ཝང་ཡེ་རྒྱ་གར་ནང་ཡོང་གྲབས་ཡོད་འདུག

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་ཟེར་བ་བསྐྱར་དུ་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་དང་ཚོང་འབྲེལ་གྲོས་མོལ་ཆེད་རྒྱ་གར་དུ་ཡོང་འཆར་ཡོད་འདུག 

དེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་མཇུག་ཙམ་ལ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་ཟེར་བ་རྒྱ་གར་ནང་ཡོང་འཆར་ཡོད་པ་དང་། ཐེངས་འདིར་ཁོ་རྒྱ་གར་ནང་ཡོང་དོན་འདི་ལོའི་ཕྱི་ཟླ་ ༡༡ པའི་ནང་རྒྱ་གར་ཏ་མིལ་ན་དྷུ་མངའ་སྡེའི་གྲོང་ཁྱེར་མཱ་མཱ་ལཱ་པུ་རམ་(Mamallapuram)ནང་རྒྱ་གར་གྱི་སྲིད་བློན་མུ་དྷི་དང་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་གཉིས་ཀྱི་ཐུག་འཕྲད་སྐབས་བྱུང་བའི་གྲོས་ཆོད་ལག་བསྟར་བྱེད་ཕྱོགས་ལ་བསྐྱར་ཞིབ་དང་། རྒྱ་དཀར་ནག་གཉིས་དབར་ས་ཁྱོན་ཀེ་ལོ་མེ་ཊར་ ༣༤༨༨ ལྷག་ཡོད་པའི་སྐོར་གྲོས་མོལ་ཆེད་ཡིན་སྐོར་བརྗོད་འདུག

ད་ལྟའི་ཆར་ཞི་ཅིན་ཕིན་དང་མུ་དྷི་གཉིས་ཀྱི་ནང་མོལ་ཐུག་འཕྲད་ས་ཆ་གང་དང་ག་དུས་ཤིག་ལ་ཡིན་པའི་གནས་ཚུལ་ཁ་གསལ་མེད་པ་མ་ཟད། ཕྱི་སྲིད་བློན་ཝང་ཡེ་རྒྱ་གར་ནང་ཡོང་ཉིན་གསལ་བོར་བསྒྲགས་མེད་ན་ཡང་། གནད་དོན་དེའི་ཐད་རྒྱ་གར་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་པ་ཙི་ཝེ་ཏོན་(Sun Weidong)ཟེར་བས། ཞི་དང་མུ་དྷི་གཉིས་ཀྱི་ཐག་གཅོད་བྱས་པ་ལྟར། མཉམ་ལས་ཚོང་འབྲེལ་དང་མ་འཛུགས་གོང་སྤེལ་སྔར་ལྷག་ལག་བསྟར་གཏོང་སླད་རྒྱ་དཀར་ནག་གཉིས་བར་གྲོས་མོལ་འགྲོ་བཞིན་པ་ཡིན་སྐོར་བརྗོད་ཡོད་འདུག

རྒྱ་དཀར་ནག་གཉིས་ནི་མི་མང་དུང་ཕྱུར་ལྷག་ལྡན་ཞིང་དཔལ་འབྱོར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཉིས་ཡིན་པས། རྒྱ་དཀར་ནག་གི་འབྲེལ་ལམ་ནི་མཉམ་ལས་ཙམ་མ་ཡིན་པར་གོ་ལའི་བདེ་སྡུག་དང་དམག་དོན་སོགས་ཀྱི་གལ་གནད་ཡིན། རྒྱལ་ཁབ་གཉིས་ཀྱི་ངོས་ནས་སོ་སོའི་འཕེལ་རྒྱས་དང་འཚར་ལོངས་ཀྱི་བརྒྱུད་རིམ་ཤེས་རྒྱུ་ནི་གོ་སྐབས་གལ་ཆེན་ཞིག་ཡིན་པ་དང་། རྒྱ་དཀར་ནག་གི་འཕེལ་རྒྱས་ཀྱིས་འཛམ་གླིང་ནང་བརྟན་བརླིང་དང་བཟང་ཕྱོགས་ཀྱི་ནུས་པ་འདོན་ཐུབ་ཀྱི་ཡོད། ཅེས་བརྗོད་ཡོད་འདུག

ཝང་ཡེ་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༩ ནས་ ༡༠ དབར་ཉིན་གྲངས་ ༢ རིང་རྒྱ་གར་ནང་ཡོང་གཏན་འཁེལ་ཡོད་ཀྱང་། རྒྱ་གར་གཞུང་གིས་སྐབས་དེར་ཐུག་འཕྲད་ཕྱིར་འགྱངས་བྱས་ཡོད་པ་དང་། དེའི་རྒྱུ་མཚན་ཁོ་རྒྱ་གར་ནང་མ་ཡོང་སྔོན་པ་ཀི་སི་ཐན་བརྒྱུད་རྒྱ་གར་ནང་འགྲོ་ཞོར་དུ་ཡོང་གི་ཡོད་པའི་རྣམ་པ་སྟོན་ཐབས་བྱས་པས།  རྒྱ་གར་ཕྱོགས་ནས་དུས་ཚོད་ཀྱི་བྲེལ་བ་ཡིན་སྐོར་བརྗོད་དེ་ཐུག་འཕྲད་ཕྱིར་འགྱངས་བྱས་ཡོད་པ་རེད།

སྲིད་དོན་དཔྱད་བརྗོད་པ་ཚོས་ཐེངས་འདིའི་ནང་མོལ་ཐུག་འཕྲད་གཉིས་པའི་ནང་། རྒྱ་དཀར་ནག་གཉིས་ནས་ཚོང་དང་མ་འཛུགས་ཀྱི་འབྲེལ་ལམ་གཏིང་ཟབ་ཏུ་གཏོང་རྒྱུ་དང་། རྒྱལ་སྲུང་དང་བདེ་འཇགས་ཀྱི་མཉམ་ལས། དེ་བཞིན་ཕྱོགས་གཉིས་དབར་ཡིད་ཆེས་དང་གདེང་ཚོད་ཡོང་ཐུབ་ཐབས་སོགས་ཀྱི་སྐོར་ལ་གྲོས་མོལ་བྱེད་སྲིད་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༢/༡༦

Leave a Reply