འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་རབ་གནས་མཛད།

གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ར་དབུ་འབྱེད་དང་ཚན་རིག་སློབ་ཐོན་པའི་མཛད་སྒོའི་ཐོག་གཞིས་ལུས་བོད་མི་ཚོས་སྙིང་སྟོབས་དང་རྣམ་དཔྱོད་ཕྱི་ལ་སྟོན་ཐུབ་པ་མེད་དུས་རང་དབང་ལུང་པར་ཡོད་མཁན་ཚོས་མུ་མཐུད་ཧུར་ཐག་བྱེད་དགོས་པ་གལ་ཆེན་ཡིན་སྐོར་གསུངས་སོང་།དེ་རིང་ཞོགས་པའི་ཆུ་ཚོད་ ༨ དང་ཕྱེད་ཀ་ཙམ་གྱི་ཐོག རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་ལས་ཟུར་དང་། དབུ་ཆོས་རྣམ་གཉིས། རྒྱལ་སྲས་བླ་སྤྲུལ་རྣམས་ཀྱིས་སྤོས་སྣེ་དང་བཅས་ཏེ།   ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཆོས་ར་གསར་པའི་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་སྣང་གསལ་མར་མེ་ཞལ་འབྱེད་དང་། སྐུ་གསུང་ཐུགས་རྟེན་རྣམས་ལ་རབ་གནས་མཛད། ༧གོང་ས་མཆོག་བཞུགས་ཁྲིར་ཞབས་སོར་འཁོད་མཚམས། གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་རྒྱལ་མཚན་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་འཕྲལ།སྦྱིན་བདག་གཙོ་བོ་དང་གནད་ཡོད་མི་སྣ་རྣམས་ལ་ཕྱག་རྟགས་གསོལ་སྩལ་དང་མཇལ་ཁ་བཅས་གནང་སོང་ལ།  འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་རབ་གནས་ཀྱི་མཛད་སྒོ་འདིའི་ཐོག ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གི་དབུས་པའི་མཁན་རིན་པོ་ཆེ་རྣམ་པ་དང་།  བླ་སྤྲུལ་དགེ་བཤེས་རྣམ་པ། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་སྦྱིན་བདག་གཙོ་བོ་དང་། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་དབུ་ལས་རྣམ་པ། གྲྭ་བཙུན་དང་། རྒྱ་བལ་འབྲུག་གསུམ་གཙོ་བོར་གྱུར་བའི་ཕྱི་རྒྱལ་ཁག་ནས་ཡོང་བའི་དད་ལྡན་དོན་གཉེར་ཅན་གྱི་མི་མང་བཅས་ཁྱོན་སེར་སྐྱ་སྟོང་ཕྲག་ཁ་ཤས་འཛོམས་འདུགམཛད་སྒོའི་ཐོག་མར་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་རྒྱལ་མཚན་མཆོག་ནས་ཆོས་ར་གསར་པ་དབུ་འབྱེད་རབ་གནས་དང་འབྲེལ་བའི་ལས་བསྡོམས་སྙན་སྒྲོན་ཞུས་པའི་ནང་། དགེ་འདུན་པའི་ཞལ་གྲངས་མང་དྲགས་པ་དང་ཆོས་ར་ཆུང་དྲགས་པའི་རྐྱེན་གྱིས་ཆར་དུས་སུ་ཆོས་ར་འཚོགས་མ་ཐུབ་པའི་དཀའ་ངལ་ཆེན