སྐད་ཡིག་གཉིས་པའི་དགོས་མཁོ། བདུན་པ།

ནོར་བསམ།

ཕྲན་གྱི་གོང་དུ་བྲིས་སྤེལ་བྱས་ཟིན་པའི་རྩོམ་ཡིག་ཁག་གི་ནང་ལ་སྐད་ཡིག་ཐོག་མར་སྦྱོང་མཁན་ནམ། ལས་དང་པོ་བ་ཚོས་སྐད་ཡིག་སྦྱོང་སྐབས་དང་། སློབ་ཁྲིད་སྐབས་སུ་དོ་སྣང་ག་རེ་བྱེད་དགོས་པ་བྲིས་ཡོད། ཀློག་མཁན་རྣམས་ལ་ཅུང་ཟད་ལས་མི་ཕན་ནའང་། དོགས་སློང་གིས་མ་འོངས་པར་ཐུགས་བསམ་བཞེས་རྒྱུར་བསྐུལ་མ་ཐེབས་པའི་རེ་བ་ཡོད།

ད་ལན་ཕྲན་གྱིས་སྐད་ཡིག་གི་ཤེས་ཚད་ལ་གཞིགས་ནས་སྐད་ཡིག་སྦྱོང་མཁན་གྱི་རིམ་པ་མཐོ་འབྲིང་དམའ་བ་གསུམ་ལ་དབྱེ་ཚུལ་ཡོད་པ་ལས་ཤེས་ཚད་འབྲིང་དང་། ཤེས་ཚད་མཐོ་པོ་ཡོད་མཁན་ཚོས་ཐུགས་ཇི་དགོས་སྐོར་སྤྱི་བཤད་ཙམ་འབྲི་ཐབས་བྱ་ཡི་ཡིན། སྤྱིར་འཛམ་གླིང་ནང་སྐད་ཡིག་གི་ཤེས་ཚད་ལ་མིང་འདོགས་སྟངས་མི་འདྲ་བ་སྣ་ཚོགས་ཡོད་པ་ལས་ཡོངས་གྲགས་ཆེ་ཤོས་ནི་ CLB benchmark system   ཞེས་པ་དང་། the IELTS 9-band scale ཞེས་པ་གཉིས་རེད། དེ་བས་སྐད་ཡིག་གི་ཤེས་ཚད་ CLB as benchmarks 5-7 སོན་པ་རྣམས་སྐད་ཡིག་ཤེས་འབྲིང་ངམ་ Intermediate ལ་ངོས་འཛིན་བྱེད་པ་དང་། སྐད་ཡིག་གི་ཤེས་ཚད་མཐོ་བའམ་ Advanced learners  ཚོ་ནི་སྐད་ཡིག་ཤེས་ཚད་ benchmarks 8-10 བར་ཡིན་དགོས་པར་བརྗོད། གལ་སྲིད་ Benchmarks 11 and 12 ཐོག་སླེབས་པ་ཡིན་ན་ཕ་སྐད་ཐོག་ནས་སྐད་ཆ་ཤོད་མཁན་གྱི་གནས་ཚད་དང་འདྲ་བར་ངོས་འཛིན་བྱེད། (near or at native-speaker level) སྐད་ཡིག་ཤེས་ཚད་རིམ་པ་དབྱེ་སྟངས་འདིས་སྐད་ཡིག་དགེ་རྒན་རྣམ་པས་སློབ་ཕྲུག་གི་སྐད་ཡིག་ཤེས་ཚད་ལ་གཞིགས་ནས་སློབ་ཁྲིད་རྒྱུ་ཆ་གྲ་སྒྲིག་བྱ་རྒྱུར་ཕན་ཐོགས་ཡོད། སྐད་ཡིག་གི་ཤེས་ཚད་ལ་གཞིགས་ནས་དགེ་རྒན་ཚོས་སློབ་ཚན་དང་དྲི་བའི་ནང་དོན་ཚིག་སྦྱོར་ལ་དགོངས་པ་བཞེས་དགོས་ཀྱི་ཡོད། ནུབ་ཕྱོགས་ཡུལ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་རྒན་དང་འབྲེལ་ཡོད་ཁ་ཤས་ཀྱིས་སློབ་ཚན་འདི་དང་དེ་གལ་ཆེན་རེད་ཅེས་ཁྲིད་རྐྱང་གནང་བ་ལས། སློབ་ཕྲུག་གི་ཤེས་ཚད་དང་སློབ་ཚན་གྱི་ཚིག་སྦྱོར་དོན་མཚུངས་བསྡུར་མི་གནང་བའི་གནས་སྟངས་ཡོད་འདུག སློབ་ཕྲུག་གི་ཤེས་ཚད་རྒྱུས་ལོན་དང་། དེ་ནས་སློབ་ཚན་གྱི་ཚིག་དོན་དང་། ཚིག་འབྲུ་མང་ཉུང་། སློབ་ཁྲིད་ཐབས་ལམ། སློབ་ཕྲུག་གིས་ཤེས་ཡོད་མེད་བརྟག་ཞིབ་བྱེད་སྟངས་སོགས་དགེ་རྒན་དང་འབྲེལ་ཡོད་རྣམ་པས་ཐུགས་སྣང་གནང་དགོས་པ་མང་པོ་ཡོད།

སྐད་ཡིག་གི་ཤེས་ཚད་དམའ་བ་དང་འབྲིང་བ་དབྱེ་བ་ཕྱེ་རྒྱུར་ཅུང་སླ་ཡང་། ཤེས་ཚད་འབྲིང་ལ་ཡང་ནང་གསེས་ཤེས་ཚད་མཐོ་དམན་ཡོད་པའི་ཐོག་ནས་སློབ་ཁྲིད་གནང་དགོས། སྐད་ཡིག་གི་ཤེས་ཚད་འབྲིང་ལ་ནང་གསེས་དབྱེ་བ་ཉུང་མཐར་གཉིས་ལ་ཕྱེ་རྒྱུ་ཡོད་པ་དང་། དེ་བས་མང་བ་ཤེས་ཚད་མཐོ་བ་ལ་ནང་གསེས་དབྱེ་བ་ཡོད་པ་མཁྱེན་དགོས། སྐད་ཡིག་ཤེས་ཚད་འབྲིང་ཡིན་པ་ཚོས་རང་ཉིད་ཀྱི་བསམ་ཚུལ་བཤད་བྲིས་གང་བྱས་ནའང་སྐད་ཡིག་ཐོག་མར་སྦྱོང་མཁན་ལས་ལེགས་པ་ཡོད་ནའང་། བཤད་བྲིས་སྐབས་སུ་ནོར་འཁྲུལ་མི་ཉུང་བ་བྱུང་བ་ལ་དགེ་རྒན་དང་ཕ་མ་ཚོས་དོ་སྣང་དང་། ཐབས་ལམ་འདྲ་མིན་ཐོག་ནས་ཡོ་བསྲང་བྱེད་ཐུབ་པ་དགོས། དེ་བས་སྐད་ཡིག་ཤེས་ཚད་འབྲིང་དང་། མཐོ་བ་གཉིས་ཀར་ཡར་རྒྱས་གཏོང་དགོས་པ་ཡོད་སྟབས་ཡར་རྒྱས་ཀྱི་ལམ་བུར་བསྐྱོད་ཐུབ་པ་བྱེད་དགོས། དཔེར་ན། ཤེས་ཚད་འབྲིང་ཡིན་མཁན་ཚོས་སྐད་ཡིག་ཐོག་མར་སྦྱོང་སྐབས་ནས་ཡར་རྒྱས་བཏང་མ་ཐུབ་པ་རྣམས་སྐད་ཡིག་བེད་སྤྱོད་གཏོང་སྐབས་མུ་མཐུད་ནོར་འཁྲུལ་བྱུང་བཞིན་པ་རྣམས་རིམ་པས་གསལ་སྟོན་དང་ངོས་འཛིན་ཐུབ་པ་བཟོས་ཏེ་ནོར་འཁྲུལ་མང་པོ་ནས་ཉུང་ཉུང་དང་། ཉུང་ཉུང་དེ་མེད་པ་བཟོོ་ཐབས་ལ་འབད་དགོས་པ་ལས་སྣང་མེད་སྐྱུར་འཇོག་བྱེད་རྒྱུ་མེད། སྐད་ཡིག་སྦྱོང་མཁན་ཚོས་རང་ཉིད་ཀྱི་སྐད་ཡིག་གི་ཤེས་ཚད་ཡར་རྒྱས་འགྲོ་བ་མི་ཚོར་ནའང་། སྐད་ཡིག་སྦྱོང་བ་དང་བེད་སྤྱོད་གཏོང་བ་རྒྱུད་རིམ་ཁྲོད་ཡར་རྒྱས་འགྲོ་ཡི་ཡོད། སྐད་ཡིག་སྦྱོང་བའི་རྒྱུད་རིམ་ནི་མུ་མཐུད་ནས་འབད་རྩོན་བྱེད་དགོས་པ་ཞིག་ལས་དུས་ཡུན་ངེས་ཅན་ཞིག་དང་། ཡང་ན་ལམ་སེང་སྐད་ཡིག་ཤེས་ཐབས་མེད་པ་དགེ་རྒན་དང་། ཕ་མ། སློབ་ཕྲུག་ཚང་མས་ཤེས་ཐུབ་པ་བྱེད་དགོས། ཡིན་ནའང་། སྦྱངས་ཟིན་པ་དང་ཤེས་ཟིན་པའི་སྐད་ཡིག་གང་འདྲ་ཞིག་ཡིན་ནའང་། བེད་སྤྱོད་མ་བཏང་པ་ཡིན་ན་བརྗེད་ངེས་ཀྱི་རྐུན་པོས་ལམ་སེང་འཁྱེར་འགྲོ་བ་དེ་ཡང་དྲན་དགོས་སྟབས། སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་སུ་འཇུག་དགོས་པ་སྐད་ཡིག་སྲུང་སྐྱོབ་ཀྱི་ཐབས་ལམ་ལེགས་ཤོས་ཆགས་ཡོད།

