ཧོང་ཀོང་གི་དཀའ་རྙོག་མྱུར་དུ་སེལ་དགོས་པའི་བཀའ་བཏང་།

ཧོང་ཀོང་གྲོང་ཁྱེར་སྤྱི་ཁྱབ་མ་ཁེ་རི་ལེམ་ཞི་ཅིན་ཕིན་གཙོས་པའི་རྒྱ་ནག་གི་ཆེས་མཐོའི་མགོ་འཁྲིད་ཚོར་ཧོང་ཀོང་གི་གནས་སྟངས་སྐོར་ཡར་ཞུ་བྱ་ཆེད་པེ་ཅིན་དུ་བསླེབས་ཡོད་འདུག 

དེ་རིང་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤྱི་ཁྱབ་མ་ཁེ་རི་ལེམ་གྱིས་ཞི་ཅིན་པིན་གཙོས་པའི་རྒྱ་ནག་གི་ཆེས་མཐོའི་མགོ་འཁྲིད་ཚོར་ཧོང་ཀོང་གི་གནས་སྟངས་སྐོར་ཡར་ཞུ་བྱ་ཆེད་པེ་ཅིན་དུ་བསླེབས་ཡོད་པ་དང་བསྟུན། དེ་རིང་སྔ་དྲོ་པེ་ཅིན་གྲོང་ཁྱེར་གྱི་མི་མང་ཚོགས་ཁང་ཆེན་མོའི་ནང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་(Li Keqiang) དང་ཐུག་འཕྲད་བྱས་ཡོད་པ་དང་། ལི་ཁེ་ཆང་གིས་པེ་ཅིན་གཞུང་གིས་ཧོང་ཀོང་གཞུང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་། ད་ལྟ་ཧོང་ཀོང་ནང་མུ་མཐུད་འབྱུང་བཞིན་པའི་ཟིང་འཁྲུག་དང་འཚེ་བའི་བྱ་འགུལ་དག་མཚམས་འཇོག་ཏུ་བཅུག་དགོས་སྐོར་བཀའ་བཏང་ཡོད་པ་དང་། དེ་རིང་ཉིན་རྒྱབ་སྤྱི་ཁྱབ་མས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཐུག་འཕྲད་བྱ་འཆར་ཡོད་འདུག

ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་ནག་གི་སྲིད་བློན་གཞོན་པ་ཧན་ཁྲེང་(Han Zheng) དང་། ཧོང་ཀོང་དུ་རྟེན་གཞི་བྱས་པའི་རྒྱ་ནག་འབྲེལ་མཐུད་ཁང་གི་འགན་འཛིན་ཝང་ཀྲི་མིན་ (Wang Zhimin)། གཞན་ཡང་ཧོང་ཀོང་དང་ཨོ་མིན་ལས་དོན་ཁང་གི་འཛན་འཛིན་ཀྲང་ཞོ་མིན་ (Zhang Xiaoming) བཅས་ཡང་འཛོམས་ཡོད་པ་དང་། ཚོགས་འདུའི་སྟེང་སྲིད་བློན་ལི་ཁེ་ཆང་གིས་སྤྱི་ཁྱབ་མ་ཁེ་རི་ལེམ་ལ། དབུས་གཞུང་ངོས་ནས་ཁྱེད་དང་ཧོང་ཀོང་གྲོང་ཁྱེར་གཞུང་གིས་རྩོལ་བ་བྱས་པ་དེར་ངོས་འཛིན་ཞུ་ཡི་ཡོད། འོན་ཀྱང་ཧོང་ཀོང་ད་དུང་དཀའ་ངལ་ནང་ལྷུང་ཡོད་སྟབས། ཧོང་ཀོང་གཞུང་གིས་ཁྲིམས་སྒྲིག་གཞིར་བཟུང་གྲོང་ཁྱེར་ནང་འཚེ་བའི་བྱ་འགུལ་དང་ཟིང་ཆ་རིགས་མཚམས་འཇོག་ཡོང་རྒྱུར་འབད་བརྩོན་བྱས་ཏེ་སྤྱི་ཚོགས་འགྲིག་ལམ་བསྐྱར་གསོ་བྱ་དགོས། ཅེས་བརྗོད་འདུག

