སྐུ་རྟེན་མང་པོ་རྩ་གཏོར་དང་རྒྱ་ནག་ནང་བརྐུ་འཁྱེར་སོགས་བྱས་ཡོད་པ་ལྟར། ཉེ་བའི་ལོ་འགའི་རིང་ཡང་བླ་རུང་སྒར་སོགས་གཏོར་བཤིག་གཏོང་བ་དང་། བོད་ནང་ཉུང་མཐར་བོད་མི་གྲངས་ ༡༥༤  ཡིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༢/༡༤

Leave a Reply