སྐད་ཡིག་བཤད་རྩལ་དང་ཉན་རྩལ་ཡར་རྒྱས་གཏོང་བའི་ཐབས་ལམ་ལེགས་ཤོས་ནི་མི་གཞན་དང་མཉམ་དུ་གླེང་མོལ་བྱེད་པ་དང་། གཞན་གྱི་གཏམ་བཤད་ལ་ཉན་པ་སོགས་ཡིན་པ་ལས། དེབ་ཀློག་ནས་བཤད་ཉན་ཡར་རྒྱས་གཏོང་ཐབས་བྱེད་པ་དེ་ནི་ཐབས་ལམ་བཟང་པོ་ཞིག་ཨེ་ཡིན་སྙམ། སྐད་ཡིག་གཉིས་པ་སྦྱོང་མཁན་མང་པོ་ཞིག་གིས་གཞན་དང་མཉམ་དུ་སྐད་ཆ་ཤོད་འདུན་ཡོད་ནའང་། བཤད་ཉན་གྱི་རྩལ་ཡག་པོ་མེད་དྲན་ནས་བྱེད་མི་ཕོད་པའམ། གཡོལ་ཐབས་བྱེད་བཞིན་པ་ནི་སྐད་ཡིག་ཡར་རྒྱས་འགྲོ་བའི་འགག་རྡོ་ཆེན་པོ་ཞིག་རེད། ད་དུང་། རང་ཉིད་ཀྱིས་བཤད་པའི་སྐད་ཆ་གཞན་ལ་གོ་བརྡ་མ་འཕྲོད་པའམ། གཞན་གྱི་གཏམ་བཤད་ལ་ཉན་ནས་ནང་དོན་མི་གོ་བའི་གནས་སྟངས་འཕྲད་སྐབས་ལམ་སེང་སེམས་ཤུགས་ཆགས་པའམ། མུ་མཐུད་སྐད་ཡིག་སྦྱོང་འདུན་བརླགས་མཁན་ཡོད་པ་ནི་ནོར་འཁྲུལ་རེད། གཞན་གྱི་གཏམ་བཤད་གྱི་ནང་དོན་མི་གོ་བ་ནི་བཤད་མཁན་གྱི་སྒྲ་གདངས་ལ་སྐྱོན་ཡོད་སྲིད་པ་ལས་མཐའ་གཅིག་ཏུ་རང་ཉིད་ཀྱི་ཉན་སྟངས་མི་ཤེས་པའི་སྐྱོན་དུ་གོ་ན་མི་འགྲིག་པ་དང་། ད་དུང་། གཏམ་བཤད་ཁ་ཤས་ཧ་ཅང་མགྱོགས་ཚད་ཀྱི་ཆ་ནས་མི་གོ་བ་ཡང་ཡོད། ཐབས་ལམ་ལེགས་ཤོས་ནི་ལམ་སེང་སེམས་ཤུགས་ཆགས་ནས་གཡོལ་ཐབས་བྱེད་རྒྱུ་མེད་པར་སྐད་ཡིག་ཟེར་བ་མུ་མཐུད་ནས་སྦྱོང་དགོས་པ་ནམ་ཡང་བརྗེད་མི་ཉན། སྐད་ཡིག་ཐོག་མར་སྦྱོང་སྐབས་སུ་ཚིག་སྒྲུབ་དང་ཚིག་འགྲོས་ཀློག་སྐབས་སྒྲ་གདངས་གསལ་པོ་འདོན་རྒྱུར་འབད་བརྩོན་བྱེད་དགོས། སྐད་ཡིག་ཤེས་ཚད་ཡག་པོ་ཡོད་མཁན་ཚོས་ཀྱང་ཡར་རྒྱས་གཏོང་དགོས་པ་ཡོད་ཀྱང་། ཁོ་ཚོར་ཡོད་པའི་སྐྱོན་ཆ་ཆེ་ཤོས་ནི་སློབ་དེབ་ཀློག་རྒྱུར་དགའ་མོས་མི་བྱེད་པ་དང་། སློབ་དེབ་ནང་གི་སློབ་ཚན་མང་ཆེ་བ་རྙིང་པ་དང་ཉོབ་སྣང་སྐྱེ་འོས་པར་ངོས་འཛིན་བྱེད་པ་དང་། སྐད་ཡིག་བེད་སྤྱོད་གཏོང་སྐབས་སྣང་མེད་ཐོག་ནས་ནོར་འཁྲུལ་མི་ཉུང་བ་ཞིག་བཟོ་ཡི་ཡོད། དེ་བས་དགེ་རྒན་དང་ཕ་མ་ཚོས་སློབ་ཕྲུག་གིས་སྐད་ཡིག་བེད་སྤྱོད་གཏོང་སྐབས་ནོར་འཁྲུལ་ག་རེ་བཟོ་ཡི་ཡོད་པ་དང་། ནོར་འཁྲུལ་གང་འདྲ་བྱས་ཏེ་བཟོ་ཡི་ཡོད་པ་རྣམས་ངོས་འཛིན་གྱིས་ནོར་བཅོས་བྱ་གལ་ཆེ། དེ་ཡང་ཐད་ཀར་ནོར་འཁྲུལ་ཡིན་པ་བརྗོད་ན་མི་འགྲིག་པར་ཕྲུ་གུ་དང་མཉམ་དུ་བསྡད་ནས་གྲོས་བསྡུར་དང་བསམ་ཚུལ་བརྗོད་པའམ་འདམ་ཀ་སྤྲད་ནས་ནོར་བཅོས་ཀྱིས་ཡར་རྒྱས་ཀྱི་ལམ་བུར་འཁྲིད་སྟོན་བྱེད་གལ།