ཡང་ཁོས་མུ་མཐུད་ཧོང་ཀོང་གཞུང་གིས་གྲོང་ཁྱེར་གྱི་གཏིང་ལ་ཟུགས་པའི་དཀའ་རྙོག་དང་། སྤྱི་ཚོགས་དཔལ་འབྱོར་ཡར་རྒྱས་ཀྱི་དཀའ་ངལ་རིགས་ལ་ཛ་དྲག་གིས་རྟོག་ཞིབ་བྱས་ཏེ། ཧོང་ཀོང་གི་ཕུགས་རྒྱང་རིང་པོའི་གོང་འཕེལ་དང་བརྟན་བརླིང་སྲུང་སྐྱོབ་བྱ་དགོས། ཅེས་དང་། ཧོང་ཀོང་གི་དམངས་གཙོའི་གཞུང་རྒོལ་ལས་འགུལ་གྱིས་དཔལ་འབྱོར་ལ་དོ་ཕོག་ཇི་བཏང་གི་སྐོར་ནས་ཁོས། ཧོང་ཀོང་གི་དཔལ་འབྱོར་ཚན་པ་མང་པོར་དོ་ཕོག་ཤུགས་ཆེར་ཐེབས་ཏེ། ཧོང་ཀོང་གི་སྤྱི་ཡོངས་དཔལ་འབྱོར་གནས་བབ་ལ་གནོན་འཚེ་ཤུགས་ཆེན་ཕོག་ཡོད། ང་ཚོས་ད་ལྟ་ཧོང་ཀོང་གྲོང་ཁྱེར་དེ་ཉིད་བརྗོད་མི་ཐུབ་པའི་གནས་སྟངས་ཛ་དྲག་པོ་ཞིག་ལ་འཕྲད་ཡོད་པ་བཤད་ཐུབ་ཡོད་སྐོར་སོགས་བརྗོད་ཡོད་ཀྱང་། ཧོང་ཀོང་གྲོང་ཁྱེར་སྤྱི་ཁྱབ་མས་ད་ལྟའི་ཆར་ཧོང་ཀོང་གི་གནས་སྟངས་དེ་སྔར་མུས་བཞིན་ཛ་དྲག་པོ་ཡིན་པ་དང་། དཔལ་འབྱོར་གནས་བབ་ལ་དོ་ཕོག་ཤུགས་ཆེར་ཐེབས་བཞིན་པ་དེ་གཙོ་བོ་ཨ་རྒྱའི་ཚོང་དམག་གི་རྐྱེན་པས་ཡིན་སྐོར་བརྗོད་ཡོད་འདུག

གྲོང་ཁྱེར་སྤྱི་ཁྱབ་མས་ཧོང་ཀོང་ནང་དམངས་གཙོའི་གཞུང་རྒོལ་ལས་འགུལ་བྱུང་ནས་རྒྱ་ནག་དབུས་གཞུང་གི་མཐོ་རིམ་དཔོན་རིགས་དང་ཐུག་འཕྲད་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༩ པའི་ནང་སྤྱི་ཁྱབ་མ་ཁེ་རི་ལེམ་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་དང་ཐུག་འཕྲད་བྱས་ཡོད་པ་དང་། སྐབས་དེར་ཞི་ཅིན་ཕིན་གྱིས་ཀྱང་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་གཞུང་གི་གནས་སྟངས་ཞི་འཇགས་བྱེད་ཐབས་དེར་རྒྱབ་སྐྱོར་ཡོད་པ་དང་། ཁེ་རི་ལེམ་གྱིས་གང་མགྱོགས་ཧོང་ཀོང་ནང་གི་ངོ་རྒོལ་ལས་འགུལ་དེ་མཚམས་འཇོག་ཡོང་རྒྱུར་གཞོལ་ཏེ་སྤྱི་ཚོགས་ཀྱི་བརྟན་བརླིང་ཉེན་སྲུང་བྱ་དགོས་སྐོར་བཀའ་བཏང་ཡོད་ན་ཡང་། འདས་པའི་ཟླ་བ་ ༦ རིང་ཧོང་ཀོང་ནང་མུ་མཐུད་གཞུང་རྒོལ་ལས་འགུལ་བསྟུན་མར་བྱུང་ཡོད་པ་རེད།