་པོ་བྱུང་བ་དང་། ལྷག་པར་དུ་དཔེ་འཁྲིད་དགེ་རྒན་རྣམ་པས་སྒེར་གྱི་གཟིམ་ཤག་ཏུ་དཔེ་འཁྲིད་གནང་བ་ལས་དམིགས་བསལ་འཛིན་ཁང་མེད་པ། དེ་བཞིན་དབུ་མ་ཐོན་ཟིན་པའི་འཛིན་གྲྭ་བཞི་ལ་ཚན་རིག་དང་སྐད་ཡིག་སློབ་སྦྱོང་སྤྲོད་སའི་འཛིན་ཁང་དམིགས་བསལ་མེད་པ། དཔེ་འཁྲིད་དགེ་རྒན་རྣམ་པར་བཞུགས་ཤག་དམིགས་བསལ་མེད་པ། གཞུང་ཚན་སོ་སོར་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་གནང་མཁན་ལ་འཛིན་ཁང་མེད་པ་སོགས་ཀྱི་དཀའ་ངལ་འོག  ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༢ ཉིན་ནས་ཆོས་ར་གསར་རྒྱག་གི་ལས་གཞི་དངོས་སུ་དབུ་འཛུགས་གནང་ནས་ལོ་བཞི་ཙམ་འགྲོ་བཞིན་ཡོད་པ་དང་། དབྱིན་ཡིག་ཊི་(T )དབྱིབས་ཅན་གྱི་ཆོས་ར་གསར་པ་དེར་ཁྱོན་རྒྱ་ཁྱོན་མི་ཊར་གྲུ་བཞི་མ་ ༩༢༤༩ ལྷག་ཙམ་ཡོད་པ་དང་།  ཆེད་ལས་པས་ཆོས་རའི་རྩིག་གདན་ནས་ཐོག་གི་རྒྱལ་མཚན་བར་ཁྱོན་ཧིན་སྒོར་འབུམ་ ༣༠༠༠ ལ་ཉེ་བ་འགྲོ་སྲིད་པའི་སྔོན་རྩིས་བྱས་ཡོད་ཀྱང་། ད་བར་ཆོས་ར་དང་འཛིན་ཁང་བཅས་པར་དངོས་སོང་རགས་རྩིས་ཧིན་སྒོར་འབུམ་ ༡༥༠༠ ལྷག་ཙམ་སོང་ཡོད་སྐོར་གསུངས་སོང་།ཨེ་མོ་རི་དང་བོད་ཀྱི་ཚན་རིག་གི་ལས་རིམ་གྱི་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གྷི་མཆོག་ནས་ལས་རིམ་སྐོར་གསུང་བཤད་གནང་སྐབས། ཕྱི་ལོ་ ༢༠༠༦ ལོར་༸གོང་ས་མཆོག་ནས་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ལ་བོད་ཀྱི་དཔེ་མཛོད་ཁང་དང་མཉམ་འབྲེལ་གྱི་ཐོག་ནས་བོད་ཀྱི་དགོན་སྡེ་ཁག་ཏུ་ལག་བསྟར་བྱ་རྒྱུ་ཆ་ཚང་ཞིང་། གོ་རིམ་ལྡན་པའི་དེང་རབས་ཀྱི་ཚན་རིག་བསླབ་གཞི་བཟོ་སྒྲིག་ཡོང་བའི་བཀའ་སློབ་ཕེབས་པ་ནས་བཟུང་སྟེ། ད་བར་གྱི་ལོ་ངོ་ ༡༣ གྱི་དུས་ཡུན་ནང་ཐོག་མའི་ལོ་གཉིས་རིང་འཆར་འགོད་དང་། དེ་ནས་ལོ་དྲུག་རིང་སྔོན་འགྲོ་ཡི་ཚོད་ལྟའི་ལག་ལེན། འདས་པའི་ལོ་ངོ་ ༦ རིང་གདན་ས་ཆོས་སྒར་ཁག་ཏུ་དངོས་གཞིའི་ལག་བསྟར་བྱས་པའི་ལེའུ་ད་ལྟ་ལེགས་པར་གྲུབ་སྟེ། དེ་རིང་འདིར་སློབ་གཉེར་བ་ཐེངས་དང་པོའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་ཀྱི་ཡོད་པ་བཅས་ནི། གཙོ་བོ་༸གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ཟབ་མོ་དང་། དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་བསྩལ་བ། འགྲོ་གྲོན་ཐོག་རོགས་མགོན་གནང་བ་སོགས་ལ་བརྟེན་ནས་བྱུང་བ་ཡིན་སྐོར་གསུངས་སོང་།དེ་ནས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་འགན་འཛིན་གཞོན་པ་ཚེ་བརྟན་སྒྲོལ་དཀར་ལགས་ནས་༢༠༡༤ ནས་ ༢༠༡༩ བར་གྱི་ལས་དོན་གྲུབ་འབྲས་སྐོར་སྙན་སྒྲོན་ཞུ་སྐབས། ད་ལྟའི་ཆར་རྒྱུན་སྐྱོང་གནང་བཞིན་པའི་ལས་རིམ་ཁག་བཞི་སྟེ། ལོ་དྲུག་གི་ཚན་རིག་ལས་གཞི་དང་སློབ་དེབ་བཟོ་སྒྲིགདབྱར་དུས་ཟླ་གཅིག་དང་ཕྱེད་རིང་ཟབ་སྦྱོང་། ཚན་རིག་གི་བརྡ་ཆད་གསར་བཟོ་དང་གཏན་འབེབ། བསྟན་འཛིན་རྒྱ་མཚོའི་མཚན་འཛིན་ཚན་རིག་སློབ་གཉེར་བའི་ལས་གཞི་བཅས་འགྲོ་བཞིན་ཡོད་ལ། ལས་རིམ་དང་པོ་སློབ་དེབ་བཟོ་སྒྲིག་ཁྲོད་དབང་རྩའི་ཚན་རིག་དང་། སྐྱེས་དངོས། དངོས་ཁམས་བཅས་ལོ་རིམ་དང་པོ་ནས་དྲུག་པ་བར་གྱི་སློབ་དེབ་ ༦ རེ་དང་། ལྟ་གྲུབ་ཀྱི་སློབ་དེབ་ ༢། ཚན་རིག་གི་ཚིག་མཛོད་གཅིག་བཅས་བོད་དབྱིན་གཉིས་ཀྱི་ནང་དེབ་གྲངས་ ༢༢ བཟོས་ཡོད་པ་སྤྱན་འབུལ་ཞུས་སོང་བ་དང་། དེ་བཞིན་ལོ་རིམ་དང་པོ་ནས་དྲུག་པ་བར་གྱི་ཟབ་སྦྱོང་གི་བརྙན་ ༣༦༧ དང་།  བརྗོད་གཞི་ངེས་ཅན་ཐོག་བརྙན་ ༡༡༢། བོད་དབྱིན་གཉིས་ཀྱི་ཐོག་ནས་ཤོག་གྲངས་ ༥༠༠༠ ལྷག་ཅིག་གྲ་སྒྲིག་ཡོད་སྐོར་དང་། དབྱར་དུས་ཀྱི་ཚན་རིག་ཟབ་སྦྱོང་ནང་འདི་ལོར་དགེ་འདུན་པ་ ༡༤༩༤ དང་། བཙུན་མའི་ལོ་གསུམ་པའི་ཟབ་སྦྱོང་ནང་ཞུགས་མཁན་བཙུན་མ ༤༠ བྱུང་ཡོད་སྐོར།  ཕྱི་ལོ་ ༢༠༡༤ ནས་ ༢༠༡༩ བར་མཐོ་རིམ་སློབ་གྲྭ་ཁག་༡༠༩ ནས་དགེ་རྒན་ ༢༠༩ ཕེབས་ནས་སློབ་འཁྲིད་གནང་ཡོད་སྐོར་དང་། ཚན་རིག་གི་བརྡ་ཆད་གཏན་འབེབ་ཀྱི་ཚོགས་ཆེན་ཐེངས་ ༡༠ ཚོགས་ཟིན་པ་དང་། ཚོགས་ཆེན་ཐེངས་ ༡༡ པ་འབྲས་སྤུངས་སུ་འཚོགས་འཆར་ཡོད་ལ། བརྡ་ཆད་ ༥༠༠༠ ལྷག་ཅིག་གཏན་འབེབ་གནང་ཟིན་ཡོད་སྐོར་དང་། ད་ལྟ་བར་དུ་ཚན་རིག་སློབ་གཉེར་བ་ཁག་བཞི་ཐོན་ཟིན་ཡོད་པའི་ཁྲོད་བཙུན་མ་གཉིས་བཅས་གྲྭ་བཙུན་གྲངས་ ༢༤ ཡོད་པ་དང་། ཁོང་ཚོས་དབྱར་དུས་ཀྱི་ཟབ་སྦྱོང་ལ་དགེ་རྒན་དང་། དགོན་པ་ཁག་ནང་ཚན་རིག་སློབ་སྦྱོང་ཐད་འགན་འཁུར་བ།  དེ་བཞིན་ལོ་ཙཱ་བའི་ལས་ཀ་བཅས་སྒྲུབ་མུས་ཡིན་ལ། མ་འོངས་པར་དགོན་པ་ཁག་རང་གི་ནང་ལ་དགེ་རྒན་སྐྱེད་སྲིང་བྱ་རྒྱུ་དེ་དམིགས་ཡུལ་ཆགས་ཡོད་པ་ལྟར། སློབ་གཉེར་བ་ ༦༠ ཙམ་ལ་དགེ་རྒན་འོས་སྦྱོང་དང་ཞིབ་འཇུག་གི་ཟབ་སྦྱོང་། ལོ་ཙཱ་བའི་ཟབ་སྦྱོང་བཅས་ སྤྲོད་རྒྱུ་ཡིན་སྐོར་སོགས་སྙན་སྒྲོན་ཞུས་གནང་སོང་།སྐྱེ་ལྡན་རིག་པའི་གཙུག་ལག་སྡེ་ཚན་གྱི་ཚན་རིག་པ་ཨེ་རི་ཨི་སིན་ Arri Eisenལགས་ཀྱིས་ལས་གཞི་དང་འབྲེལ་བའི་མྱོང་ཚོར་སྐོར་བརྗོད་སྐབས། ལོ་བཅུ་ལྷག་གི་སྔོན་དུ་ངས་ལས་འཆར་འདིར་ཐོག་མར་ལས་ཀ་བྱ་རྒྱུ་མགོ་བཙུགས་པའི་སྐབས་སུ་ངས་སློབ་ཁྲིད་བྱས་ནས་ལོ་ངོ་ཉི་ཤུ་སོང་ཟིན་པས་སློབ་ཁྲིད་བྱེད་ཕྱོགས་ཐད་གནས་ཚུལ་ཚང་མ་ཤེས་ཀྱི་ཡོད་སྙམ་པ་ཞིག་ང་ལ་ཡོད། འོན་ཀྱང་ལས་འཆར་འདིས་ངའི་སློབ་ཁྲིད་ལ་ལྟ་ཕྱོགས་ཡོངས་སུ་བསྒྱུར་བ་མ་ཟད། དེ་མིན་གྱི་གནས་ཚུལ་ཧ་ལམ་ཚང་མའི་ཐོག་ལའང་ལྟ་ཕྱོགས་བསྒྱུར་བ་རེད། སྡུག་བསྔལ་ལ་བསམ་ཕྱོགས་གསར་པ་དང་དེ་སེལ་ཐབས་གསར་པ་འོང་བ་ལ་ཚན་རིག་དང་ནང་ཆོས་གཉིས་མཉམ་འཛོམས་བྱ་དགོས་པའི་༸གོང་ས་མཆོག་གི་ཐུགས་ཀྱི་རེ་འདུན་བསྒྲུབ་པའི་ཕྱོགས་སུ་ཨེ་མོ་རི་དང་བོད་ཀྱི་ཚན་རིག་གི་ལས་རིམ་འདིས་མདུན་སྐྱོད་གང་ལེགས་བྱས་ནས་ཡོད། དཔེར་ན། རིག་གཞུང་འདྲ་མིན་གྱི་ཁྱོན་དུ་མངོན་པའི་ཡིད་མུག་ལ་ཉམས་ཞིབ་བསྒྲུབ་རྒྱུ་དང་། ཡང་གཉིད་ཀྱིས་དྲན་པ་ལ་ཤུགས་རྐྱེན་གང་འདྲ་བཟོ་མིན་གྱི་ཉམས་ཞིབ་ཁག་ཅིག་འགོ་འཛུགས་བཞིན་ཡོད་པའི་ནང་དུ་དགེ་འདུན་པ་ཚོ་ཚན་རིག་གི་ཉམས་ཞིབ་པ་རང་གི་རྣམ་པར་མཉམ་ཞུགས་བྱ་རྒྱུ་ཡིན་པ་ལྟ་བུ་རེད། འོན་ཀྱང་། ང་ཚོའི་ལས་འཆར་གྱི་མཇུག་འབྲས་དེ་ཙམ་མིན་པར་དེ་བས་ཀྱང་ལྷག་པ་ཞིག་ཆགས་ཡོད། ཅེས་ཁོང་རང་གིས་དངོས་སུ་མཐོང་བའི་བསྟན་འཛིན་རྒྱ་མཚོའི་མཚན་ཅན་གྱི་ཚན་རིག་སློབ་གཉེར་བ་རྣམས་ཀྱི་གནས་ཚུལ་ཁག་ ༨ སྙན་སྒྲོན་ཞུས་སོང་།ཚན་རིག་ལྟ་གྲུབ་གཙུག་ལག་སྡེ་ཚན་གྱི་ཚན་རིག་པ་ལྕམ་ཁཱ་རོལ་ Carol Worthman ལགས་ཀྱིས་ལས་གཞི་དང་འབྲེལ་བའི་མྱོང་ཚོར་སྐོར་བརྗོད་དོན། ལོ་ ༦ གི་ལས་རིམ་མཇུག་བསྡོམས་སྐོར་ལ་དཔེ་མཛོད་ཁང་གི་དབུ་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། གོང་ས་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞི་ལ་སོགས་སྔ་ཙམ་ནས་ཤེས་རྟོགས་དང་ལག་བསྟར་མགོ་འཛུགས་གནང་ཐུབ་ན་ཕན་ཐོགས་ཆེ་བ་དང་། འབྲེལ་ཡོད་ཚང་མས་མུ་མཐུད་འབད་བརྩོན་གནང་དགོས་སྐོར་གསུངས།

བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས།༸གོང་ས་མཆོག་ནས་བཀའ་གནང་བ་ལྟར་ཕྱི་ལོ་ ༡༩༩༩ ལོ་ནས་བཟུང་བོད་ཀྱི་དཔེ་མཛོད་ཁང་ནང་བོད་ཀྱི་དགོན་སྡེ་ཁག་ལ་ཚན་རིག་སློབ་པའི་ལས་གཞི་ཞིག་ལག་བསྟར་གནང་དགོས་པ་རེད་ཅེས་བཀའ་གནང་བ་ལྟར། ལས་གཞི་མགོ་འཛུགས་བྱས་ཏེ་ལོ་ ༢༠ འགྲོ་བཞིན་ཡོད་པ་དང་། ལས་གཞི་ཐོག་མར་མགོ་འཛུགས་སྐབས་༸གོང་ས་མཆོག་གི་ཕུགས་རྒྱང་རིང་པོའི་དགོངས་གཞི་ང་ཚོས་མ་རྟོགས་པ་དང་།  དགོན་པ་སོ་སོའི་ནང་ཐོས་བསམ་སློབ་གཉེར་གྱི་ལས་ཀ་མང་ཐག་ཆོད་ཡོད་པར་བརྟེན། ལས་གཞི་མགོ་འཛུགས་སྐབས་བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་ཟུར་པ་ཨ་མཆོག་རིན་པོ་ཆེའི་སྐབས་ལའང་དཀའ་ངལ་མང་པོ་བྱུང་ཡོད་ལ། དགེ་བཤེས་ལྷག་རྡོར་ཁོང་རང་གི་སྐབས་སུའང་དཀའ་ངལ་ཡོད་པ་དང་། དེ་བཞིན་དགོན་པ་གྲྭ་ཚང་གི་ནང་ལོགས་ལའང་དཀའ་ངལ་མང་པོ་ཞིག་བྱུང་ཡོད་ཀྱང་། ཚང་མས་གོ་བསྡུར་བྱེད་ཀྱིན་དཀའ་ངལ་ལ་གདོང་ལེན་བྱས་ཏེ་དུས་ཡུན་ཐུང་ཐུང་ནང་གཙོ་བོ་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཐུགས་རྗེ་སྨོན་ལམ་གྱིས་གྲུབ་འབྲས་ཞེ་དྲག་ཡག་པོ་སོན་ཏེ། དེ་རིང་ལས་རིམ་འདྲ་བོ་གཅིག་མཇུག་བསྒྲིལ་ཡོད་སྐོར་གསུངས་སོང་།མཇུག་ཏུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཆེན་མོ་དང་། ལྕང་སྐྱའི་ཨ་མ་ལྟ་མགུར་གཉིས་ཆོས་འབྲེལ་དང་བླང་དོར་བཀའ་སློབ་བསྩལ་སྐབས། གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་རྟེན་འབྲེལ་དང་། ཡུན་རིང་ནས་མཉམ་རུབ་གནང་མཁན་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་འབྲེལ་ཡོད་སོགས་ཆོས་ཞུ་བ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་མཛད་པ་དང་སྦྲགས། དེ་སྔ་ང་ཚོ་བོད་པས་ཚན་རིག་ཅེས་ལབ་དུས་མཁན་པོ་བླ་མའི་ནང་དུའང་ཏོག་ཙམ་ཐག་རིང་པོ་བཞག་གནང་བ་དང་། དེ་བཞིན་ངོ་ཤེས་དེ་འདྲ་ཡིས་ཚན་རིག་ཟེར་བ་དེས་ཆོས་ལ་དད་པ་མེད་པར་བཟོ་ཡི་རེད། དེ་ལ་གཟབ་གཟབ་བྱེད་དགོས་པ་རེད་ཅེས་ཟེར་མཁན་བྱུང་མྱོང་། གང་ལྟར་དངོས་ཡོད་གནས་ཚུལ་དེ་བོད་ཀྱི་སངས་རྒྱས་པའི་ཆོས་དེ་ལེགས་སྦྱར་གྱི་སངས་རྒྱས་ཀྱི་ཆོས་གཙོ་བོ་དེ་ཆགས་བསྡད་ཡོད་པ་དང་། པཱ་ལིའི་གཞུང་ནང་ཡོད་པ་དེ་སངས་རྒྱས་ཀྱི་ཆོས་ཀྱི་རྨང་གཞི་ཆགས་བསྡད་ཡོད་པ་རེད་ཅེས་དང་། ང་རང་ཚོས་ཟུང་དུ་འབྲེལ་ནས་དེང་དུས་ཀྱི་ཚན་རིག་གི་ཤེས་ཡོན་སྡེ་ཚན་དེའི་ནང་ལོགས་ལ་སེམས་ཁམས་རིག་པ་དེ་སྣོན་ཐུབ་པ་ཞིག་དང་། དེ་འདྲ་ཞིག་ཡོང་བར་སྔོན་ལ་ང་རང་ཚོ་སེམས་ཁམས་རིག་པར་བརྟེན་ནས་སློབ་སྦྱོང་ཏོག་ཙམ་ཡོད་པ་དང་། སློབ་སྦྱོང་ཡོད་པ་ཙམ་མིན་པར་ཉམས་མྱོང་གང་འཚམ་ཡོད་པ་དེ་ཚོས་ཀྱང་ཚན་རིག་གི་གནས་སྟངས་ཡག་པོ་ཤེས་པ་ཞིག་དགོས་པ་རེད། དཔེར་ན། ང་ཚོའི་ཚད་མ་རྣམ་འགྲེལ་སོགས་ཀྱི་ནང་མུ་སྟེགས་པའི་འདོད་པ་ཆ་ཚང་བཀོད་འདུག་གཱ། སྔོན་ལ་སྤྱི་ཡོངས་ཀྱི་ཤེས་ཡོན་ཆ་ཚང་བ་ཞིག་ཡོང་བར་དེའི་ཚེ་དེའི་དུས་ལ་རྒྱ་གར་ནང་ཡོད་བསྡད་པའི་ལྟ་གྲུབ་འདྲ་མི་འདྲ་ཚང་མར་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། དེ་ནང་བཞིན་དེང་སང་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དུ་བསླེབས་བསྡད་ཡོད་པ་རེད། ཚན་རིག་ཡར་རྒྱས་ཆེན་པོ་ཕྱིན་བསྡད་ཡོད་དུས། དེ་ལ་ང་ཚོས་སློབ་སྦྱོང་བྱས་ཏེ། དེ་གཉིས་ཟུང་འབྲེལ་བྱེད་ཐུབ་པ་ཡིན་ན་གཉིས་ཕན་རེད་འདུག ཚན་རིག་པ་ཚོ་ལའང་སེམས་ཁམས་རིག་པའི་སྐོར་ཏོག་ཙམ་བཤད་ཡོང་དུས་ཕན་ཐོགས་ཞེ་དྲག་བྱུང་བ་དང་། ང་རང་ཚོ་ལའང་ཤེས་ཡོན་གྱི་སྡེ་ཚན་ཆ་ཚང་བ་ཞིག་ཡོང་གི་ཡོད་པ་རེད། ཅེས་ཕན་ཚུན་བློ་སྐྱེད་སྤེལ་རེས་ཀྱི་ཚན་རིག་ལས་གཞིར་མུ་མཐུད་ཧུར་ཐག་གནང་དགོས་སྐོར་གསུངས་སོང་།

བོད་མི་རྣམས་བཙན་བྱོལ་བ་ཆགས་པ་དེ་རྐྱེན་ངན་གྲོགས་སུ་ཤར་བ་ཡིན་སྐོར་༸གོང་ས་མཆོག་གིས། ང་ཚོ་བཙན་བྱོལ་བ་ཆགས་ནས་འཛམ་གླིང་གི་སྡིངས་ཆའི་ཐོག་ང་ཚོ་བསླེབས་པ་རེད། འདིར་བསླེབས་ཚར་དུས་དེ་སྔ་བོད་ལ་ཁྲོམ་ས་འདྲ་བོ་དེ་ཆུང་ཆུང་ཞིག་མ་གཏོགས་མེད་པ་རེད། ད་ལྟ་ང་ཚོ་རྒྱ་གར་ལ་བསླེབས་ནས་ཁྲོམ་ས་ཞེ་དྲག་ཆེན་པོ་ཞིག་གི་སྒང་ལ་བསླེབས་ཏེ་འཛམ་གླིང་ཤར་ནུབ་ཀྱི་མང་པོ་ཞིག་གིས་དོ་སྣང་ཡོང་བསྡད་པ་ཞིག་ཆགས་ཀྱི་འདུག ནུབ་ཕྱོགས་སྤྱི་ཚོགས་དེ་ཚོ་སྔོན་ཆད་ནང་པ་སངས་རྒྱས་པར་འབྲེལ་བ་ཡོད་པ་མ་རེད། རིམ་གྱིས་མཁས་དབང་དང་ཚན་རིག་པ་མང་པོ་ཞིག་གིས་དོ་སྣང་གསར་པ་ཞིག་གནང་ཡོང་གི་འདུག