སྐད་ཡིག་ཤེས་ཚད་ཡག་པོ་ཡོད་མཁན་རྣམས་ཀྱིས་སྐད་ཡིག་བེད་སྤྱོད་སྐབས་སུ་ནོར་འཁྲུལ་བཟོ་ཡི་ཡོད་ནའང་ཁོ་ཚོ་ལ་སློབ་ཁྲིད་བྱེད་རྒྱུར་ལས་སླ་པོ་མེད། རྒྱུ་མཚན་ནི་ཁོ་ཚོས་མང་པོ་ཤེས་ཡོད་བསམ་པ་དང་། སློབ་ཁྲིད་བྱེད་རྒྱུའི་སློབ་ཚན་རྣམས་བེད་སྤྱོད་མི་འདུག་བསམ་པའི་བསམ་ཚུལ་ཞིག་ཁོ་ཚོར་ཡོད། དེ་བས་དགེ་རྒན་དང་ཕ་མ་ཚོས་ཤེས་ཡོན་སེམས་ཁམས་རིག་པ་དང་། སློབ་ཁྲིད་ཐབས་ལམ་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་ཆགས་ཡོད། འོན་ཀྱང་། སློབ་ཁྲིད་ཐབས་ལམ་གསར་པ་འཚོལ་རྒྱུ་ནི་ལས་སླ་པོ་ཞིག་མིན་པ་དེ་ཡང་ཤེས་དགོས། སློབ་ཕྲུག་རྒན་པའམ། སྐད་ཡིག་ཤེས་ཚད་ཡག་པོ་ཡོད་མཁན་རྣམས་ལ་སློབ་ཁྲིད་སྐབས་སུ་བེད་སྤྱོད་ཡོད་པའི་སློབ་ཁྲིད་ཐབས་ལམ་རེ་ཟུང་དཔེ་མཚོན་ལ་འབྲི་འདུན་བྱུང་། སློབ་ཕྲུག་མང་པོས་དགའ་མོས་བྱེད་པའི་ཀློག་དེབ་བམ། རྩོམ་ཡིག་ཅིག་མང་མོས་ཀྱིས་གདམ་དུ་འཇུག་པ་དང་། གདམས་ཟིན་པའི་ཀློག་དེབ་བཀླགས་རྗེས་སློབ་ཕྲུག་ཚང་མ་སྒོར་སྒོར་བྱས་ཏེ་སྡོད་དུ་འཇུག་ནས་བསམ་ཚུལ་བརྗེ་ལེན་བྱེད་དུ་འཇུག་དགོས། ཀློག་རྒྱུའི་རྒྱུ་ཆ་ནི་ཁྲིད་གཞིའི་སྐད་ཡིག་གཉིས་པ་དེའི་ཐོག་ལ་ཡོད་པའི་སྒྲུང་དེབ་དང་། ཉིན་དེབ་ལྟ་བུ་འདེམས་ན་ལེགས། སློབ་ཁྲིད་ཐབས་ལམ་འདི་བེད་སྤྱད་ན་སློབ་ཁྲིད་ཀྱི་ནུས་པ་ཆེ་བ་དང་། སློབ་ཕྲུག་གིས་གང་མི་ཤེས་པ་དང་། གང་ཤེས་དགོས་པ་དགེ་རྒན་གྱིས་ལས་སླ་པོས་ཤེས་ཐུབ། ད་དུང་རྩོམ་ཡིག་སློབ་ཁྲིད་སྐབས་སུ་བསམ་རྒྱ་རྒོད་པོ་ཆགས་དགོས་སྟབས་ཀློག་དེབ་དང་རྩོམ་ཡིག་མང་པོ་ཀློག་འཇུག་ན་ཕན་རླབས་ཆེན་པོ་ཡོད། དམིགས་བསལ་ཀློག་པ་པོ་ཡག་པོ་ཞིག་ཆགས་པ་ཡིན་ན་སྐད་ཡིག་ཡར་རྒྱས་འགྲོ་བའི་མགྱོགས་ལམ་ལ་ཞུགས་ཟིན་པ་དང་། འབྲི་པ་པོ་ཡག་པོ་ཞིག་ཆགས་པར་ཀློག་པ་པོ་ཡག་པོ་ཆགས་རྒྱུ་སྔོན་འགྲོ་ཡིན་པ་བརྗོད་མཁན་ཡོད། ད་དུང་རྩོམ་ཡིག་འབྲི་སྟངས་སློབ་སྐབས་སློབ་ཕྲུག་རང་ཉིད་ཀྱི་བསམ་ཚུལ་དང་ཚོར་སྣང་། ལྟ་ཚུལ་མཚོན་པའི་རྩོམ་ཡིག་འབྲི་རུ་འཇུག་དགོས་པ་དང་། དགེ་རྒན་གྱིས་སློབ་ཕྲུག་གི་རྩོམ་ཡིག་ལ་ཞུ་དག་གཏོང་སྐབས་བསམ་ཚུལ་དང་ནང་དོན་ལ་བསྒྱུར་བཅོས་མི་བཏང་པར་འབྲི་སྟངས་ལ་ལམ་སྟོན་བྱེད་དགོས། བསམ་ཚུལ་དང་ལྟ་ཚུལ་ལ་ནོར་བཅོས་བྱས་ཚེ་བསམ་རྒྱ་རྒོད་པོ་ཆགས་རྒྱུར་བཀག་རྡོར་མི་འགྱུར་བའི་ངེས་པ་མེད། དེ་བས་སློབ་ཕྲུག་ཚོར་སྤྱི་ཚོགས་ནང་བྱུང་བཞིན་པའི་ཁོར་ཡུག་གི་དཀའ་ངལ་དང་། ཡང་ན་དགེ་རྒན་དང་སློབ་ཕྲུག་དབར་ལ་ཡིག་འབྲེལ་སོགས་འཚོ་བ་དངོས་ཀྱི་བརྗོད་གཞིའི་ཐོག་རྩོམ་ཡིག་འབྲི་རུ་འཇུག་དགོས།

སྐད་ཡིག་གི་ཤེས་ཚད་གང་ལེགས་ཡོད་པའི་སློབ་ཕྲུག་ཚོར་སློབ་ཁྲིད་ཐབས་ལམ་གཞན་ཞིག་དཔེ་མཚོན་ཆེད་དུ་བརྗོད་ན། འཁྲིད་གཞིའི་སྐད་ཡིག་ཐོག་ལ་ཡོད་པའི་གསར་འགྱུར་ཐུང་གྲས་ཉན་དུ་འཇུག་པ་དང་། ཡིག་ཐོག་ལ་ཕབ་ཏུ་འཇུག་དགོས། སློབ་ཕྲུག་གིས་ཡིག་ཐོག་ལ་ཕབ་པའི་གསར་འགྱུར་དེ་སློབ་ཕྲུག་གཞན་དང་། ཕ་མར་ཤོད་དུ་འཇུག་དགོས། དེ་ནས་རིམ་པས་གློག་བརྙན་དང་། གཞས་སོགས་ཡིག་ཐོག་ལ་ཕབ་པ་དང་ནང་དོན་གཞན་ལ་འགྲེལ་བརྗོད་བྱེད་དུ་འཇུག་དགོས། ཐབས་ལམ་དེ་རིགས་ཐོག་མར་དཀའ་ངལ་ཚོར་ནའང་སྦྱོང་བརྡར་རིམ་པར་བྱས་པ་བརྒྱུད་ལས་སླ་པོ་དང་སྐད་ཡིག་ཡར་རྒྱས་འགྲོ་བར་ཕན་ཐོགས་ངེས་ཅན་ཡིན་པ་ར་འཕྲོད་བྱུང་ཡོད། དེ་ཡང་སློབ་ཕྲུག་གིས་ཐོག་མར་གསར་འགྱུར་ཡག་པོ་ཉན་ནས་ནང་དོན་རྟོགས་དགོས་པ་དང་། གང་ཉན་ནས་ཐོས་པ་རྣམས་ཡིག་ཐོག་ལ་འབྲི་དགོས་པ། གང་བྲིས་པ་རྣམས་ཀློག་པ་དང་། དེ་ལ་གཞི་བཅོལ་ནས་གཞན་ལ་ཤོད་དགོས་པས་སྐད་ཡིག་གི་ཉན་རྩལ་དང་། འབྲི་རྩལ། ཀློག་རྩལ། བཤད་རྩལ་ཚང་མ་ཡར་རྒྱས་ཡོང་ཐུབ། ཐོག་མར་སློབ་ཕྲུག་ཚོའི་ཕ་སྐད་དམ། སྐད་ཡིག་དང་པོའི་ཐོག་ལ་ཡོད་པའི་གློག་བརྙན་ཡིན་པ་དང་། ཞབས་མཆན་ནམ་ཨིན་སྐད་དུ་ Subtitle ཞེས་འབོད་པའི་ཐོག་ལ་འཁྲིད་གཞིའི་སྐད་ཡིག་ཐོག་ལ་ཡོད་པ་བསྟན་ན་གོམས་འདྲིས་ཡོང་རྒྱུར་ཕན་ཐོགས་ཡོད།