སྲིད་དོན་དབྱེ་ཞིབ་པ་ཚོས་ཐེངས་འདིའི་ཐུག་འཕྲད་དེ་སྤྱིར་བཏང་བ་ཞིག་མིན་པར། ཕལ་ཆེར་ཉེ་ཆར་ཧོང་ཀོང་གི་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུའི་ནང་། རྒྱ་ནག་གཞུང་གི་ཕྱོགས་གཏོགས་སྲིད་དོན་ཚོགས་པར་ཕམ་ཁ་ཆེན་པོ་བྱུང་ཡོད་པ་དང་། དམངས་གཙོ་དོན་གཉེར་བའི་ཚོགས་པ་ལ་ཁག་ལ་སྔར་བྱུང་མ་མྱོང་བའི་རྒྱལ་ཁ་ཆེན་པོ་ཐོབ་སྟེ། ད་ལྟ་གྲོང་སྡེ་ལྷན་ཚོགས་ཙམ་དུ་མ་ཟད་ཧོང་ཀོང་གི་སྤྱི་ཁྱབ་འདེམས་སྒྲུག་ཚོགས་ཆུང་དང་། ཁྲིམས་བཟོ་ལྷན་ཚོགས་ཁོངས་སུ་ཡང་དམངས་གཙོ་དོན་གཉེར་བའི་ཤུགས་རྐྱེན་ཇེ་ཆེར་འགྱུར་ངེས་པ་ལྟ་བུ་ཡིན་པའི་གནས་སྟངས་སོགས་ཀྱི་ཐོག་ལ་གླེང་སློང་བྱ་ཆེད་དང་། གཞན་ཡང་དམངས་གཙོའི་གཞུང་རྒོལ་ལས་འགུལ་གྱིས་འདས་པའི་ལོ་གྲངས་ ༡༠ ནང་བྱུང་མ་མྱོང་བའི་ཧོང་ཀོང་གི་སྤྱི་ཡོངས་དཔལ་འབྱོར་ཉམས་རྒུད་ཀྱི་ཛ་དྲག་གནས་སྟངས་དང་འབྲེལ་བའི་སྐོར་ཡར་ཞུ་དང་གྲོས་བསྡུར་བྱ་ཆེད་ཡིན་སྐོར་སོགས་ཚོད་དཔག་བྱེད་ཀྱི་ཡོད་འདུག

སྤྱིར་ད་ལྟའི་ཆར་ཟླ་བ་སྔོན་མ་དག་དང་བསྡུར་ན་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་ཤོག་ཁག་ལ་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུའི་ནང་རྒྱལ་ཁབ་ཆེན་པ་ཐོབ་པར་བརྟེན། ཧོང་ཀོང་གི་གཞུང་རྒོལ་ལས་འགུལ་ཅུང་ཞི་འཇགས་ལྟ་བུ་ཆགས་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༨ ཉིན་སྟེ་ཧོང་ཀོང་གི་གཞུང་རྒོལ་ལས་འགུལ་མགོ་བརྩམས་ནས་ཟླ་བ་ ༦ ཏག་ཏག་འཁོར་བའི་སྔ་ཉིན། ཧོང་ཀོང་གྲོང་ཁྱེར་གྱི་ལྟེ་བར་ཐེངས་དང་པོར་ཉེན་རྟོག་རུ་ཁག་གི་ཆོག་མཆན་ཡོད་པའི་ཐོག་ནས་མི་མང་འབུམ་བརྒྱད་ལྷག་གིས་ཞི་བའི་སྒོ་ནས་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་དང་། ཁ་སང་ས་ཁུལ་འགའ་ཤས་ནང་ངོ་རྒོལ་བ་སྐོར་ཞིག་གིས་རྒྱ་ནག་གི་ཕྱོགས་གཏོགས་ཡིན་པར་གྲགས་པའི་ཚོང་ཁང་དང་ཁྲོམ་རའི་སྦྱིན་བདག་སོགས་དམིགས་ཏེ། ཚོང་ཁང་དང་ཟ་ཁང་སོགས་གཏོར་བཅོམ་བཏང་བའི་གནས་ཚུལ་ཕྲན་བུ་བྱུང་ཡོད་པ་རེད། གཞན་ཉེ་ཆར་ཨ་རིས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་གྱི་ཚུལ་དུ་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་ཡིག་ཅིག་གཏན་འབེབ་བྱས་ཡོད་པ་མ་ཟད། ཧོང་ཀོང་དང་ཤར་ཊུར་ཀི་སི་ཐན་(ཤིན་ཅང་) གྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་མ་ཟད། ཕྱོགས་གཞན་ནས་ཨ་རྒྱའི་ཚོང་དམག་གི་རྐྱེན་པས། ད་ལྟའི་ཆར་རྒྱ་ནག་དེ་ཕྱོགས་མང་པོ་ཞིག་ནས་བཟོད་ཐབས་མེད་པའི་གནོན་ཤུགས་ཀྱིས་མནན་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༦ ཚེས་ ༩ ཉིན་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་གཙོས་པའི་མི་མང་ས་ཡ་ ༣ ལྷག་གིས་གཞུང་རྒོལ་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་མགོ་བརྩམས་ཏེ། ད་བར་མཚམས་མ་ཆད་པར་མུ་མཐུད་སྤེལ་མུས་ཡིན་པ་དང་། གཞུང་རྒོལ་ལས་འགུལ་འདིའི་ཐོག་མའི་རེ་འདུན་ལྟར་ཧོང་ཀོང་གཞུང་གིས་ལས་འགུལ་བའི་ཁྲིམས་འཆར་དེ་གཏན་དུ་ཕྱིར་འཐེན་བྱས་ཟིན་ཡང་། ལས་འགུལ་བའི་རེ་འདུན་དོན་ཚན་ལྷག་འཕྲོ་བཞི་སྟེ། ཉེན་རྟོག་པས་ལས་འགུལ་བའི་ཐོག་ལ་དྲག་པོའི་ཐབས་ལམ་སྤྱོད་པ་དང་ཚུལ་མིན་གྱི་བྱ་སྤྱོད་ལ་རང་དབང་གི་རྟོག་ཞིབ་ཚུགས་དགོས་པ་དང་། གཞུང་གིས་ངོ་རྒོལ་ལས་འགུལ་བར་ཟིང་འཁྲུག་སློང་མཁན་(rioter)ཞེས་ངོས་འཛིན་བྱས་པ་དེ་ཕྱིར་འཐེན་དགོས་པ། ད་བར་ངོ་རྒོལ་ལས་འགུལ་གྱི་རྐྱེན་པས་འཛིན་བཟུང་བྱས་པའི་མི་རྣམས་ཀློད་གྲོལ་དགོས་པ། ལོ་ན་ ༡༨ ཡན་ཆོད་ཚང་མར་ཧོང་ཀོང་གི་སྤྱི་ཁྱབ་མ་དང་ཁྲིམས་བཟོ་ལྷན་ཚོགས་(Legislative Council)ཀྱི་འཐུས་མི་འོས་འདེམས་བྱ་རྒྱུའི་ཐོབ་ཐང་སྤྲོད་དགོས་པ། བཅས་ལ་ད་དུང་བརྡ་ལན་གསལ་པོ་སྤྲད་མེད་པར་བརྟེན། དམངས་གཙོའི་ལས་འགུལ་བ་རྣམས་ཀྱིས་རེ་འདུན་དོན་ཚན་བཞི་དེ་མ་བསྒྲུབ་བར་དུ་ངོ་རྒོལ་མཚམས་འཇོག་བྱ་རྒྱུ་མིན་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༢/༡༦

Leave a Reply