གང་ལྟར་ང་ཚོ་བཙན་བྱོལ་བ་ཆགས་པ་དེ་རྐྱེན་ངན་གྲོགས་ལ་ཤར་བ་འདྲ་བོ་རེད། དེ་སྔ་ཁྱེད་རང་ཚོ་འབྲས་སྤུངས་བ་ཚོ་བོད་ལ་ཡོད་དུས་མཚམས་རེར་ལྷ་ས་ལ་མར་ཡོང་ནས་གནས་ཚུལ་གསར་པ་དེ་འདྲ་གོ་བ་མ་གཏོགས། དགོན་པའི་ནང་རི་ཁུག་དེར་བསྡད་བསྡད་ཡོད་པ་རེད། དེར་བརྟེན། ང་ཚོ་བཙན་བྱོལ་བ་ཆགས་ནས་འཛམ་གླིང་གི་སྡིངས་ཆའི་ཐོག་བསླེབས་ཏེ། དེ་སྔོན་ང་ཚོ་བོད་ལ་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་ཞེ་དྲག་བཤད་དེ། དགེ་བཤེས་ལ་ཞེ་དྲག་མཐོང་མེད་པ་རེད། ཁྲིའི་སྒང་ལ་ཡོད་པའི་བླ་མ་ལ་མཐོང་ཞེ་དྲག་སྤྲོད་ཀྱི་ཡོད་དུས་བླ་མའི་ཆོས་ལུགས་ཞེས་མིང་བཏགས་པ་རེད། ད་ལྟ་ང་ཚོ་འཛམ་གླིང་གི་སྡིངས་ཆའི་ཐོག་བསླེབས་ཡོང་དུས། བོད་ལ་ཡོད་པའི་ནང་ཆོས་དེ་ནཱ་ལེནྡྲའི་ཆོས་བརྒྱུད་འཁྲུལ་བ་མེད་པ་དེ་རེད་འདུག་ཅེས་ངོས་འཛིན་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། ཅི་ཙམ་གྱིས་ང་ཚོ་བཙན་བྱོལ་ལ་ཡོད་བསྡད་པ་ཚོས་བོད་ལ་ཡོད་པའི་གཅེས་ནོར་དེ་ཚོར་བདག་པོ་བརྒྱབ་སྟེ། འཛམ་གླིང་ཕྱི་ལོགས་ལ་ངོམས་ཆོག་པ་ཞིག་ཡོང་བསྡད་དུས། བོད་ནང་དཀའ་ངལ་འོག་ཡོད་པའི་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱིས་སེམས་བཞག་ས་ཞིག་ཆགས་པ་རེད། ང་ཚོ་བོད་ལ་ཡོད་པའི་ནང་པ་སངས་རྒྱས་པའི་ཤེས་ཡོན་དེས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་པ་འདྲ་བོ་ཞིག་དང་། མིས་དོ་སྣང་བྱ་རྒྱུ་ཡོད་པ་ཞིག་ཏུ་བསླེབས་དུས། བོད་ནང་གི་མི་ཚོས་སྙིང་རྗེ་སྲོག་ཀྱང་འདོར་གྱི་ཡོད་པ་རེད། བར་སྐབས་ནས་བོད་བསྟན་སྲིད་ཆེད་མི་བརྒྱ་ལྷག་ཅིག་གིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། དེ་ཚོས་སོ་སོའི་སྲོག་བློས་གཏོང་ཐུབ་ཀྱི་ཡོད་པ་རེད་ལ། རང་སྲོག་བློས་གཏོང་ཐུབ་མཁན་ཞིག་གིས་གཞན་ལ་འཚེ་བ་བྱེད་ཐུབ་ངེས་རེད། འོན་ཀྱང་། འཚེ་བ་ཁྱོན་ནས་མེད་པར་སོ་སོ་མེར་བསྲེགས་བཏང་ཡོད་པ་རེད། གང་ལྟར་སེམས་ལ་རྔམ་སྐྲག་དང་སྡུག་བསྔལ་དེ་འདྲ་ཞིག་ཡོད་ཀྱང་། སྙིང་སྟོབས་ཞུམ་པ་མེད་པར་བསྡད་ཡོད་པ་དང་། ཁོང་ཚོའི་སྙིང་སྟོབས་དང་རྣམ་དཔྱོད་ཕྱི་ལ་སྟོན་ཐུབ་པ་མེད་དུས། ང་རང་ཚོ་རང་དབང་ལུང་པའི་ནང་དུ་ཡོད་མཁན་ཚོས་ཁོང་ཚོའི་མི་ཚབ་བྱས་ཏེ། ད་ལྟ་བར་དུ་ཧུར་ཐག་བྱས་ཡོད་ལ་མུ་མཐུད་ཧུར་ཐག་བྱེད་དགོས་པ་གལ་ཆེན་པོ་རེད། ཅེས་གསུངས་སོང་།གྲྭ་ཚང་གི་ལོ་རྒྱུས་ནང་གསལ་བ་ལྟར་ན།  རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རྗེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་ཆེན་པོ་མཆོག་གིས། ཕྱི་ལོ་ ༡༤༡༦ ལོར་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པ་ཕྱག་བཏབ་སྟེ། དྲུང་གྲགས་པ་རིན་པོ་ཆེ་འཆད་ཉན་གྱི་སློབ་དཔོན་དུ་བསྐོས་ཏེ་འཆད་ཉན་རྒྱ་ཆེར་འཕེལ་བ་ལས་སྒོ་མང་གྲྭ་ཚང་དབུ་བརྙེས་ཤིང་། བཀྲ་ཤིས་པའི་ཕུན་ཚོགས་སྡེ་བཞིའི་འབྱུང་འཇུག་གི་སྒོ་བརྒྱ་ཕྲག་མང་པོ་ཕྱེས་པས་བཀྲ་ཤིས་སྒོ་མང་ཞེས་པའི་མཚན་ཆགས་ཏེ། མཁས་གྲུབ་གྲངས་ལས་འདས་པ་བྱོན་ཡོད་པ་མ་ཟད། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཨུ་རུ་སུ་དང་སོག་པོ། རྒྱ་བལ་འབྲུག་གསུམ། རྒྱ་གར། ཧི་མ་ཡའི་རི་བརྒྱུད་བཅས་སུ་དཔལ་ན་ལེནྡྲ་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་དར་ཁྱབ་ཆེན་པོ་བྱུང་། ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་རྗེས་དགེ་བཤེས་དང་སློབ་གཉེར་བ་མི་ཉུང་བ་ཞིག་བཙན་བྱོལ་ནང་ཕེབས་དགོས་བྱུང་ཡོད་པ་དང་། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་མོན་གྷོར་ས་གནས་སུ་ཐོག་མར་དགེ་འདུན་པ་ཞལ་གྲངས་ ༦༠ ཙམ་ནས་དབུ་འཛུགས་གནང་སྟེ། ནང་གི་བསླབ་པ་སློབ་གཉེར་དང་ཕྱིའི་འཛུགས་སྐྲུན་སོགས་འཕེལ་རྒྱས་བསམ་བརྗོད་ལས་འདས་པ་བྱུང་ཞིང་། ད་བར་གྲྭ་ཚང་འདིའི་ཆོས་སྒོར་ཞུགས་མཁན་གཞིས་ཆགས་ཁག་ནས་དགེ་འདུན་པ་ ༡༥༠ དང་། བོད་ནས་བསླེབས་པ་ ༢༣༣༧། ལ་དྭགས་དང་ཟངས་དཀར། གར་ཞྭ། མོན་སོགས་ཧི་མ་ལ་ཡའི་རི་བརྒྱུད་དང་རྒྱ་གར་མི་རིགས་ ༡༠༥༤། ཨུ་རུ་སུ་དང་སོག་པོ་ ༡༣༨༢། བལ་ཡུལ་དང་འབྲུག་ནས་ ༡༨༢། ཐའེ་ཝན་ནས་ ༡༣། དེ་མིན་གྱི་ཕྱི་རྒྱལ་ཁག་ནས་ ༦། ཡོང་ཁུངས་མི་གསལ་བ་ ༧༣ བཅས་ཁྱོན་དགེ་འདུན་པ་ ༥༢༥༧ བྱུང་བའི་ཁྲོད་ནས་དགེ་བཤེས་ལྷ་ཚོགས་ཞལ་གྲངས་ ༢༥༦ དང་། དགེ་བཤེས་ཆུང་ཁག་ཞལ་གྲངས་ ༣༨༠ བཅས་དགེ་བཤེས་ཐོན་ཟིན་པ་ ༦༣༦ བཅས་ཡོད་པ་དང་། མཁན་ལས་ཟུར་དབུས་པའི་དཔེ་འཁྲིད་དགེ་རྒན་གྱི་མཚན་གནས་ཡོད་པ་ཞལ་གྲངས་ ༣༤ ཙམ་དང་། དཔེ་འཁྲིད་གནང་བཞིན་པའི་དགེ་རྒན་ཞལ་གྲངས་ ༢༢ ཙམ་ཡོད་འདུགཕྱི་ལོ་ ༢༠༡༩ ལོར་ཆོས་རིག་ལས་ཁུངས་ཀྱི་རྩིས་ཞིབ་ལྟར་ན། ད་ལྟ་དགེ་འདུན་པ་ཞལ་གྲངས་ ༢༣༠༠ ཡོད་འདུག

བསྐྱར་བཅོས།: ༢༠༡༩/༡༢/༡༤

Leave a Reply