ད་དུང་སློབ་ཁྲིད་ཐབས་ལམ་གཞན་གཅིག་བརྗོད་ན་དེ་ལྟར། སློབ་ཕྲུག་ཚོར་གློག་བརྙན་ནམ། གཏམ་བརྗོད་འཁྲབ་སྟོན་བལྟ་རུ་འཇུག་དགོས་པ་དང་། དེ་རྗེས་སློབ་ཕྲུག་ཚོས་བལྟས་ཟིན་པའི་བརྙན་ཐུང་ངམ་གློག་བརྙན་དེ་སློབ་ཕྲུག་ཚོར་འཁྲབ་དུ་འཇུག་པའམ། གཞན་ལ་ཤོད་དུ་འཇུག་དགོས། ད་དུང་བལྟས་ཟིན་པའི་བརྙན་ཐུང་གི་ནང་དོན་སྙིང་བསྡུས་སློབ་ཕྲུག་སོ་སོའི་རང་ཚིག་གི་ཐོག་ནས་འབྲི་རུ་འཇུག་དགོས། སློབ་ཁྲིད་ཐབས་ལམ་འདི་ལ་སློབ་ཕྲུག་རྒན་པ་ཚོས་དགའ་མོས་བྱེད་ཀྱི་རེད་ལ། སློབ་ཕྲུག་ཚོས་གློག་བརྙན་བལྟས་མ་ཐག་ཡིན་སྟབས་རང་ཚིག་ཐོག་ནས་ནང་དོན་འབྲི་རྒྱུར་དཀའ་ངལ་མེད་པ་ལྟ་བུར་ཚོར་ངེས། ཡིན་ནའང་། དངོས་སུ་སོ་སོའི་ཚིག་ཐོག་ནས་འབྲི་རྒྱུར་དཀའ་ངལ་ཡོད་པ་ཚོར་སྐབས་ཡི་གེ་འབྲི་རྩལ་ལ་ཤུགས་སྣོན་རྒྱག་དགོས་པ་དྲན་ཐུབ། བརྒྱུད་རིམ་དེ་དག་ལས་སློབ་ཕྲུག་ཚོས་སྐད་ཡིག་ཡག་པོ་ཤེས་རྒྱུར་ཕན་རླབས་ཆེན་པོ་ཡོད།

སློབ་ཁྲིད་ཐབས་ལམ་གཞན་གཅིག་ཡོད་པ་དེ་ནི་ཕྲན་གྱིས་སློབ་ཁྲིད་སྐབས་སུ་བེད་སྤྱོད་གཏོང་མྱོང་མེད། ཡིན་ནའང་། ཉམས་མྱོང་ལྡན་པའི་དགེ་རྒན་ཞིག་གིས་སློབ་ཁྲིད་ཐབས་ལམ་དེ་ཨིན་ཡིག་སྐད་ཡིག་གཉིས་པའི་ཐོག་ནས་སློབ་ཁྲིད་གནང་སྐབས་བེད་སྤྱོད་གནང་བ་མཐོང་། རྒན་ལགས་ཁོང་གིས་ཚིག་གསར་སློབ་ཁྲིད་སྐབས་སུ། ཚིག་གསར་ཁ་ཤས་གནང་བ་དང་། ཚིག་དེ་དག་གི་འབྱུང་ཁུངས་གང་ཡིན་པ་དང་། ཚིག་གི་གོ་དོན་གང་ཡིན་པ། ཚིག་དེ་ལ་འབྲི་སྟངས་མི་འདྲ་བ་ཡོད་མེད། ཚིག་ལ་སྒྲ་མདངས་འདོན་སྟངས་མི་འདྲ་བ་ཡོད་མེད་སོགས་འཚོལ་ཞིབ་བྱ་རྒྱུའི་ལས་འགན་སྤྲད་པ་མཐོང་། སྦྱོང་ཚན་ལེགས་སྒྲུབ་ཡོང་བར་ཚིག་མཛོད་དང་། དྲ་རྒྱ། སྐད་བརྡ་རིག་པའི་དེབ་བེད་སྤྱོད་ཆོག་གི་འདུག སློབ་ཁྲིད་ཐབས་ལམ་དེ་བེད་སྤྱོད་བྱས་པ་བརྒྱུད་སློབ་ཕྲུག་ཚོར་ཚིག་གསར་སྦྱོང་རྒྱུར་དོ་སྣང་བསྐྲུན་གྱི་འདུག སློབ་ཁྲིད་ཐབས་ལམ་དེ་ལ་ངོས་རང་དགའ་མོས་བྱུང་དོན་ནི། དེ་སྔ་ཕྲན་གྱིས་བོད་ཀྱི་སྐད་ཡིག་དགེ་རྒན་ཉམས་མྱོང་ཅན་ཞིག་གི་དྲུང་ནས་དག་ཡིག་ངག་སྒྲོན་ཆ་ཚང་སྦྱངས་པ་ཡིན། དུས་ཡུན་རིང་པོ་འགོར་སོང་ལ། དུས་ཚོད་མང་པོ་བཏང་པ་རེད། འཛིན་གྲྭ་ཚོགས་ཐེངས་མང་པོ་ཚོགས་པ་རེད། ཡིན་ནའང་། རྒན་ལགས་ཀྱིས་སློབ་ཁྲིད་ཐབས་ལམ་ནི་སྲོལ་རྒྱུན་གྱི་ཆོས་བཤད་གནང་སྟངས་རང་བེད་སྤྱོད་གནང་བ་ཡིན་སྟབས་ད་ལྟ་ཕྲན་ལ་དག་ཡིག་ངག་སྒྲོན་གྱི་བཤད་ལུང་ཐོབ་པ་ཙམ་ཆགས་འདུག རྒན་ལགས་ཁོང་ཕྲན་ལ་བཀའ་དྲིན་ཆེན་པོ་དང་། ཁོང་བོད་ཀྱི་སྐད་ཡིག་ཐོག་ལ་མཁས་པ་ཆེན་པོ་ཡིན་པ་དང་གུས་བརྩི་ཆེན་པོ་ཡོད། ཡིན་ནའང་། རྒན་ལགས་ཀྱི་སློབ་ཁྲིད་གནང་བ་བརྒྱུད་ཕྲན་གྱིས་ངག་སྒྲོན་གྱི་ཚིག་འགྲེལ་མི་ཉུང་བ་ཤེས་པ་ལས་མུ་མཐུད་ནས་བོད་ཀྱི་བརྡ་རྙིང་དང་ཚིག་གསར་སྦྱོང་རྒྱུའི་འདུན་པ་བསྐྲུན་མ་སོང་། དེ་བས་ངས་བརྗོད་འདོད་པ་ནི་དགེ་རྒན་གྱིས་འཁྲིད་གཞིའི་སྐད་ཡིག་སློབ་ཚན་ཁྲིད་པ་མ་ཟད། སློབ་ཕྲུག་གིས་མུ་མཐུད་ནས་སློབ་སྦྱོང་བྱེད་རྒྱུའི་དོ་དབྱིངས་བསྐྲུན་ཐུབ་པ་བྱེད་དགོས་པ་དང་། དེ་ལྟར་ཡོང་བར་སློབ་ཁྲིད་ཐབས་ལམ་དང་། ཤེས་ཡོན་སེམས་ཁམས་རིག་པར་སློབ་སྦྱོང་དགོས།

གལ་སྲིད་ཁྱེད་རང་སྐད་ཡིག་གཉིས་པ་སློབ་ཁྲིད་གནང་མཁན་དགེ་རྒན་ཡིན་ན། སྐབས་རེ་ཁྱེད་རང་གི་སློབ་ཕྲུག་ཚོ་དང་། འཁྲིད་གཞིའི་སྐད་ཡིག་ཕ་སྐད་ཐོག་ནས་སྐད་ཆ་ཤོད་མཁན་མི་དང་མཉམ་དུ་དགའ་མོས་ཡོད་པ་དང་། ཕོགས་ཐུག་མེད་པའི་བརྗོད་གཞིའི་ཐོག་ལ་སྐད་ཆ་ཤོད་རྒྱུ་དང་དྲི་བ་དྲི་ལན་བྱེད་རྒྱུའི་གོ་སྐབས་བསྐྲུན་དགོས། དཔེར་ན། ཕྱི་རྒྱལ་ཡུལ་ཁག་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་རྒན་ཚོས་སྐབས་རེ་ས་གནས་སུ་བཞུགས་མཁན་བོད་མི་ཉམས་མྱོང་ཅན་མི་སྣ་རྒན་པ་རྣམས་བོད་ཡིག་སློབ་གྲྭར་གདན་འདྲེན་ཞུས་ནས་སློབ་ཕྲུག་ཚོ་དང་མཉམ་དུ་སྐད་ཆ་ཤོད་དུ་འཇུག་དགོས། བོད་མི་རྒན་པ་ཚོས་བཀའ་མོལ་གནང་སྐབས་གཏམ་དཔེ་དང་། བཤད་སྲོལ་མང་པོ་ཞིག་བེད་སྤྱོད་གནང་གི་ཡོད་པ་མ་ཟད། བོད་སྐད་གསུང་སྐབས་སྐད་ཡིག་གཞན་བསྲེས་ལྷད་མེད་པར་གསུང་གི་ཡོད་པ་སློབ་ཕྲུག་ཚོས་ཐོས་ན་བག་ཆགས་བཟང་པོ་འཇོག་ཐུབ་ངེས་རེད།

ཕྱི་རྒྱལ་ཡུལ་ཁག་ལ་སྐྱེས་འཚར་བྱུང་བའི་བོད་ཕྲུག་ཚོར་ལོ་གཅིག་གི་ནང་ལ་བོད་ཀྱི་དུས་ཆེན་ཡོངས་གྲགས་ཆེ་བ་ཇི་ཡོད་ཀྱི་མིང་དང་། འགྲེལ་བཤད་འཚོལ་རྒྱུའམ། འདྲི་རྒྱུའི་སྦྱོང་གཞི་སྤྲད་པ་ཡིན་ན། བོད་ཕྲུག་ཚོས་དྲ་རྒྱ་དང་། ཚིག་མཛོད། བོད་ཀྱི་དུས་ཆེན་ཁག་གི་ངོ་སྤྲོད་དེབ་རིགས་སོགས་ནས་ཐབས་འཚོལ་བྱེད་པ་དང་། བོད་པ་རྒན་གྲས་ལ་བཀའ་འདྲི་ཞུ་བ་སོགས་བྱེད་རྒྱུའི་གོ་སྐབས་ཐོབ་པ་མ་ཟད། ཁོ་ཚོས་ཤེས་པ་ནི་དགེ་རྒན་དང་ཕ་མས་བོད་ཀྱི་དུས་ཆེན་ཁག་ངོ་སྤྲོད་གནང་བ་ལས་བློ་ལ་ངེས་པ་དང་མི་ཚེའི་ནང་ཕན་ཐོགས་ཆེ་བ་ཡོང་ངེས་སྙམ། བྱེད་སྒོ་དེ་རིགས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགུན་ཁ་དང་དབྱར་ཁའི་གུང་སེང་གི་སྦྱོང་ཚན་ནམ་ནང་སྦྱོང་ལ་བསྐུར་པ་ཡིན་ན་ཕན་ཐོགས་ཆེ་བ་ཡོད། ལོ་གཅིག་ལ་བོད་ཀྱི་དུས་ཆེན་ཁག་གི་སྦྱོང་ཚན་ལམ་ནས་ངོ་སྤྲོད་བྱས་པ་ཡིན་ན། ལོ་རྗེས་མ་དེར་བོད་ཀྱི་རྩེད་རིགས་གྲགས་ཆེ་བ་བཅུ་དང་། དེ་རྗེས་བོད་ཀྱི་ཆས་གོས་དང་། ལུགས་སྲོལ་གོམས་གཤིས་སོགས་བསྐུར་པ་ཡིན་ན། དོན་དམ་པ་དང་མིང་དོན་མཚུངས་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཆགས་ཐུབ་སྙམ། ད་ལྟ་ཕན་ཕྲན་གྱིས་བལྟས་པ་ཡིན་ན་རིག་གཞུང་ཟེར་པ་ཟློས་གར་དང་རིག་གཞུང་གཞས་སྣ་འཁྲབ་སྟོན་ཙམ་ལ་གོ་བ་བླངས་ནས་བསྡད་འདུག་དྲན།

ད་དུང་ཕྱི་རྒྱལ་ཡུལ་ཁག་ལ་བོད་ཀྱི་སྐད་ཡིག་སྦྱོང་མཁན་ཚོས་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཐབས་སུ་ཐབས་ལམ་གཅིག་ཕྲན་གྱི་སེམས་ནང་དྲན་པ་ནི་བོད་དང་རྒྱ་གར་ནང་ལ་ཡོད་པའི་བོད་ཕྲུག་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཤེས་ཚད་ལྡན་པ་ཁག་དང་སྨྱུག་གྲོགས་བཟོས་ནས་ཕན་ཚུན་བོད་ཀྱི་སྐད་ཡིག་ཐོག་ནས་གློག་འཕྲིན་བསྐུར་རེས་བྱེད་དུ་འཇུག་པ་དང་། ངོ་དེབ་ཐོག་ནས་སྐད་ཆ་ཤོད་རྒྱུའི་ལས་རིམ་ཞིག་བཟོ་ཐུབ་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་ངེས་རེད་སྙམ། ཕྲན་ཆུང་དུས་གློག་འཕྲིན་གཏོང་རྒྱུའི་མཐུན་རྐྱེན་ད་ལྟ་ནང་བཞིན་མེད་ནའང་། སློབ་གྲྭ་གཞན་གྱི་ནང་ལ་སྨྱུག་གྲོགས་ཤིག་ཡོད་པ་དེ་དག་མཉམ་དུ་སྦྲགས་འཕྲིན་བསྐུར་རེས་བྱས་མྱོང་། སྐབས་དེ་དུས་སྨྱུག་གྲོགས་ཕན་ཚུན་གྱི་བསམ་ཚུལ་བརྗེ་ལེན་དང་། ས་གནས་ཀྱི་གནས་ཚུལ་རྒྱུས་ལོན། ད་དུང་སྐད་ཡིག་ཡར་རྒྱས་སོགས་ལ་ཕན་ཐོགས་ཆེན་པོ་བྱུང་། སྐབས་དེ་དུས་སྨྱུག་གྲོགས་ཡོད་མཁན་ནི་ཕྲན་གཅིག་པུ་མིན་པར། ཕྲན་གྱི་འཛིན་གྲོགས་དང་སློབ་གྲོགས་མང་པོར་སྨྱུག་གྲོགས་ཡོད་པ་མང་པོ་ཡོད།

ད་དུང་ནུབ་ཕྱོགས་ཡུལ་ཁག་ལ་ཡོད་པའི་བོད་ཕྲུག་ཚོའི་ལག་ཐོག་ཁ་པར་དང་། གློག་ཀླད་ནང་ལ་བོད་ཡིག་འཇུག་པ་དང་། བོད་ཡིག་འབྲི་སྟངས་སློབ་པ། ཚིག་མཛོད་བླུགས་ནས་ཚིག་དོན་འཚོལ་སྟངས་སློབ་པ་ཡིན་ན་ཕན་ཐོགས་མི་དམན་པ་ཡོང་ངེས་པ་དང་དུས་རབས་དང་མཐུན་པ། མི་ཚེའི་ནང་ལ་དངོས་སུ་ཕན་ཐོགས་པ་ཞིག་ཡོང་རེ་ཆེ། ད་དུང་དེང་སྐབས་དྲ་རྒྱའི་མཐུན་རྐྱེན་བཟང་པོ་ཡོད་པ་རྣམས་བེད་སྤྱོད་ཀྱིས་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཐབས་སུ་འབད་དགོས་པར་མཐོང་། དཔེར་ན། དགེ་རྒན་དང་སློབ་ཕྲུག་དབར་ལ་སྐད་འཕྲིན་ནང་བོད་སྐད་དང་བོད་ཡིག་བེད་སྤྱོད་ཀྱིས་ཁ་བརྡ་དང་དྲི་བ་དྲི་ལན་བྱེད་པ་ཡིན་ན་རེས་གཟའ་ཉི་མའི་འཛིན་གྲྭ་གཅིག་པུ་མིན་པར་བོད་ཕྲུག་རྣམས་ལ་དུས་རྒྱུན་དུ་བོད་ཀྱི་སྐད་ཡིག་དང་འབྲེལ་བ་བཟོ་ཐབས་ལ་ཕན་ཐོགས་ཆེན་པོ་མི་ཡོང་ངམ།

དགེ་རྒན་ཞིག་གིས་སློབ་ཁྲིད་བྱེད་པ་ཡིན་ན་ཕན་ཐོགས་ཡུལ་སློབ་ཕྲུག་གཅིག་པུ་མིན་པར་། དགེ་རྒན་རང་ཉིད་ལ་ཡང་བློ་བསྐྱེད་གསར་པ་དང་། བསམ་གཞིགས་བྱེད་དགོས་པའི་གནད་དོན་གསར་པ་རྙེད་པར་ཕན་ཐོགས་ཆེན་པོ་ཡོད། དེ་བས་སློབ་ཁྲིད་བྱེད་པ་ནི་སློབ་སྦྱོང་བྱེད་པའི་ཐབས་ལམ་ལེགས་ཤོས་ཤིག་རེད་ཅེས་བརྗོད་མཁན་ཡོད་པ་བདེན་པ་ཅི་ལ་མིན། འདས་པའི་ལོ་ཤས་གོང་ཉམས་ཞིབ་བྱེད་སྟངས་སྐོར་ལ་སློབ་སྦྱོང་བྱེད་སྐབས། ཝཎ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་ཕེབས་པའི་ཉམས་ཞིབ་པ་བགྲེས་པ་རྒྱ་གར་སློབ་དཔོན་ཞིག་གིས། ཉམས་ཞིབ་པ་ཡག་པོ་ཞིག་བྱེད་འདོད་ན། ཁྱེད་རང་གི་ཉམས་ཞིབ་བརྗོད་གཞི་གང་ཡིན་པ་དེ་གཞན་ལ་སློབ་ཁྲིད་ཡག་པོ་བྱེད་མཁན་དགེ་རྒན་ཞིག་ཆགས་པ་བྱེད་དགོས། སློབ་ཁྲིད་ཟེར་པ་ནི་དེབ་ཀློག་པ་ཙམ་མིན་པར་། སྐབས་རེར་རང་ཉིད་ཀྱིས་ཤེས་ཀྱི་ཡོད་བསམ་པའི་གནས་ཚུལ་མང་པོ་ཞིག་སློབ་ཁྲིད་བྱེད་སྐབས་གོ་བ་གཞན་པ་ཡོད་པ་ཚོར་ངེས། ཅེས་གསུངས་པ་དེས་ཕྲན་ལ་ཕན་ཐོགས་ཆེན་པོ་བྱུང་། མི་རིགས་རྒྱ་གར་བ་ཡིན་པའི་སློབ་དཔོན་ཁོང་སྐུ་གཟུགས་ཆུང་ཆུང་དང་། ཞི་འདུལ་བག་ཡོད་ཅན་ཞིག་ཡོད་པ་ད་ལྟ་ཡང་གསལ་པོ་དྲན་གྱི་འདུག བོད་པའི་བཤད་སྲོལ་ལ་ཡོད་པའི་ཡོན་ཏན་བུམ་ནང་གི་མར་མེ་བཞིན་སྦས་མཁན་ཅི་ལ་མིན་སྙམ་པ་བྱུང་། རྩོམ་ཡིག་འདི་བརྒྱུད་སློབ་དཔོན་ཁོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ལས་དོན་བསྒྲུབ་སྐབས་ཚགས་ཚུད་ཡོང་ཐབས་སུ་ཨིན་སྐད་དུ་ SWOT analysis (Strengths, Weaknesses, Opportunities, Threats.)ཞེས་པ་བེད་སྤྱོད་གཏོང་སྲོལ་ཡོད་ལ། ཕན་ཐོགས་ཡང་ཆེན་པོ་ཡོད། སྐད་ཡིག་ཤེས་ཚད་ལེགས་གྲས་ཀྱི་སློབ་ཕྲུག་ཚོར་སྐད་ཡིག་ཐོག་ལ་ཐབས་ལམ་དེ་བེད་སྤྱོད་ཀྱིས་རང་ཉིད་ཀྱི་སྐད་ཡིག་ལ་བསྐྱར་ཞིབ་བྱེད་དུ་འཇུག་དགོས། བསྐྱར་ཞིབ་བྱེད་སྐབས་ཚོགས་ཆུང་ཆ་བགོས་ཀྱིས་གོ་བསྡུར་བྱེད་དུ་འཇུག་ན་ཕན་རླབས་ཧ་ཅང་ཆེན་པོ་ཡོང་ཐུབ། དེ་ཡང་སློབ་ཕྲུག་ཚོས་སྐད་ཡིག་གི་རྩལ་བཞི་ལས་གང་གི་ཕྱོགས་ལ་ཡར་རྒྱས་གཏོང་དགོས་པ་སོགས་ཡར་རྒྱས་ཀྱི་ལམ་བུར་མདུན་བསྐྱོད་བྱེད་པར་ཕན་ཐོགས་ཆེན་པོ་ཡོད། གོང་གསལ་སློབ་ཁྲིད་ཐབས་ལམ་འདྲ་མིན་དེ་དག་ལས་ཀློག་མཁན་རྣམ་པ་དང་། དམིགས་བསལ་དགེ་རྒན་དང་ཕ་མ་ཚོས་ཁྱེད་རང་གི་སློབ་ཕྲུག་གམ། ཕྲུ་གུའི་ཆེད་དུ་ཐབས་ལམ་ལེགས་ཤོས་ག་རེ་གཟིགས་སོང་ངམ། མདོར་ན། ང་ཚོས་སྐབས་རེ་ཕྲུ་གུར་འཁྲིད་གཞིའི་སྐད་ཡིག་ཐོག་ནས་གནས་ཚུལ་གསར་པ་ག་རེ་ངེས་པར་དུ་ངེས་དགོས་པ་དང་། ཕྲུ་གུ་ཚོས་ག་རེ་སྦྱོང་འདོད་ཡོད་པ་ཤེས་དགོས། དེ་ལྟར་ཤེས་ན་སློབ་ཕྲུག་ལ་ག་རེ་སློབ་ཁྲིད་བྱེད་དགོས་པ་དང་། ཐབས་ལམ་གང་འཚོལ་དགོས་པ་སོགས་སློབ་ཚན་འཆར་གཞི་བཟོ་རྒྱུར་ཕན་ཐོགས་ཆེ་བ་ལས་དེ་མིན་མུན་ནག་མདའ་འཕེན་ལྟ་བུ་མི་ཆགས་པའི་ངེས་པ་མེད།

གོང་དུ་ཕྲན་གྱིས་སྐད་ཡིག་སྦྱོང་མཁན་གྱི་ཤེས་ཚད་དབྱེ་སྟངས་དང་། སློབ་ཁྲིད་དང་སློབ་སྦྱོང་བྱེད་སྟངས་སྐོར་ལ་མི་ཉུང་བ་བྲིས་པ་རྣམས་ཀློག་མཁན་རྣམས་ཀྱིས་གོ་བདེ་བ་ཡོང་རྒྱུར་ཕྱོགས་བསྡོམས་ཕྲན་བུ་བྱེད་འདུན་བྱུང་། བརྗོད་གཞི་དེ་རྒྱ་ཆེན་པོ་དང་། རྙོག་ཟིང་ཆེན་པོ་རེད། སྐད་ཡིག་གི་ཤེས་ཚད་དབྱེ་སྐབས་གཙོ་བོ་སྦྱོང་མཁན་གྱི་སྐད་ཡིག་སྦྱོང་ཐབས་དང་། ནུས་རྩལ་ལ་བལྟ་དགོས་ལ། ཕྱོགས་གཞན་ནས་སྐད་ཡིག་ག་རེ་སྦྱོང་གི་ཡོད་ནའང་སྐད་ཡིག་དེའི་སྒྲོམ་གཞི་དང་། སྐད་ཡིག་དེ་སྦྱོང་བར་གདོང་ལེན་དང་དགོས་མཁོ་ག་རེ་ཡོད་མེད་ལ་ངེས་པར་དུ་དོ་སྣང་བྱེད་དགོས། ཕྲན་གྱིས་གོང་དུ་བྲིས་པའི་སྐད་ཡིག་གི་ཤེས་ཚད་དབྱེ་བ་ཁག་གསུམ་ལ་ཕྱེ་བ་ལས། དང་པོ། སྐད་ཡིག་ཐོག་མར་སྦྱོང་མཁན་ནམ། ལས་དང་པོ་བ་ཚོས་བཤད་བྲིས་གང་བྱེད་ནའང་ཚིག་གྲུབ་ཆ་མི་ཚང་བ་དང་། ཚིག་བེད་སྤྱོད་གཏོང་སྟངས་ནོར་བ། བྱ་ཚིག་དང་མིང་ཚིག་གི་གོ་རིམ་འཁྲུག་པ་སོགས་ཡོང་གི་ཡོད། གཉིས་པ། སྐད་ཡིག་ཤེས་ཚད་འབྲིང་ཡིན་པ་ཚོས་སྐད་ཡིག་སྒྲོམ་གཞི་དང་འགྲོ་སྟངས་ཅུང་ཟད་ཤེས་པར་རང་སྦྱོང་ཐོག་ནས་སྐད་ཡིག་ཡར་རྒྱས་གཏོང་རྒྱུའི་ནུས་རྩལ་ལྡན་ཡོད། གསུམ་པ། སྐད་ཡིག་གི་ཤེས་ཚད་ལེགས་པོ་ཡོད་པ་རྣམས་ནི་གོང་གི་རིམ་པ་གཉིས་ལས་ལེགས་པ་ཡོད་སྟབས་སྐད་ཡིག་སྦྱོང་སྐབས་རྒྱུ་ཆ་ཚད་ལྡན་ལ་བལྟ་ཐུབ་པ་དང་། དོ་སྣང་དང་འབད་བརྩོན་ཤུགས་ཆེ་མི་དགོས་པར་སྐད་ཡིག་གི་ནང་དོན་གོ་བ་ལོན་ཐུབ་པ། ཁོ་ཚོས་ཚིག་གསར་མང་བ་ཤེས་པས་སྦྱོང་གཞིའི་སྐད་ཡིག་ཐོག་ལ་ཡོད་པའི་གློག་བརྙན་བལྟ་བ་དང་། གཞས་ཉན་རྒྱུའི་ནུས་རྩལ་ལྡན་ཡོད། གོང་གི་བརྗོད་དོན་དེ་དག་ནི་ནུས་རྩལ་དང་བཟང་ཕྱོགས་ཀྱི་རྣམ་པ་ཁག་རེད། འོ་ན། སྐད་ཡིག་ཤེས་ཚད་མི་འདྲ་བ་ཁག་གསུམ་གྱི་སློབ་ཕྲུག་ཚོས་སྐད་ཡིག་སྦྱོང་སྐབས་དཀའ་ངལ་ལ་གདོང་ལེན་བྱེད་དགོས་པ་ག་རེ་ཡོད་དམ། སྐད་ཡིག་ཐོག་མར་སྦྱོང་མཁན་ནམ། སྐད་ཡིག་སྦྱོང་མཁན་ལས་དང་པོ་བ་ཞིག་ལ་མཚོན་ན་གདོང་ལེན་བྱེད་དགོས་པ་མང་པོ་ཡོད། ཐོག་མར་རང་ཉིད་ཀྱིས་སྐད་ཡིག་སྦྱོང་སྟངས་ཡག་པོ་ཤེས་པ་བྱེད་དགོས་ལ། སྐད་ཡིག་སྦྱོང་བའི་ཐབས་ལམ་དང་ཐབས་བྱུས་འདྲ་མིན་ཡོད་པ་ལས་ག་རེ་བེད་སྤྱོད་བྱས་ན་རང་ཉིད་ལ་འཚམས་པ་དང་ཤེས་སླ་བ་ཡོད་མེད་ཚོད་ཞིབ་བྱེད་དགོས། རང་ཉིད་ཀྱི་བློ་དང་འཚམས་པའི་སྦྱོང་སྟངས་གང་ཡིན་ངོས་འཛིན་ཐུབ་འཚམས་ཐབས་ལམ་ཁག་བེད་སྤྱོད་གཏོང་དགོས། ད་དུང་སྐད་ཡིག་ཐོག་མར་སྦྱོང་སྐབས་གོ་དོན་མི་ཤེས་པའི་ཚིག་གསར་མང་པོ་མཐོང་ནའང། ཚིག་གསར་ཚང་མའི་གོ་དོན་ཚིག་མཛོད་ནང་འཚོལ་གཤེར་བྱེད་མི་དགོས་པར་ཚིག་སྒྲུབ་ཀྱི་འགོ་སྔའི་ཚིག་སྦྱོར་ལས་ཚོད་དཔག་བྱེད་རྒྱུའི་ཐབས་ལམ་ཡོད་པ་ཡང་དྲན་དགོས། དེ་ནས་གཉིས་པ་སྐད་ཡིག་ཤེས་ཚད་འབྲིང་ཙམ་ཡོད་མཁན་ཚོས་གདོང་ལེན་བྱེད་དགོས་པ་མི་ཉུང་བ་ཡོད། སྐད་ཡིག་ཤེས་ཚད་འབྲིང་ཙམ་ཡོད་མཁན་ཚོས་སྐད་ཡིག་སྦྱོང་སྟངས་ཤེས་པ་དང་། ཤེས་ཚད་འབྲིང་ཙམ་ཡོད་ནའང་། དཀའ་ངལ་ཆེ་ཤོས་ནི་རང་ཉིད་ཀྱི་སྐད་ཡིག་ཤེས་ཚད་ཡར་རྒྱས་འགྲོ་གི་ཡོད་མེད་མངོན་གསལ་དེ་ཙམ་མེད་པ་དང་། སྐད་ཡིག་གི་ཤེས་ཚད་ཆ་སྙོམས་མེད་པར། ཁ་ཤས་བཤད་རྩལ་ཡག་པོ་ཡོད་ནའང་། ཉན་རྩལ་དེ་ཙམ་ཡག་པོ་མེད་པ། ཁ་ཤས་འབྲི་རྩལ་ཡག་པོ་ཡོད་ནའང་། བཤད་རྩལ་ཞན་པ་སོགས་ཡོད་པས་ཆ་སྙོམས་ཡོང་ཐབས་བྱ་དགོས། ཡང་སྐབས་རེ་སྐད་ཡིག་སྦྱོང་སའི་ཁོར་ཡུག་ལ་བརྟེན་ནས་སྐད་ཡིག་ཡར་རྒྱས་དེ་ཙམ་ཡོང་མི་ཐུབ་པ་དེ་འདྲ་ཡོད། དཔེར་ན། རྒྱ་གར་ནང་བོད་སློབ་ཁག་ལ་སློབ་ཚན་མང་ཆེ་བ་ཨིན་ཡིག་ཐོག་ནས་སློབ་ཁྲིད་བྱེད་ཀྱི་ཡོད་སྟབས་འཛིན་གྲྭ་བཅུ་གཉིས་ཐོན་མཁན་སློབ་ཕྲུག་ཚོ་མཐོ་སློབ་ལ་སླེབས་སྐབས་ཨིན་ཡིག་འབྲི་རྒྱུར་དཀའ་ངལ་མེད་ནའང་། ཨིན་ཡིག་བཤད་རྩལ་རྗེས་ལུས་ཀྱི་རྣམ་པ་མངོན་གྱི་ཡོད། དེའི་རྒྱུ་མཚན་ནི་བོད་པའི་སློབ་གྲྭ་ཁག་གི་ནང་ལ་ཨིན་ཡིག་འབྲི་བ་དང་ཀློག་རྒྱུའི་གོ་སྐབས་ཡོད་པ་བཞིན་བཤད་སའི་ཁོར་ཡུག་ཡག་པོ་མེད་པར་བརྟེན་ནས་བྱུང་བ་གསལ་པོ་རེད། གསུམ་པ་སྐད་ཡིག་ཤེས་ཚད་ལེགས་པོ་ཡོད་མཁན་ཚོར་རིམ་པ་གོང་མ་གཉིས་ལས་དཀའ་ངལ་ཉུང་བ་ཡོད་ནའང་། དཀའ་ངལ་མེད་པ་མ་རེད། ཁོ་ཚོས་སྐད་ཡིག་བེད་སྤྱོད་གཏོང་སྐབས་སྐབས་མང་པོར་ཚིག་མི་ལྡང་བའི་ཚོར་སྣང་བྱུང་བ་དང་། མུ་མཐུད་སློབ་སྦྱོང་གིས་སྐད་ཡིག་ཡར་རྒྱས་གཏོང་དགོས་པའི་བསམ་ཚུལ་ཡོང་གི་ཡོད། ད་དུང་ཁོ་ཚོས་འཁྲིད་གཞིའི་སྐད་ཡིག་སློབ་ཚན་རྣམས་དེ་ཙམ་གལ་ཆེན་མིན་པའམ། ཉོབ་སྣང་ཆེན་པོ་ཚོར་གྱི་ཡོད། དེ་བས་དགེ་རྒན་དང་ཕ་མ་ཚོས་རྒྱུན་དུ་ཐུགས་སྣང་གིས་ཕྲུ་གུའི་སྐད་ཡིག་ཡར་རྒྱས་གཏོང་རྒྱུར་ནུས་པ་མཉམ་སྤུངས་གནང་གལ་ཆེ།

དགེ་རྒན་དང་ཕ་མ་ཚོས་ཕྲུ་གུའི་སྐད་ཡིག་ཡར་རྒྱས་ཡོང་ཐབས་སུ་ནུས་པ་མཉམ་སྤུངས་ཇི་ལྟར་བྱེད་དགོས་སམ་སྙམ་ན། སྐད་ཡིག་འཁྲིད་སྦྱོང་སྐབས་ཤེས་དགོས་པའི་དོན་ཚན་མང་པོ་ཡོད་པ་རྣམས་ངོས་འཛིན་ཐུབ་པ་དགོས། དཔེར་ན།སྐད་ཡིག་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བྱ་ཚིག་དང་། མིང་ཚིག། རྒྱན་ཚིག་སོགས་བེད་སྤྱོད་གཏོང་སྟངས་མི་འདྲ་བ་ཡོད་སྟབས་ངོ་སྤྲོད་བྱེད་དགོས། དཔེར་ན། ཨིན་ཡིག་དང་བོད་ཡིག་ནང་ལ་མིང་ཚིག་དང་རྒྱན་ཚིག་ཚིག་སྒྲུབ་ནང་བེད་སྤྱོད་བྱེད་སྐབས་སྔ་ཕྱི་གོ་རིམ་སྒྲིག་སྟངས་ལ་ཁྱད་པར་ཡོད། དེ་བས་སྦྱོང་གཞིའི་སྐད་ཡིག་ཁྱད་ཆོས་རྣམས་ངོས་འཛིན་ཐུབ་པ་དགོས། སྐད་ཡིག་ཐོག་མར་སྦྱོང་མཁན་ཚོས་བྱ་ཚིག་དུས་གསུམ་བེད་སྤྱོད་གཏོང་སྟངས་ཡག་པོ་ཤེས་ཀྱི་མེད་ལ། ཚིག་སྒྲུབ་བཟོ་པ་དང་སྐད་ཆ་ཤོད་སྐབས་ཚིག་གསར་མང་པོ་དེ་ཙམ་ཤེས་ཀྱི་མེད། དེ་བས་སྐད་ཆ་བཤད་སྐབས་དང་ཉན་སྐབས། ཡི་གེ་འབྲི་སྐབས་བཅས་སུ་དལ་པོ་དང་། སྤུས་ཚད་ལྡན་པ་ཡོང་ཐུབ་ཀྱི་མེད། སྐད་ཡིག་ཤེས་ཚད་འབྲིང་ལ་སོན་པ་ཚོས་བརྡ་སྤྲོད་ཀྱི་སྒྲོམ་གཞི་དང་དུས་གསུམ་སོགས་འགྲོ་སྟངས་སྐད་ཡིག་ཐོག་མར་སྦྱོང་མཁན་ལས་ལེགས་པ་ཡོད་ལ། ཀློག་རྩལ་གང་མཚམས་ཡར་རྒྱས་སོང་ཡོད། གསུམ་པ་སྐད་ཡིག་ཤེས་ཚད་ལེགས་པོ་ཡོད་མཁན་ཚོས་སྦྱོང་གཞིའི་སྐད་ཡིག་ཕ་སྐད་ཤོད་མཁན་ནང་བཞིན་བེད་སྤྱོད་གཏོང་མི་ཐུབ་ནའང་། སྐད་ཡིག་བེད་སྤྱོད་གང་ལེགས་གཏོང་ཐུབ་ཀྱི་ཡོད།

སྐད་ཡིག་སྦྱོང་མཁན་ཤེས་ཚད་མཐོ་དམན་བར་གསུམ་གྱིས་སྐད་ཡིག་སྦྱོང་གཞིའི་ནང་དོན་ནམ་ཁྱད་ཆོས་དེ་དག་ཤེས་པར་འབད་བརྩོན་ག་རེ་བྱེད་དགོས་སམ། སྐད་ཡིག་ཐོག་མར་སྦྱོང་མཁན་ཚོས་ཕ་སྐད་ཤོད་མཁན་ཚོའི་སྐད་ཆར་དོ་སྣང་གིས་ཉན་དགོས་ལ། གོ་རྟོགས་ནུས་རྩལ་སོགས་ཐབས་ལམ་འོས་འཚམས་ཡིན་པ་ཁག་བེད་སྤྱོད་བྱ་དགོས། ད་དུང་ཕན་ཚུན་སྐད་ཆ་ཤོད་དགོས་པ་ལས་བརྡ་སྤྲོད་ཀྱི་འགྲོ་སྟངས་གཅིག་པུ་སྦྱོང་མི་ཉན། གཉིས་པ་སྐད་ཡིག་ཤེས་ཚད་འབྲིང་ལ་སོན་པ་ཚོས་གོ་བརྡ་ཡག་པོ་འཕྲོད་ནའང་། དཀའ་ངལ་འཕྲད་ས་ནི་རྒྱུན་རིང་པོ་ཉན་སྐབས་དོན་དག་མི་གོ་བའི་དཀའ་ངལ་འཕྲད་ཀྱི་ཡོད་ལ། ཚིག་བརྗོད་རིང་པོ་ཉན་སྐབས་ཀྱང་དཀའ་ངལ་འཕྲད་ཀྱི་འདུག ད་དུང་སྒྲ་གདངས་མི་འདྲ་བ་དང་དེ་སྔ་ཐོས་མྱོང་མེད་པའི་སྒྲ་གདངས་ཐོས་སྐབས་ཉན་རྩལ་ཡར་རྒྱས་གཏོང་དགོས་པ་ཚོར་གྱི་ཡོད། བཤད་རྩལ་ཐོག་ལ་སྐད་ཡིག་གཉིས་པ་སྦྱོང་མཁན་ཚོས་སྒྲ་གདངས་ཐོག་ལ་སྐད་ཡིག་དང་པོའམ་ཕ་སྐད་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད། དཔེར་ན། རྒྱ་གར་བས་ཨིན་སྐད་བཤད་པའི་སྒྲ་གདངས་དང་། རྒྱ་མིས་ཨིན་སྐད་བཤད་སྐབས་སྒྲ་གདངས་ལ་ཁྱད་པར་ཕྲན་བུ་ཡོད། འབྲི་རྩལ་ཡར་རྒྱས་འགྲོ་བར་ཐོག་མར་སྦྱོང་གཞིའི་སྐད་ཡིག་ཐོག་ལ་ཡོད་པའི་དེབ་འདྲ་མིན་ཀློག་རྒྱུའི་གོམས་གཤིས་འཇགས་དགོས་ལ། ཉིན་ཐོ་འབྲི་བ་སོགས་སྦྱོང་བརྡར་ཡོད་པ་བྱ་དགོས། གསུམ་པ་སྐད་ཡིག་ཤེས་ཚད་ལེགས་པོ་ཡོད་མཁན་ཚོས་སྐད་ཡིག་སྦྱོང་སྐབས་དོ་སྣང་བྱེད་དགོས་པ་ནི་བཤད་རྩལ་དང་ཉན་རྩལ་ཕ་སྐད་བེད་སྤྱོད་གཏོང་མཁན་ནང་བཞིན་ཡོང་ཐབས་ལ་འབད་བརྩོན་བྱེད་དགོས་པ་དང་། འབྲི་རྩལ་ཐོག་ལ་དུས་གསུམ་འགྲོ་སྟངས་དང་། ཚད་ལྡན་ཡོང་ཐབས་སུ་འབད་བརྩོན་བྱེད་དགོས། བརྡ་སྤྲོད་ཀྱི་འགྲོ་སྟངས་ཡག་པོ་ཡོད་ནའང་། ད་དུང་སྐྱོན་ཆ་ཐོན་གྱི་ཡོད་སྟབས་སྐྱོན་སེལ་ཕྱོགས་སུ་འབད་དགོས་པ་བཅས་སོ།

འབྲེལ་ཡོད་རྩོམ་ཡིག

སྐད་ཡིག་གཉིས་པའི་དགོས་མཁོ། དང་པོ།

སྐད་ཡིག་གཉིས་པའི་དགོས་མཁོ། གཉིས་པ།

སྐད་ཡིག་གཉིས་པའི་དགོས་མཁོ། གསུམ་པ།

སྐད་ཡིག་གཉིས་པའི་དགོས་མཁོ། བཞི་པ།

སྐད་ཡིག་གཉིས་པའི་དགོས་མཁོ། ལྔ་པ།

སྐད་ཡིག་གཉིས་པའི་དགོས་མཁོ། དྲུག་པ།

 

མུ་འགོད།

བསྐྱར་བཅོས།: ༢༠༡༩/༡༢/༡༦

Leave a Reply